ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་གཉིས་པའི་དུས་ཆེན་ཉིན་མོར་རྒྱལ་བ་གཉིས་པ་ལྟ་བུའི་བླ་རྒན་ཞིག་དྲན་པ།

རྩོམ་པ་པོ། ཞུ་ཚང་བ།

      དེ་རིང་ནི་བོན་གྱི་རྒྱལ་བ་གཉིས་པ་མཆོག་སྐུ་འཁྲུངས་པའི་དུས་ཆེན་ཡིན་པས། མང་ཤས་ལྟར་གྱི་རྒྱལ་བ་གཉིས་པ་མཆོག་ལ་བཀའ་དྲིན་དྲན་པའི་བསྟོད་ཚིག་རེ་འབུལ་བར་འདོད་ཀྱང་། ངས་རྒྱལ་བ་གཉིས་པ་མཆོག་དྲན་ཐེངས་རེར་ངེད་ཚོའི་མིག་མདུན་དུ་བཞུགས་བཞིན་པའི་བླ་རྒན་ཞིག་དྲན་འོང་། བླ་རྒན་དེས་དགུང་གྲངས་དགུ་བཅུའི་ཡར་ནང་དུ་བརྒལ་ཟིན་ཀྱང་། ད་དུང་དབུ་སེ་རི་ལེ། ཞལ་འཛུམ་ཆིལ་ལེའི་ངང་ནས་བསྟན་འགྲོའི་དོན་དུ་མཛད་ཕྲིན་སྐྱོང་བཞིན་ཡོད། དེ་ནི་རྒྱལ་བ་སྨན་རི་བའི་ཡོངས་འཛིན་མཆོག་རེད། རིན་པོ་ཆེ་མཆོག་ད་རུང་ཡང་ངེད་ཚོའི་མིག་མདུན་དུ་མཇལ་ཆོག་ཆོག་དང་དྲན་བདེ་མོའི་ངང་ནས་རྒྱལ་བ་མཉམ་མེད་སྐུ་ཤ་རློན་པ་རུ་བཞུགས་པ་ལྟར་ཡོད་དུས། བདག་སེམས་ལ་དད་པའི་སྤྲོ་བ་ཞིག་ངང་གིས་འཕེལ་ཡོང་།


    ང་རང་ནི་སློབ་གཉེར་བ་ཞིག་ཡིན་ཁུལ་བགྱིས་པས། ངས་སློབ་ལ་བརྩོན་པའི་དཀའ་ཚེགས་རེ་རེའི་ནང་དུ་ཁོང་ཉིད་དབུ་ལོ་དཀར་པོ་ཅན་ཞིག་ཅི་ལྟར་གྱུར་པ་ཡིན་ནམ་སྙམ། ཁོང་གི་དབུ་ལོ་དཀར་པོ་དེ་དག་ལོ་ཟླའི་འགྲོས་ལས་བྱུང་བ་མིན་པར། ཐོས་བསམ་དང་མཛད་ཕྲིན་ལས་བྱུང་བ་ལོས་ཤེས། གོ་ཐོས་ལྟར་ན། ཁོང་གིས་འདི་ལྟར་གསུངས། “ང་རང་ཆུང་བྱིས་པའི་དུས་ཀྱི་ཁ་ལྕེ་འཁྲོས་ཙམ་ནས། ད་ལྟ་སྐྲ་ལོ་དཀར་པོ་དཀར་རྐྱང་དུ་མ་གྱུར་བར་དུ་ཐོས་བསམ་བྱེད་རྒྱུ་ཉིན་གཅིག་མཚམས་འཇོག་མ་མྱོང་ཡང་། ད་རུང་མཐར་ཐུག་པ་གཅིག་ཀྱང་མ་བྱུང”ཞེས་གསུངས། རིན་པོ་ཆེ། ངས་འདི་ལ་བསམ་བློ་ཡང་ཡང་བཏང་དུས། ཁྱེད་ཀྱི་ཐུགས་རྒྱུད་ལ་མཐའ་མེད་པའི་རིག་གཞུང་སྟེ། རྒྱ་མཚོ་ལས་ཀྱང་ཁ་གཏིང་ཟབ་ལ་ས་གཞི་ལས་ཀྱང་གཞི་རྒྱ་ཆེ་བའི་ཤེས་ཡོན་གྱི་སྣེ་ཁ་མི་འདྲ་བ་འདི་ཙམ་ཞིག་མངའ་བར་ཧ་ལས་ཧོན་འཐོར་མཁན་ཅི་འདྲའི་མང་པོ་ཞིག་ཡོད་ན་སྙམ། ལྷག་དོན་ཉིད་ཀྱི་ཞལ་གདམས་འདི་དག་གིས་གངས་ཅན་བོད་ཀྱི་རིག་མཛོད་དྲུང་མུ་གྱེར་གྱི་ཁ་གཏིང་དང་ཟབ་ཚད་ཀྱི་རང་གཤིས་ལ་སྡོམ་ཚིག་གནང་བ་ཞིག་ཀྱང་ལོས་ཡིན།


 དེ་ཡང་ཡིན་སྟེ། སྐྱ་ཆད་སྔོ་སྡུག་གི་ལོ་ཟླའི་ཁྲོད་ནས། གསོལ་གྲོད་ལོང་ལ་འབྱར་བཞིན་གོས་ཧྲུལ་ཐེབས་ཆག་ཅིག་གསོལ་ནས། ཉིན་མོ་ཁ་ཆར་དང་ལྷགས་རླུང་ཁྲོད་ཐོས་བསམ་བྱས། མཚན་མོ་སྤོས་ཐུར་གྱི་མེ་འོད་ལ་བརྟེན་ནས་དཔེ་ཆར་གཟིགས། ནང་ནུབ་ཀྱི་གསོལ་ཟས་ཙམ་གྲལ་མ་འགྲིག་ཀྱང་ལོ་ཟླ་མང་པོའི་རིང་སྐད་ཅིག་ཙམ་གྱི་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་ཐོས་བསམ་ཁོ་ནར་མཛད། དེ་ནི་གང་ཉིད་ཀྱིས་རྗེས་འཇུག་པ་ངེད་ཚོར་བཞག་པའི་གསུང་འབུམ་པོ་ཏི་མང་པོའི་བདག་རྐྱེན་ཡིན། དེ་ནི་ཁྱེད་ཀྱིས་བརྒྱ་ཚོགས་སྟོང་འདུས་ཀྱི་མཁས་པའི་དབུས་སུ། གངས་རིའི་ཚིག་མཛོད་ཆེན་མོ་ཞེས་པའི་མཚན་སྙན་གྱི་ཅོ་པན་འཆང་བའི་ས་བོན་ཡིན། དེ་ལྟར་རིན་པོ་མཆོག་གིས། ཐོས་བསམ་གྱི་དཀའ་སྤྱད་སྙིང་རུས་འདི་དག་ལ་བསམ་ཚེ་ངེད་ཚོར་སློབ་གཉེར་གྱི་དཀའ་ཚེགས་ཅི་ཞིག་ཡོད་དམ།  
 
  དྲང་པོར་བཤད་ན། ང་ཚོ་ནི་དུས་རབས་གསར་པའི་ཁྲོད་དུ། རྒྱལ་པོའི་རྒྱས་སྲས་དང་། ཕྱུགས་པོའི་གཅེས་ཕྲུག་བཞིན་ཟ་དགའ་ཉལ་སྐྱིད་ཀྱི་ངང་ནས་གནས་ཡོད། ཕ་མ་དང་ཉེ་རིང་། དགེ་རྒན་དང་ལས་འཛིན་རྣམས་ཀྱིས་གཡས་སྐྱོར་གཡོན་སྐྱོར་གྱི་ངང་ནས། སློབ་གཉེར་བ་ཞིག་གི་ཆ་རྐྱེན་སྟེ། དགེ་རྒན་དང་སློབ་གླིང་། སྦྱང་བྱའི་དཔེ་ཆ། ཟས་གོས་དང་ཁང་ཁྱིམ་གྱི་དཀའ་ཚེགས་ཅི་ཡང་མེད་པར་འབེལ་འབེལ་ལྷུག་ལྷུག་གིས་འཚོས་ཡོད་པ་མིན་ནམ། དེ་ལྟར་ཡིན་པས་ང་ཚོ་ལ་སློབ་སྦྱོང་གི་དཀའ་ཚེགས་ཟེར་བ་ནི། ཟ་དགའ་ཉལ་སྐྱིད་ཀྱིས་སློབ་གཉེར་ལ་བརྩོན་པ་བྱེད་མི་ནུས་པ་དེ་ལས་གཞན་ཞིག་མི་སྲིད་པས་ཡིན།
 
  ད་དུང་ག་ལ་ཚད། དུས་འགྱུར་གྱི་རླུང་ནག་འཚུབ་མའི་བར་གསེང་ནས། སྐུ་སྲོག་འབེན་དུ་བཙུགས་ཏེ་སྐུ་ལས་དང་འོ་བརྒྱལ། ཐ་ན་སྐུ་ལུས་ལ་རྨས་སྐྱོན་བྱུང་སྟེ་སྐུ་སྲོག་ཡན་ཆད་པའི་ཉེན་ཁར་འཕྲད་པ་བགྲང་གིས་མི་ལོང་ཡང་། ད་དུང་བཟོད་པའི་གོ་ཆ་གྱོན་བཞིན་ཕྱིར་བསྣུར་སོར་གང་ལྷོད་མ་མྱོང་། དེ་ནི། གང་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་ཆེད་དུ་ཅི་ཡང་བློས་གཏོང་ནུས་པའི་དོན་དམ་གྱི་དཔའ་བོའི་རང་གཤིས་གསོན་པོ་དེ་ཉིད་རྗེན་སྟོན་དུ་བྱས་ཡོད། དེ་ནི་གང་ཉིད་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཅིག་ཡིན་པའི་འགན་འཁྲི་ཕྲག་ཏུ་བླངས་ཡོད།
 
   མི་རིགས་དང་སྐད་ལུགས་སྣ་རེ་མི་གཅིག་པའི་གཞན་ཡུལ་ནས། བྱེས་འབྱོར་བོན་འབངས་མང་པོའི་སྣེ་ཁྲིད་བྱས་ཏེ། ཕ་མེད་མ་མེད་ཀྱི་དྭ་ཕྲུག་དང་། རོགས་མེད་ཁེར་རྐྱང་གི་གྲྭ་རྒན་རེ་འགས་འཁོར་དུ་བསྐོར་སྟེ། གཤེན་བསྟན་གྱི་མེ་རོ་སློང་ཨེ་ཐུབ་གནང་དུས་ཁྱེད་ལ་སྔར་དང་འདྲ་བར། འཕྲག་དོག་གི་གཉའ་གནོན་དང་། དྲང་བདེན་ལ་བཤུ་བཞོག་མང་དུ་ཐེབ་མྱོང་། འོན་ཀྱང་། ཕམ་ཁ་ཅི་ལྟར་འཕྲད་ཀྱང་བསྟན་འགྲོའི་དོན་དུ་སེར་པོ་གསེར་ལྟར་མངའ་བའི་ཐུགས་སྤོབས་ལ་འགྱུར་བ་ཙམ་མ་བྱུང་བར། བོན་དར་མཐའ་ནས་དར་བའི་མཛད་ཕྲིན་གྱི་འཁོར་ལོ་དར་ཞིང་རྒྱས་པ་ནི། དོན་དམ་གྱི་བླ་མ་དམ་པའི་རྣམ་ཐར་བཞེངས་བཀོད་གནང་ཡོད། དེ་ནི་ངས་རྒྱལ་བ་མཉམ་མེད་པའི་དུས་ཆེན་ཉིན་མོར་ཁྱེད་ཉིད་དྲན་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན།
 
   སྐབས་རེར་ངས་ཁྱེད་ཉིད་དྲན་དུས་རྒྱལ་བ་མཉམ་མེད་པ་ཡིད་ལ་འཁོར་ཡོང་ཞིང་། ཁོང་ཡང་བླ་རྒན་ཁྱེད་དང་འདྲ་བར་ཕྱི་སོ་ཐར་གྱི་བསླབ་པས་རྒྱུད་སྦྱོང་། ནང་རིམ་གཉིས་ཀྱི་ལྟ་བས་གྲོགས་བཙལ། བློ་ཕུགས་བླ་མེད་རྫོགས་པ་ཆེན་པོར་བསྟིམ་ཞིང་། བསྟན་འགྲོའི་དོན་དུ་འོ་མི་བརྒྱལ་བར། གཙང་བྱེ་མའི་ཡུལ་དུ་དཀའ་ལས་དང་སྐུ་ཚེགས་མྱོང་བཞིན་པའི་བླ་རྒན་དཀྱུས་མ་ཞིག་ལས། བར་སྣང་གི་སྤྲིན་གསེབ་ཁྲོད་ནས་ས་ལ་འབབ་ཏུ་མི་གཏུབ་པའི་ལྡོང་བདོའི་པིར་སྨྱུག་གིས་བཞེངས་པའི་ལྷ་ཡི་ཆ་བྱད་ཅན་ཞིག་ཡིན་པ་མི་དྲན།


 འདི་ལྟར་མང་ཤས་ཤིག་གིས་ཁྱེད་ཉིད་དྲན་དུས་རྒྱལ་བ་མཉམ་མེད་ཆེན་མོ་ཡིད་ལ་འཁོར་ཡོང་ཞིང་། རྒྱལ་བ་མཉམ་མེད་ཆེན་མོ་དྲན་དུས་ཁྱེད་ཉིད་ཡིད་ལ་འཁོར་ཡོང་བ་ལྟར། བླ་རྒན་ཁྱེད་གཉིས་ངོ་བོ་གཅིག་པ་རུ་ཅི་ལྟར་གྱུར་པ་ཡིན། དེ་ནི་དུས་རབས་དང་ལོ་རབས་སྔ་ཕྱིའི་ཁྱད་པར་ལས། གང་ཉིད་ཀྱི་མཛད་པ་ཕྲིན་ལས་ཡོད་ཚད་རྒྱལ་བ་མཉམ་མེད་པའི་ཐུགས་དགོངས་དང་ལོགས་སུ་མ་སོང་བས་ལོས་ཡིན། ཁྱེད་ཉིད་རྒྱལ་བ་མཉམ་མེད་ཆེན་མོའི་རྗེས་སུ་ཕེབས་པ་ལྟར། དུས་འདིར། གང་ཉིད་ཀྱི་སློབ་མ་དང་རྗེས་འཇུག་པ་ཚོའི་ཁྲོད་ནས། ཁྱེད་རང་ཡིད་ལ་དྲན་པའི་བདག་རྐྱེན་དུ། ཁྱེད་རང་ལྟ་བུའི་སྐྱེས་བུ་ཞིག་འབྱུང་བའི་རེ་སྨོན་དང་ཡིད་ཆེས་ཀྱི་ཀློང་ནས་བདག་སེམས་འོད་ཀྱིས་ཁེངས་ནས་ཡོད།  ༢༠༡༨/༢/༢༠ཉིན།

(མ་རྩོམ་ཡོང་ཁུངས། ཞུ་ཚང་བའི་འཕྲིན་སྟེགས།)

91101cookie-checkརྒྱལ་བ་གཉིས་པའི་དུས་ཆེན་ཉིན་མོར་རྒྱལ་བ་གཉིས་པ་ལྟ་བུའི་བླ་རྒན་ཞིག་དྲན་པ།
(སྤྱིའི་གཟིགས་གྲངས། 213 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།