ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཆོག་གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཞབས་སོར་བཀོད་པའི་གསར་གནས།

 

 

 

 

 

 

ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་ཆེན་མོ་མཆོག་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༢ པའི་ཚེས་ ༤ ཉིན་འདི་ག་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་རུ་ཞབས་སོར་བདེ་བར་བཀོད་གནང་ཡོད། དེ་ཡང་ཚེས་༣ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཁོར་ཡུག་གཙང་བཟོ་དང་། ཕེབས་བསུའི་རྒྱ་སྒོ་སོགས་ཀྱི་གྲྭ་བསྒྲིགས་གང་གཟབ་བྱས་ཤིང་།

 

བདག་སོགས་བསོད་ནམས་ཚོགས་ཀྱི་མཆོད་སྡོང་དུ།།

གླིང་འདིར་ཞབས་ཟུང་མངོན་པར་ཕྱོགས་པ་ཡི།།

བསྐལ་བཟང་དུས་ཀྱི་ཟླ་གཞོན་ཤར་བའི་མོད།།

སྒོ་གསུམ་པད་ཕྱག་ཟླུམ་སྟེ་བསུ་བ་ཞུ།།

 

ཞེས་རྒྱ་སྒོའི་ཕེབས་བྱང་ཏུ་བཀོད། ཚེས་ ༤ ཉིན་མོར་ཞོགས་པ་གྲྭ་བཙུན་རྣམས་ནས་འཆད་རར་བཀྲ་ཤིསརྟགས་ཀྱི་རི་མོ་དང་ཕེབས་བསུའི་སེར་ཕྲེང་གི་གྲ་སྒྲིག་རྒྱས་པར་བྱས། དེ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་སྟོན་འཁོར་རྣམས་མཁའ་ལམ་བརྒྱུད་དེ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་གནམ་ཐང་དུ་ཆུ་ཚོད་༡༡ཙམ་ལ་ཕེབས་གྲུབ་པ་དང་ཁྲི་བརྟན་ནོར་བུ་རྩེ་ནས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས། གྲྭ་ཚང་བླ་མ་དགེ་བཤེས་བསྟན་འཛིན་བློ་གྲོས། བལ་ཡུལ་བོན་པོ་ཚོགས་པའི་ཚོགས་གཞོན་དགེ་བཤེས་ཚུལ་ཁྲིམས་རྣམ་དག སྤྱི་གཉེར་ཆེན་མོ་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ། ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་གཙོ་སྒྲུབ་ཐོན་པ་བ་ར་ཚུལ་ཁྲིམས་སངས་རྒྱས་བཅས་གནམ་ཐང་དུ་སྔོན་ནས་ཕེབས་བསུར་ཆེད་བཅར་ཞུས།

དེ་ནས་སྟོན་འཁོར་ལྷན་རྒྱས་ཆིབ་འཁོར་བརྒྱུད་ཉིན་གུང་ཕྱག་ཚོད་༡༢ཙམ་ལ་དགོན་པར་ཕེབས་པ་དང་ལྷན་ཁྲི་བརྟན་ནོར་བུ་རྩེའི་བླ་གྲྭ་འདུས་མང་ཡོངས་ནས་སྤོས་མེ་དང་དུང་རྒྱས་སྣ་དྲངས་ཏེ། སེར་ཕྲེང་དང་ལྷན་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཕྲེང་དུ་བསྟར་ཏེ་ལག་ཁ་བཏགས་དང་སྤོས་མེས་ཕེབས་བསུ་ཟབ་རྒྱས་ཞུས། དེ་ནས་འཆད་རར་གཤེན་རབ་མཆོད་རྔ་བརྡུང་གྲུབ་རྗེས་གཙུག་ལག་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་བླ་མ་མཆོད་པའི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། མཆོད་པ་རྣམ་ལྔ་སོགས་འདེག་འབུལ་ཞུས་ཤིང་དེ་ནས་བླ་མ་དགེ་བའི་བཤེས་གཉེན་དང་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ནས་མཇལ་དར་ཕུལ་ཏེ་མཇལ་ཁ་ཞུས་གྲུབ་རྗེས་སྤོས་མེས་སྣ་དྲངས་ཏེ་གཟིམས་ཁང་དུ་གདན་འདྲེན་ཞུས་པ་བཅས་ཉིན་དེའི་གནས་ཚུལ་མདོར་བསྡུས་ཙམ་མོ། །

དེ་ནས་ཕྱི་ཚེས་ ༡༠ བར་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་བཞུགས་གནང་ཞིང་༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་མདུན་དུ་སྔ་ཕྱིར་མཇལ་བཅར་རིམ་པར་གནང་བ་དང་། ད་ལན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དངོས་སུ་འདི་གར་ཞབས་སོར་བཀོད་གནང་བ་དང་སྟབས་བསྟུན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་ཚེ་སྒྲུབ་ཀྱི་བཀའ་དབང་ཟབ་མོའི་བཀའ་དྲིན་ཆེ་སྐྱོང་གནང་རྒྱུའི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཚེས་ ༧ ཉིན་གྱི་ཕྱི་དྲོར་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འདུས་མང་ཡོངས་དང་། བལ་ཡུལ་གནས་འཁོད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཚེ་དབང་བྱ་རི་མའི་གཞུང་ལྟར་སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ་གྱི་སྒོ་ནས་དབང་དོན་ངོ་སྤྲོད་ཟབ་མོ་དང་ལྷན་བཀའ་དབང་ཟབ་མོའི་བཀའ་དྲིན་ཆེ་སྐྱོང་གནང་།

ཚེས་ ༨ ཉིན་མོར་སླར་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་འདུས་སྤྱི་ལ་བཀའ་སློབ་ཀྱི་བཀའ་དྲིན་བསྐྱང་རྒྱུའི་གསོལ་འདེབས་ཞུས་པ་བཞིན་ཞོགས་པ་ཆུ་ཚོད་༨པའི་ཐོག་མཚན་ཉིད་པའི་འཚོགས་ཁང་ནང་དུ་འདི་གའི་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་དགེ་བའི་བཤེས་གཉེན་དང་སྒྲུབ་ཐོན་པ་ལས་ཀྱི་སྣེ་མོ་བ་སོགས་མདོར་ན་འདུས་མང་ཡོངས་སུ་འཛོམས་ཤིང་། ཐོག་མར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ད་ལན་གྱི་བཀའ་སློབ་འདི་གལ་ཆེན་དུ་འཛིན་ནས་ཀུན་གྱི་ལེགས་པར་གསན་བཞེས་དགོས་ཚུལ་སོགས་ཀྱི་མཚམས་སྦྱོར་དང་ལྷན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་གི་སྤྱན་སྔར་དགོན་པ་དང་གྲྭ་ཚང་འདིའི་འཛིན་སྐྱོང་གི་སྡེ་ཚན་ཁག་ཇི་ལྟར་ཡོད་པ་དང་དེ་དག་གི་ལས་དོན་བྱེད་ཕྱོགས་ཇི་ལྟར་ཡིན་པ་བཅས་ཀྱི་ངོ་སྤྲོད་སྟབས་བདེ་དང་ལྷན་མ་འོངས་པར་དགོན་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ཇི་དགོས་བཀའ་སློབ་ལམ་སྟོན་ཞིག་གསུང་གནང་རྒྱུའི་སྙན་གསན་ཕུལ་གནང་།

དེ་ནས་ཞྭ་དཀར་བསྟན་པའི་དབུ་ཁྲིད་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ནས་ཀྱང་དེ་དོན་བཞིན་བཀའ་སློབ་དབུ་འཛུག་གནང་ཞིང་ཐོག་མར་མཆོག་ཉིད་ད་ལན་དགོན་འདིར་གཙོ་བོ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་མདུན་དུ་མཇལ་ཞུའི་ཆེད་དུ་ཡིན་སྐོར་གསུངས་ཤིང་དེ་དང་འབྲེལ། ༧སྐྱབས་རྗེ་སྨན་རིའི་མཁན་སློབ་གོང་མ་རྣམ་པ་གཉིས་རང་ཅག་རྣམ་ལ་བཀའ་དྲིན་ཆེ་ཚུལ་དང་། དེ་བཞིན་དགེ་འདུན་པ་ཚོས་སྔར་རྒྱུན་ནས་ཡོད་པའི་གྲྭ་སའི་བཅའ་ཡིག་ལྟར་འདུལ་བའི་སྤྱོད་པ་རྣམས་རྒྱུན་དུ་ཚུལ་མཐུན་གནང་རྒྱུ་དང་ཡིད་འཇོག་བྱ་རྒྱུ་གལ་ཆེ་ཚུལ་དང་། དེ་བཞིན་རང་ཅག་རྣམས་ཀྱིས་ཐོས་བསམ་འཆད་ཉན་དང་སྒོམ་སྒྲུབ་ཉམས་ལེན་སྒོ་ཀུན་ལ་བརྩོན་ཏེ་བསྟན་པ་འདི་༧སྐྱབས་རྗེ་མཁན་སློབ་གོང་མ་རྣམ་པའི་དགོངས་བཞེད་ཇི་བཞིན་འཛིན་སྐྱོང་བྱ་ཐུབ་པ་དགོས་ཚུལ་དང་། དགེ་རྒན་དང་སློབ་མའི་བར་དང་བསླབ་པའི་གྲལ་རིམ་ལ་བརྩི་བཀུར་དང་རྒྱུན་དུ་གཙང་སྦྲ་འཕྲོད་བསྟེན་སོགས་ལ་ཡང་དོ་སྣང་དགོས་པ་གལ་ཆེ་ཚུལ་དང་། སྤྱིར་འཛམ་གླིང་ཞི་བདེའི་རྩ་བ་ནི་ཕན་ཚུན་བར་མཐུན་འབྲེལ་ཡིན་ཕྱིར་གྲུབ་མཐའ་དང་ཆོས་བརྒྱུད་གཞན་བར་མཐུན་ལམ་དགོས་པ་གལ་ཆེ་བ་མ་ཟད་དེ་བས་ཀྱང་ང་ཚོའི་ནང་ཕན་ཚུན་བར་མཐུན་ལམ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་དང་། རང་ལུགས་དྲི་མ་མེད་པ་སྔར་སྲོལ་བཞིན་སླད་མེད་པར་སྐྱོང་རྒྱུ་དེ་གལ་ཆེ་ཚུལ། ཁྲི་འཛིན་ཞིང་གཤེགས་དམ་པ་མཆོག་གིས་རྒྱུན་དུ་བཀའ་སློབ་ནང་གསུངས་སྲོལ་གང་ཡོད་དང་བཅས་བཀའ་སློབ་ཟབ་ཅིང་རྒྱས་པར་བསྩལ་གནང་མཛད། དེ་རྗེས་མཁན་རིན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རང་ཅག་འདུས་མང་ལ་ཟབ་ཅིང་རྒྱས་ཤིང་གནད་དུ་སྨིན་པའི་བཀའ་སློབ་ཀྱི་བཀའ་དྲིན་བསྩལ་གནང་མཛད་པར་མི་ཕྱེད་པའི་བཀའ་དྲིན་ཆེ་ཞུ་དང་། དེ་བཞིན་བཀའ་སློབ་གང་ཕེབས་པ་དེ་དག་འདིར་བཞུགས་ཀུན་གྱིས་ཡིད་ལ་བཞག་གནང་རྒྱུ་གལ་ཆེན་ཚུལ་བཅས་ཀྱི་བཀའ་སློབ་སྙིང་བསྡུས་སུ་མཛད་དེ་མཇུག་བསྡུས་གནང་བ་བཅས། དེ་ལྟར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ད་ལན་དགོན་འདིར་ཞབས་སོར་བཀོད་པའི་མཛད་པ་ཁག་རྣམས་ལེགས་པར་གྲུབ་ནས་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་འདུས་མང་ཡོངས་ཀྱིས་ཕྲེང་དུ་བསྟར་ཏེ་ཕེབས་བསྐྱེལ་ཞུས་པ་བཅས།

སྐྱ་ཀ་ཁྲ་བོས་ལས་ཀའི་བར་གསེང་ནས་གནས་བསྡུས་སུ་ཕུལ།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 945 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།