ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྗེ་བླ་མ་ངེས་པ་དོན་གྱི་མངའ་བདག་ྋཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

     མཛད་པ་པོ། རྣམ་ཐར་གོ་སྒྲིག་ཚོགས་ཆུང་།

   རྗེ་བླ་མ་འདི་ཉིད་ཡེ་ནས་གྲུབ་པའི་ས་མཐོན་པོར་གཤེགས་ཤིང༌། ས་ལམ་གྱི་ཡོན་ཏན་མ་ལུས་པ་བརྙེས་ཟིན་ཀྱང་བསྟན་དང་འགྲོ་བའི་དོན་དུ་སངས་རྒྱས་མི་ཡི་གཟུགས་སུ་སྤྲུལ་ཏེ། སྐུ་སྐྱེ་བ་མི་རུ་བཞེས་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་སྒྲོ་འདོགས་གཅོད་པའི་ཚུལ་བསྟན་ནས་མཁས་པའི་གོ་སར་གཤེགས་ཤིང༌། དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ནས་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་གསེར་ཁྲི་མཐོན་པོར་ཞབས་སོར་འཁོད་དེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སློབ་མ་བརྒྱ་ཕྲག་དུ་མ་བསྐྱངས་པ་དང༌། སྨན་རིའི་མཁན་སློབ་སྔ་ཕྱི་རིམ་ཅན་དུ་བཞི་ཙམ་བསྐོས། གཞན་ཡང་གཅེས་པའི་སྲོག་ལ་ཐུག་པའི་སྐུ་ཉེན་བྱུང་ཡང་རྒྱལ་བ་མཉམ་མེད་པའི་སྐུ་གདུང་རིན་པོ་ཆེ་གཙོས་པའི་རིན་བྲལ་གྱི་རྟེན་དངོས་འབོར་ཆེན་གཏེར་དུ་སྦས་ནས་ཉར་ཚགས་མཛད་པ་དང༌། བོན་བསྟན་འཕགས་ཡུལ་དུ་སྤྱན་དྲངས་ནས་གསུང་རབ་པོད་ཆེན་བརྒྱ་ཕྲག་དུ་མ་པར་དུ་བསྐྲུན་ཏེ་འཛམ་གླིང་གི་དཔེ་མཛོད་ཁང་ཆེན་མོ་རྣམས་སུ་བཞག་ནས་ནམ་ཡང་ནུབ་པ་མེད་པའི་མཛད་བཟང་བསྐྱངས། བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབ་ནས་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་བསྟི་གནས་གསར་དུ་བསྐྲུན་པ་དང༌། བསྟན་པའི་གསལ་བྱེད་དུ་འཆད་ཉན་གྱི་གཞི་བཟུང་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཙུགས་ཤིང༌། སློབ་ཚོགས་དགེ་བའི་བཤེས་གཉེན་དུ་མ་བསྐྱངས་ནས་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་རང་རྐང་ཐུབ་པར་མཛད། བལ་ཡུལ་དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གདན་ས་གསར་དུ་བསྐྲུན་པ་དང༌། བཤད་གྲྭ་དང༌། སྒྲུབ་གྲྭ་གཉིས་ཀ་བཙུགས་ནས་རྒྱལ་བ་གཤེན་རབ་མི་བོ་སླར་ཡང་འཇིག་རྟེན་ཞིང་དུ་ཕེབས་པ་དང་གཉིས་སུ་མ་མཆིས་པའི་བོན་གྱི་འཁོར་ལོ་བསྐོར། ས་གནས་འདིར་སྲིད་པ་ཆགས་ནས་བཟུང་བན་བོན་གང་གི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་ཏེ་ད་བར་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལ་ཉེ་བ་ཐོན་པ་དང༌། ཨ་སྙན་རྫོགས་གསུམ་གྱི་གཞུང་ཆེན་རྣམས་ལ་སྒྲུབ་པ་ཉམས་སུ་བཞེས་ཤིང༌། སྒྲུབ་རྒྱུད་གོང་མའི་རིང་ལུགས་རྒྱུད་ལ་འབྱོར་བའི་སྒྲུབ་ཐོན་པ་བཅུ་ཕྲག་ལྷག་ལ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བསྩལ་བ་སོགས། འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་བྱ་བ་བྱེད་ནུས་པའི་སློབ་མ་བརྒྱ་ཕྲག་དུ་མ་བསྐྱེད་བསྲིངས་མཛད། སྤྱི་ལོ་ ༡༩༨༤ དང་ ༢༠༠༡ གཉིས་བོན་གཞིས་སྨན་དགོན་དང༌། ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་ཆ་ཚང་བ་རེ་རེ་བསྩལ་ཏེ། གཡུང་དྲུང་བོན་གྱི་དབང་གི་བརྒྱུད་པ་སྐལ་ལྡན་སྟོང་ཕྲག་དུ་མའི་རྒྱུད་ལ་སྤེལ་བ་དང༌། ལྷག་པར་རང་ལུགས་ཀྱི་བཀའ་མདོ་རྒྱུད་ཁག་ལས་གསལ་བཞིན་ལག་ལེན་དུ་བསྟར་མ་ཐུབ་པ་དུ་མ་ཞིག་རྗེ་བླ་མ་མཆོག་གིས་གསལ་ཁ་བསྟན་ཏེ། བདག་ཅག་སྟོན་པའི་ཆ་ལུགས་དང༌། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་ནོར་བ་རྒྱུན་འབྱམས་སུ་སོང་ནས་བདག་ཅག་སྟོན་པའི་མཛད་རྣམ་དང་འགལ་བའི་རིགས་རྣམས་ལ། རྩིས་རིག་དང་བཀའ་ལུང་གི་བདེན་དཔང་མ་ལོག་པའི་སྒོ་ནས་བདེན་པ་གསལ་བར་བསྟན་པ་འདི་ཙམ་གྱིས་ཁོང་ཉིད་ལ་ལྔ་སྙིགས་བསྟན་པའི་གསལ་སྒྲོན་ཆེན་པོ་ཞེས་བརྗོད་པར་སྤོབས། གཡུང་དྲུང་བོན་གྱི་བསྟན་པ་ཤར་ནུབ་འཛམ་གླིང་གི་ཡུལ་གྲུ་དུ་མར་དར་སྤེལ་མཛད་དེ། བོན་གྱི་ཆོས་ཚོགས་དང༌། བོན་གྱི་རིག་གཞུང་གཅེས་སྲུང་ཁང་སོགས་ཚོགས་སྡེ་དུ་མ་གསར་དུ་བཙུགས་པ་དང༌། བོན་གཞུང་དུ་མ་དབྱིན་ཇི་སོགས་མི་རིགས་གཞན་པའི་སྐད་ཐོག་ཏུ་ཕབ་བསྒྱུར་གནང་བ་སྟེ། དེ་དག་གི་མཚན་ཙམ་བགྲང་ན། (The Nine Ways of Bon ) (Heart Drops of Dharma kaya ) (The practice of Phurpa) (The Practice of Chod in the Bon tradition) (The Healing Practice for Sidpa Gyalmo) (The three fold Practice of the Primordial state of the Mother Tantra) (Bon, yungdrung Bon the Eternal tradition) (Practice from the zhang zhung Nyan Gyud) (Bonpo Dzogchen teachings ) (The Instructions of Shardza Rinpoche for the practice of vision and dark Reateat) ཞེས་པ་སོགས་བསྒྱུར་བ་དང༌། གཞན་ཡང་བསྟན་པའི་གསལ་བྱེད་དུ་གསུང་རྩོམ་པོད་ཆེན་བཅུ་གསུམ་༼དགུང་ལོ་དོན་དགུ་ཡན་གྱི་གསུང་འབུམ་ལ།༽བརྩམས་ཏེ་རྗེས་འཇུག་གདུལ་བྱའི་བགོ་སྐལ་དུ་བཞག་པ་སོགས་རླབས་ཆེན་གྱི་མཛད་རྗེས་འདི་རྣམས་ལ་བསམ་ན། དེ་སྔོན་བོན་གྱི་ལོ་རྒྱུས་ཐོག་མིང་གྲགས་ཆེ་བའི་མཁན་པོ། རིགས་རུས་མཐོ་བའི་བླ་མ།སྐྱེས་རབས་ཁུངས་བཙན་བགྲང་རྒྱུ་ཡོད་པའི་སྤྲུལ་སྐུ། རི་བྲག་ཟང་ཐལ་དུ་བགྲོད་པའི་རྣལ་འབྱོར་པ་དང། ལྔ་རིག་རང་དབང་དུ་ཆུད་པའི་མཁས་པ་བཅས་ཁྲི་ཕྲག་དུ་མ་གཤེགས་བཞུགས་བྱས་ཡོད་ཀྱང༌། དུས་ཀྱི་གཉན་འཕྲང་རེ་རེའི་སྐབས་སུ་གང་ཟག་གཅིག་གིས་རླབས་ཆེན་གྱི་མཛད་པ་རླབས་པོ་ཆེ་མཛད་གནང་བ་འདི་ལ་བསམ་ན་རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་ལྟ་བུའི་རླབས་ཆེན་གྱི་མཛད་རྗེས་ཅན་ཞིག་ཕལ་ཆེར་བྱུང་མྱོང་མེད་ཅེས་བརྗོད་ན་མི་ཆོག་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེས་ན་ཁོང་གི་མཛད་རྗེས་འདི་རྣམས་ནི་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་མོའི་ནང་གི་ལེའུ་ཚན་གལ་ཆེ་ཤོས་ཞིག་ཡིན་ཞིང༌། མ་འོངས་རྗེས་སུ་འཇུག་པའི་མི་རབས་རྗེས་མ་རྣམས་ཀྱིས་ཀྱང་ཡང་ཡང་བསྔགས་བརྗོད་དང༌། རྗེས་དྲན་ཞུ་སའི་རྟེན་གལ་ཆེན་ཞིག་དང༌། འཛམ་གླིང་ལོ་རྒྱུས་ཀྱི་ཁྲོད་དུ་རི་དབང་ལྷུན་པོ་ཇི་བཞིན་འགྱིང་ངེར་གནས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཆེན་མོ་ཞིག་ཡིན་ནོ།། །།

<<རྗེ་བླ་མ་ངེས་པ་དོན་གྱི་མངའ་བདག་ྋཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ནས་བགྲང་བྱ་བཅུ་ཕྲག་བརྒྱད་ལ་ཕེབས་པའི་བར་གྱི་མཛད་རྣམ་རགས་བསྡུས།>>ཞེས་པ་ནས་ཟུར་དུ་ཕྱུང་། དེབ་འདི་ཕྱི་ལོ་༢༠༠༥ལོར་པར་སྐྲུན་ཞུས།

(སྤྱིའི་གཟིགས་གྲངས། 90 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མེ་ལོང་ཡེ་…
error: རྩོམ་འདི་བདག་དབང་ཅན་ཡིན།