རྟགས་བརྒྱད་མཚོན་པའི་གདུང་དབྱངས།
རྟགས་བརྒྱད་མཚོན་པའི་གདུང་དབྱངས།
རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།
སྐལ་ལྡན་ཐར་ལམ་འདྲེན་པའི་དཔག་བསམ་ཤིང་། །
སྤངས་བླང་མུན་པ་སེལ་བའི་སྣང་གསལ་སྒྲོན། །
དགོས་འདོད་འབད་མེད་སྩོལ་བའི་ཡིད་བཞིན་ནོར། །
གྱེར་སྤུངས་གཞི་བྱེས་མཆོད་སྡོང་སྣལ་མ་ཉིད། །
སྐུ་མཆོག་རི་རྒྱལ་ལྷུན་པོ་བརྗིད་ཅིང་ཆགས། །
གསུང་ནི་འགག་མེད་གླགས་འཚོལ་ལྗགས་དེ་ཟབ། །
ཐུགས་ནི་རང་འབྱུང་ཡེ་ཤེས་ཡངས་ཤིང་ལྷོད། །
སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ། །
བསམ་མི་ཁྱབ་པ་ཁྱེད་ལ་གསོལ་བ་འདེབས། །
སྨན་གྱི་ཡོངས་འཛིན་འཁོར་ལོ་རྨ་མེད་ཡིན། །
བོན་གྱི་རྨད་བྱུང་གདུགས་དཀར་བསྒྲེངས་པ་ཡིན། །
དཔོན་གྱིས་དད་པའི་དཔལ་བེའུ་མཁའ་ཁྱབ་ཡིན། །
སློབ་ལ་གདམས་ངག་བུམ་པ་གང་བྱོས་ཡིན། །
བསྟན་ལ་རིག་པའི་རྒྱལ་མཚན་ཐོགས་པ་མེད། །
འཛིན་ལ་སྤོབས་པའི་གསེར་ཉ་ཉམས་པ་མེད། །
རྣམ་འབྱེད་གཞན་ཕན་པདྨ་རིས་འཛིན་མེད། །
དག་པ་གཉིས་ལྡན་དུང་དཀར་འཇིགས་པ་མེད། །
རིམ་གཉིས་ཉམས་ལེན་ལམ་བཟང་མཛད་པས་མཁས། །
རྣམ་དག་འདུལ་བའི་སྡོམ་གསུམ་དམ་པས་བཙུན། །
གང་གི་མཛད་པ་གཞན་དོན་འགྱུར་བས་བཟང་། །
སུམ་ལྡན་བསྟན་འཛིན་རྣམ་དག་སྐྱབས་སུ་འཛིན། །
ཞེས་སྤྱི་ལོ་ཟུང་མཁའ་མིག་དབང་པོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་དགའ་བ་དང་པོའི་ཉིན། དམ་པ་གང་གི་སློབ་བརྒྱུད་དུ་གཏོགས་པ་གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་རྔ་ཁུལ་ནང་བསྟན་སློབ་གླིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་ཞོར་རྟགས་བརྒྱད་ཚང་བའི་རྒྱན་མངོན་དུ་བྱས་ཏེ་སུག་ལས་སུ་བགྱིས་སོ། །