འཇིག་རྟེན་གྱི་དཀར་མེ།
འཇིག་རྟེན་གྱི་དཀར་མེ།
མཇལ་འདོད་ཀྱིས་དད་ཕྱག་རྟག་ཏུ་ཟླུམ། །
འབྲི་འདོད་ཀྱིས་མངོན་བརྗོད་རྒྱ་མཚོ་འཁྱིལ། །
བསྟོད་འདོད་ཀྱིས་མོས་པའི་ཁ་བ་ཆགས། །
ཡིད་ཕམ་གྱིས་མིག་ཆུ་ཆར་པ་བབས་ཀྱང་། །
ང་ཅི་ཡང་མི་བྱ།
གང་ཡང་མི་ཕོད་པའི་རྟུལ་ཞུགས་འཆང་དགོས་བྱུང་སྟེ།
ངའི་རྟོག་གེའི་ཚིག་སྐམ་གྱིས་རིན་པོ་ཆེ་དེ་མཚོན་མི་ནུས།
ངའི་དྲན་པའི་རྟོག་འཆར་གྱིས་རིན་པོ་ཆེའི་རང་བཞིན་བརྗོད་མ་སྟོབས།
ངས་ཅི་ཞིག་བྲིས། གང་ཞིག་ཕྱར་ཡང་།
རིན་པོ་ཆེ་དེ་རིན་པོ་ཆེ་ཡི་དཔེ་ཟླ་བཀོད་པ་ལས་གཞན་སྲིད་ན་བཙལ་ཡང་མཚོན་པའི་དཔེ་ཞིག་ངས་མ་རྙེད།
ང་དེ་གར་དུ་ལུས། ང་ཅི་ཡང་མི་དྲན་པར་དུད།
ང་ཅི་བྱ་རྟོལ་མེད་དུ་འཁུམས།
མགོ་ཐོག་ཏུ་ལྷུང་མ་མྱོངས་པའི་གནས་སྟངས་འདི་ནི།
ང་ཉམ་ཆུང་ནུས་མེད་ཅིག་ཏུ་གྱུར་པའི་དཔེ།
ང་ཤུལ་ལུས་མིག་ཆུ་ནང་དུ་ལྷུང་བའི་སྡུག
མདོར་ན།
ཁྱེད་ཕེབས་པ་ནས་གནམ་སྔོན་པོ་དེ་ཁ་ཞེང་ཆུང་ལ།
ས་གོ་ལ་དེ་ལྗིད་ཚད་ཡངས་བའི་སྣང་ཚུལ་ཞིག་བྱུང་ངོ་། །
༢༠༢༥།༦།༡༠ཉིན་ཁྱུང་བསོད་ནམས་བློ་གྲོས་འབོད་པས།