ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་ཕྲུག་བདེ་དོན་སློབ་ཟུར་མཐུན་ཚོགས་ཀྱི་གདུང་སེམས་འཚམས་འཕྲིན།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་ལས་སྣེ་རྣམས་དང་། བླ་སྤྲུལ་དགེ་བཤེས་རྣམ་པ། འདུས་སྤྱི་ཐུན་མོང་དང་བོན་འབངས་སེར་སྐྱ་ཡོངས་ཀྱི་སྙན་དབང་རིན་པོ་ཆེར་ཞུ་གསོལ་འདེབས་སྙིང་།

 

རང་ཅག་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་འགྲན་ཟླ་བྲལ་བའི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་བོད་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་༡༦ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་ཐུགས་དམ་གཡོ་བ་མེད་པའི་ངང་ནས་རེ་ཞིག་གདུལ་བྱ་རྟག་འཛིན་རྣམས་སུན་ཕྱུང་གི་སླད་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་རིན་པོ་ཆེ་མཆོག་གི་སྐྱབས་འོག་པ་འདི་ག་བོན་ཕྲུག་བདེ་དོན་སློབ་ཟུར་མཐུན་ཚོགས་ནས་བློ་ཕམ་ཚད་མེད་དང་སྦྲགས་མྱ་ངན་གུས་འདུད་ཞུ་བཞིན་པ་དང་།མགོན་པོ་མཆོག་གི་ཐུགས་ཀྱི་དགོངས་པ་རྫོགས་ཕྱིར་ཕྱག་མཆོད་འབུལ་དང་སྡིག་སྤོང་དགེ་སྒྲུབ་ལ་སོགས་ཀྱི་ལས་ལ་གང་ནུས་འབད་བཞིན་ཡོད།

         ༧དམ་པ་ཁོང་ནི་རང་ཅག་གདུལ་བྱ་རྣམས་ཀྱི་རྟག་འཛིན་སུན་ཕྱུང་བའི་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པ་ཙམ་ལས་དུས་དང་རྣམ་པ་ཀུན་ཏུ་འགྲོ་དོན་རྒྱུན་ཆད་མེད་པར་མཛད་བཞིན་བཞུགས་པའི་རེ་སྨོན་དང་། དམ་པ་ཁོང་གིས་རྗེས་བཞག་མཛད་པའི་བཀའ་སློབ་ལམ་སྟོན་རྣམས་རྗེས་སུ་བཟུང་ཞིང་། རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་སྨིན་ནས་ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་གདུལ་བྱ་སེམས་ཅན་གྱི་དོན་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྲིད་མཐའི་བར་དུ་གནས་པའི་གུས་འདུད་སྨོན་ལམ་དང་བཅས།

 

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་༼བོན་ཕྲུག་བདེ་དོན་སློབ་ཟུར་མཐུན་ཚོགས་༽ནས།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༣ ཉིན།

(སྤྱིའི་གཟིགས་གྲངས། 129 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྟགས་བརྒྱད…
error: རྩོམ་འདི་བདག་དབང་ཅན་ཡིན།