སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་རིམ་གསལ་བརྡ།
༄༅་། །འཛམ་གླིང་གང་སར་གནས་བཞུགས་གཡུང་དྲུང་བོན་གྱི་དད་ལྡན་རྣམས་དང་།
འབྲེལ་ཐོགས་ཡོངས་ལ་ཆེད་ཞུ།
གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་བཀའ་དྲིན་གཞལ་ཟླ་བྲལ་ཅིང་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རྒྱལ་སྲས་གཡུང་དྲུང་སེམས་དཔའི་སྐུ་རུ་བཞེངས་ནས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཆེན་ཁོ་ན་མཛད་མཐར་རེ་ཞིག་གདུལ་བྱ་གཞན་དོན་དུ་ཐུགས་དམ་གཡོ་བ་མེད་པའི་སྒོ་ནས་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་པ་ནས་དགུང་ཞག་ཞེ་དགུའི་རིང་འདི་ག་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དང་བོད་གཞིས་བྱེས་རྒྱལ་ཕྱི་ནང་གང་སར་བོན་གྱི་དགོན་སྡེ་དང་ཆོས་ཚོགས་རྣམས་སུ་དགོངས་རྫོགས་མཆོད་འབུལ་མུ་འཐུད་ཞུས་དང་ཞུ་བཞིན་པ་དང་།
ཕྱི་ཟླ་ ༨ པའི་ཚེས་ ༢ ཉིན་ཞེ་དགུའི་མཆོད་འབུལ་ཡོངས་རྫོགས་གྲུབ་རྗེས། ཕྱི་ཚེས་ ༤ བོད་ཟླ་ ༦ ཚེས་ ༡༠ ཉིན་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཆོ་ག་གཞུང་བསྲང་སྟེ། ཕྱི་ཚེས་ ༦ བོད་ཚེས་ ༡༢ ཉིན་མེ་སྤར་དང་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཞུས་རྟིང་སྦྱིན་སྲེག་གི་ཆོ་ག་མུ་འཐུད་གསུངས་ཏེ།
ཕྱི་ཚེས་ ༩ བོད་ཚེས་ ༡༥ ཉིན་གྲུབ་མཆོད་སྨོན་ལམ་གསུང་རྒྱུ་དང་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོ་ག་མཇུག་གྲུབ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཡིག་ཚང་ནས་
བོད་ཤིང་སྦྲུལ་ཟླ་༥ ཚེས་༥ ཕྱི་ལོ་༢༠༢༥ ཟླ་༦ ཚེས་༣༠ ཉིན།