ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གི་མཛད་རྣམ་རགས་བསྡུས།

རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེའི་མཆོག་ནི། བོད་དང་བོད་ཆེན་པོའི་ཞིང་ཁམས་སུ་གྲགས་པའི་བོད་ཡུལ་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར་བ། ཉག་ཤོད་ཨ་འཛིའི་ལུང་ཆེན་དུ་འབོད་པའི་གནས་མཆོག  དེང་དུས་སུ་ཉག་རོང་རྫོང་རི་ནུབ་ཀྲིན་ལ་སྐེད་ཤོག་པ་འོང་རུ་ཤོད་སྡེ་བར། ཡབ་ཐབས་ཤེས་དང་སྤྱང་གྲུང་འཛོམས་ཤིང་གཞུང་རྒྱུད་ཉག་ཕྲན་མདའ་ལྟར་དྲང་བ་མགོན་པོ་དཔལ་དང་། ཡུམ་དགེ་སེམས་དང་ལས་བརྩོན་ཆེ་ཞིང་དད་གུས་ཀྱི་ངང་རྒྱུད་བལ་ལས་འཇམ་པ་བསམ་ལྷ་སྨན་གཉིས་ཀྱི་སྲས་སུ་སྣ་ཚོགས་དབྱིག་ཅེས་པ་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་དགུ་པའི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ༡༩༦༥ལོའི་ཧོར་ཟླ་བརྒྱད་པའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་དུས་ཚེས་དགེ་བར་སྐྱེད་བྱེད་ཡུམ་ལ་གནོད་པ་མེད་པར་མཛེས་སྐུའི་ཉི་མ་གཞོན་ནུ་མཁའ་ལ་གསར་དུ་འཁྲུངས། ལྷུམས་སུ་ཞུགས་པའི་གནས་སྐབས་སུ་ཡང་། རྗེ་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་དང་། བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་ཡོངས་འཛིན་དུ་གྱུར་བ། དུས་གསུམ་ལེགས་ཉེས་ཀྱི་སྟང་འཛིན་དབང་ལྡན་ཞུ་བ་དེའི་དྲུང་དུ། ཞང་པོ་ཀླུ་ཐར་གྱིས་ལུང་བསྟན་ཞུ་དུས། མདངས་དགོང་གི་མཚན་ལྟས་སུ་ངའི་མདུན་གྱི་ཅོག་ཙེ་སྟེང་ལ་སིལ་སྙན་ཤིན་ཏུ་སྒྲ་སྙན་པོ་ཞིག་འདུག་པ་རྨིས་སོང་། བུ་འདི་བཙས་ན་མ་འོངས་པར་བསྟན་འགྲོའི་དོན་ཆེན་མཛད་ནུས་ཤིག་འབྱོན་པ་གདོན་མི་ཟ་ཞེས་གསུངས་པ་དང་། སྐུ་འཁྲུངས་ནས་ཞག་བདུན་གྱི་མཚམས་སུ་དཔལ་ལྡན་ཡེ་ཤེས་དགོན་གྱི་བླ་མ་ཨ་གཡུང་ངམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་རིན་པོ་ཆེའི་མཆོག་ལ་སྐྱེས་མིང་འདོགས་པར་ཞུས་པ་ན། ཁོང་གི་ཞལ་ནས་བུ་འདིར་ཁྲུས་དང་གཙང་སྦྲ་བགྱིས་ལ་བདག་གིར་མཛོད་དང་གཤེན་རབ་བསྟན་པའི་རྒྱལ་མཚན་འཛིན་པའི་བཙས་སུ་སྨིན་ནོ་ཞེས་མཚན་ལ་འཇིགས་མེད་དབང་ཕྱུག་ཅེས་སུ་གསོལ།

སྐུ་ན་ཕྲ་བའི་དུས་ནས་བཟུང་། རིག་པ་སྐྱེན་ལ་ངང་རྒྱུད་འཇམ་པ་དང་། སྤྱོད་པ་ལེགས་ལ་དད་གུས་ཆེ་བ་སོགས་ཡ་རབ་བཟང་པོའི་རང་གཤིས་ལྷུན་ཆགས་སུ་མངའ་བར་མ་ཟད། སྔོན་སྨོན་གྱི་བག་ཆགས་ཟབ་མོའི་སྟོབས་ལས་འཇའ་ལུས་ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་དབྲ་བུ་དྲང་སྲོང་བསྟན་འཛིན་རྒྱལ་མཚན་མཆོག་ཉིད་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ནས་ཤེས་བྱ་ཡོན་ཏན་ཀུན་གྱི་རྨང་གཞི་ཡི་གེ་འབྲི་ཀློག་གི་ཐད་ལ་སྦྱངས་པ་ལྷོད་མེད་མཛད།

དགུང་ལོ་བཅུ་གཉིས་པ་མེ་འབྲུག་སྟེ་སྤྱི་ལོ༡༩༧༦སྟེང་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་དཔལ་ལྡན་ཡེ་ཤེས་དགོན་དུ་བསླབ་པ་ཀུན་གྱི་རྟེན་གཞིར་གྱུར་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འཇུག་སྒོ་ཐོག་མ་སྐྱབས་འགྲོའི་སྡོམ་པ་ཐུགས་རྒྱུད་ལ་བླངས་ཤིང་དགོན་དེའི་ཚོགས་གྲལ་དུ་ཞུགས། དེ་ནས་རིམ་གྱིས་དགོན་དེའི་བཅའ་འགྲིག་ལྟར་སྒྲིག་ཞུགས་མཛད་དེ། འདོན་དབྱངས་གྱེར་གསུམ་དང་། བཅའ་བསྒྱུར་ཕྱག་རྒྱ། ཆོ་ག་ཕྱག་ལེན། གར་ཐིག་དབྱངས་རོལ་དང་བཅས་པ་སླ་ཆོས་སུ་མ་སོང་བར། དཔལ་ལྡན་རྒྱལ་བ་བྲུ་ཡི་རིང་ལུགས་ལྟར་རྨང་གཞི་བྱས་ཐོག དགོན་དེ་གའི་མཁས་གྲུབ་གོང་མའི་ཕྱག་སྲོལ་དང་མ་བྲལ་བར། ལྟ་བ་ཡས་ཕབ་དང་སྤྱོད་པ་མས་འཛེག་གི་ལམ་ལུགས་བཞིན་དུ་རྒྱལ་བ་གོང་མ་རྣམས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ཐུགས་རྒྱུད་ལ་བཞེས།

དགུང་ལོ་བཅོ་བརྒྱད་བཞེས་པ་ཆུ་ཁྱི་སྟེ་སྤྱི་ལོ༡༩༨༢ལོར་འཛམ་གླིང་མཁས་གྲུབ་ཡོངས་ཀྱི་རྩེ་མོར་གཤེགས་པ་ཁྱུང་པོ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་དབུར་བཞུགས་ཀྱི་དག་པ་དྲང་སྲོང་སྡེ་བཞིའི་དྲུང་དུ་སྐྲ་ཕུད་ཕུལ་ཏེ་གཙང་མ་གཙུག་ཕུད་ཀྱི་བསླབ་ཁྲིམས་རྣམས་ཐུགས་རྒྱུད་ལ་ལྷུར་གྱིས་བཞེས་ཤིང་། ཚུལ་མཚན་ལ་ཤེས་རབ་ཚུལ་ཁྲིམས་ཞེས་སུ་གསོལ། དུས་དེ་ནས་བཟུང་ཐུན་མོང་སྔོན་འགྲོའི་ཨ་ཁྲིད་ཀྱི་རིམ་པ་ལྟར་ཁྲིད་རིམ་གྱི་བོན་རྣམས་ལ་ཐུགས་གསན་གནང་སྟེ། སྔོན་འགྲོ་བསགས་སྦྱོང་གི་སྐོར་ལ་ལུས་ངག་གི་དཀའ་བ་དཔག་མེད་སྤྱད། ཞེ་བཅད་དང་བཟོད་བསྲན་ཆེ་བས་ཤ་རུས་རྡོ་ལ་ཐུག་པའི་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ། བོན་གྱི་སྙིང་པོ་སྔོན་འགྲོ་འབུམ་དགུ་གྲངས་སུ་བསགས་མཐར། ཕྱི་ནང་གི་བག་ཆགས་ཐམས་ཅད་གཞི་ནས་སངས་ཏེ། གཡུང་དྲུང་བོན་མཆོག་བདུད་རྩི་འཁྱིལ་སའི་ཤེལ་གྱི་བུམ་པ་ཕྱི་བལྟས་ནང་གསལ་ཅན་གྱི་རང་བཞིན་དུ་གྱུར། གཞན་ཡང་ཤར་རྫའི་དངོས་སློབ་ཁྱུང་པོ་བླ་མ་གཡུང་དྲུང་བདུད་འདུལ་ཚང་དང་། འབུམ་སྨད་བླ་མ་བསོད་ནམས་གཡུང་དྲུང་། ཨ་གཡུང་བླ་མ་གཤེན་བསྟན་མཐའ་རྒྱས། སུ་ལ་གཡུང་དྲུང་དབང་རྒྱལ་སོགས་ལས་བོན་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་ལུང་ཁྲིད་གསུམ་གྱི་མན་ངག་བུམ་པ་གང་བྱོས་ཚུལ་དུ་ཐུགས་གསང་ཡེ་ཤེས་དཔལ་བེའུ་མཛེས་རྒྱན་དུ་ལེགས་སྤྲས་མཛད།

དགུང་ལོ་ཉེར་གཅིག་བཞེས་པ་ཤིང་གླང་སྟེ་སྤྱི་ལོ༡༩༨༥ལོར་ལྷ་དང་དྲང་སྲོང་འདུ་བའི་དབེན་གནས། མཁས་གྲུབ་སྐྱེས་ཆེན་བཞུགས་སའི་གདན་ས། བཤད་སྒྲུབ་རྒྱལ་མཚན་སྒྲེང་བའི་ལྟེ་གནས། རིག་འཛིན་དཔའ་བོ་དགྱེས་པའི་གནས་མཆོག མ་སྲིང་མཁའ་འགྲོ་རྩེན་པའི་བྲོ་ར་སྟེ། གྱེར་ཟ་གཡུང་དྲུང་ལྷུན་པོའི་རིའམ་དཔལ་ཤར་རྫའི་རི་ཁྲོད་བར་མ་དགེ་ཐང་བཤད་སྒྲུབ་པད་མ་རྒྱས་པའི་དགའ་ཚལ་དུ་ཕེབས་ཏེ། ཡོངས་ཀྱི་བཤེས་གཉེན་སྤྱི་རྗེ་དམ་པ་ཤར་རྫའི་རྒྱལ་ཚབ་གཉིས་པ་བླ་མ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་གཙོས་མཁན་སློབ་གསོལ་བཞིའི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་རྣམས་ལེགས་པར་མནོས་ཏེ། དག་པ་དྲང་སྲོང་གི་མཚན་ལ་བསྟན་འཛིན་རྒྱལ་མཚན་ཞེས་སུ་གསོལ་བར་གྲགས། དེ་དུས་ནས་བཟུང་ཐོས་བསམ་གྱི་བློ་སྟོབས་ཆེར་འཕེལ་ཏེ། ཐུགས་རྒྱུད་འཇམ་ལ་ཀུན་སྤྱོད་ལེགས་པ་དང་། ཞི་དུལ་བག་ཡོད་ཀྱིས་འཚོ་ཞིང་རང་བཞིན་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཐུགས་ཉིད་ཐོས་བསམ་བསྒོམ་གསུམ་གྱི་བགྱི་བ་ལྷུ་རུ་བླངས་པས་ཀུན་གྱིས་ཡིད་སྨོན་བྱེད་སའི་གནས་སུ་གྱུར།

དགུང་ལོ་ཉེར་གསུམ་བཞེས་པ་མེ་ཡོས་ཏེ་སྤྱི་ལོ༡༩༨༧ལོར་མདོ་སྨད་རོང་ཆེན་རྣམ་བཞིའི་ཡ་གྱལ་བྱང་ཕྱོགས་ཨཀྟ་རོང་དུ་བཞུགས་པའི་འཛམ་གླིང་མཁས་རྒུའི་གཙུག་རྒྱན་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེའི་མཚན་སྙན་རིང་མོ་ནས་ཐོས་ཏེ། ལེ་བར་སུམ་སྟོང་ལྷག་གི་ལམ་འཕྲང་བརྒྱུད་དེ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་བདེ་བླག་ངང་ཕྱིན། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྲུབ་པ། བླ་ཆེན་དྲན་པ་ཡབ་སྲས་གསུམ་གྱི་ཞལ་སྐྱིན། སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་གསེར་ཞལ་སེར་པོའི་དཀྱིལ་འཁོར་ལ་ཐོག་མར་མཇལ་ཏེ། ས་ཆེན་ཐོབ་པ་ལྟ་བུའི་སྤྲོ་དགའ་རབ་ཏུ་འཕེལ་ནས་སངས་རྒྱས་དངོས་མཐོང་གི་དབང་དང་བྱིན་རླབས་ཀྱི་བདེ་དྲོད་རབ་ཏུ་བརྟས་པར་གྱུར། དུས་དེ་ནས་བཟུང་སྔ་ཕྱི་གཉིས་ལ་ལོ་ངོ་བདུན་ཙམ་གྱི་རིང་ལ། སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེའི་མཉེས་པ་གསུམ་གྱིས་བསྟེན་ཏེ། ཐུན་མོང་རིག་གནས་ཀྱི་སྐོར་ནས། དག་ཡིག་ལྷ་ཆབ་འཁྱིལ་བ་དང་། སྙན་ངག་རྒྱན་གསུམ་གྱི་དོན་འགྲེལ་གཙང་གཤེན་དགོངས་རྒྱན། ཚངས་སྲས་བཞད་པའི་སྒྲ་དབྱངས། བྱང་ཆུབ་ལམ་རིམ་གཤེན་བསྟན་གསལ་བའི་སྒྲོན་མེ། ལམ་རིམ་དྲུག་ཅུ་བ། ལམ་རིམ་སུམ་བརྒྱ་ཉི་ཤུ་བ་དང་འགྲེལ་བ་ཊི་ཀ་གསལ་བའི་སྒྲོན་མེ། སྤྱོད་འཇུག བྱང་སེམས་བརྒྱ་རྩ། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་འགྲེལ་སོགས་རང་གཞན་གཉིས་ཀྱི་བརྡ་སྤྲོད་ལམ་རིམ་ཁག་དང་། དེ་མིན་ཐེག་པ་ཆེན་པོའི་ལམ་གྱི་ཁྲིད་གཞུང་སྡེ་སྣོད་མཛོད་རྩ་འགྲེལ་དང་། གསང་སྔགས་རྣམ་འབྱེད་ལྷ་གཉེན་ཤེལ་སྒོང་། རྗེ་གསང་དོན་རྣམ་འབྱེད་ཀྱི་རྩ་འགྲེལ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར། དབྱིངས་རིག་རིན་པོ་ཆེའི་མཛོད་སོགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་དེ། གཅིག་ཤེས་ཀུན་གྲོལ་གྱི་རྣམ་པས་ཤེས་བྱ་རིག་པའི་གཞུང་ལུགས་ཀུན་ལ་ལན་རེར་གཟིགས་པ་ཙམ་གྱིས་མཁྱེན་རབ་ཡེ་ཤེས་ཀྱི་རྩལ་ཆེན་རབ་ཏུ་རྫོགས་པར་གྱུར།

དེ་མིན་གང་བསླབ་བྱའི་གཞུང་ལུགས་ལ་ཁ་ཙམ་ཚིག་ཙམ་གྱིས་སྦྱངས་ལོ་ཙམ་མ་ཡིན་པར། ཐོས་དོན་རང་རྒྱུད་ལ་སྦྱར་ཞིང་བསྒོམ་དོན་རིགས་དྲུག་ལ་བསྐྱེད་པས་རྟོགས་གྲོལ་ཡེ་ཤེས་ཀྱི་རིག་པ་མཁའ་མཐར་བརྒལ་བར་མ་ཟད། གཞན་ཡང་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེའི་དྲུང་ནས། བཀའ་རྒྱ་ཆེ་བ་དང་། ལུང་གྲངས་མང་བ། བྱིན་རླབས་དབང་གི་ཆུ་བོ་རྣམ་བཞི་ཡང་ཐུགས་ཉིད་ཞི་བདེའི་རྒྱ་མཚོ་ཆེན་མོའི་ཀློང་དུ་བསྐྱིལ་བར་བྱས། དེ་ཡང་འཕྲུལ་གཤེན་ཐེག་པའི་མདོ་ལས། དེ་ཕྱིར་བོན་ལ་སྤྱོད་པ་ལ། །རང་ལ་ཕན་པའི་དད་པ་དགོས། །གཞན་ལ་ཕན་པའི་སེམས་བསྐྱེད་དགོས། །སེམས་བསྐྱེད་རྩ་བ་སྙིང་རྗེ་ཡིན། །ཞེས་གསུངས་པ་བཞིན། སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་མདུན་ནས་ཐེག་ཆེན་ལྷའི་མེ་ལོང་ལྟར་དུ་བྱང་སེམས་ཀྱི་མཆོད་པ་རྒྱ་ཆེར་འབྲེལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཐུགས་རྒྱུད་ལ་བཞེས་པས། བདག་བས་གཞན་གཅེས་ཀྱི་བྱ་བ་འཁུར་དུ་འཆང་བ་བྱང་སེམས་ཀྱི་མཚན་ལ་ཐུགས་རྗེ་རྒྱ་མཚོ་ཞེས་སུ་གསོལ་བར་མཛད། ཕྱིའི་སྤྱོད་ཚུལ་དང་ནང་གི་ཡོན་ཏན། གསང་བའི་རྟོགས་པ་གང་ཅིའི་ཐད་ནས་འཁོར་སློབ་རྒྱ་མཚོའི་ཁྲོད་ན་རྩེར་སོན་དུ་གྱུར་བ་ཡང་། རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པས་ཉག་རོང་ཡེ་ཤེས་དགོན་པའི་བླ་མ་གཡུང་དྲུང་བདུད་འདུལ་ཚང་དང་། ཨ་གཡུང་རིན་པོ་ཆེ་རྣམ་གཉིས་ལ་ཕུལ་བའི་འཕྲིན་ཡིག་སྔ་ཕྱི་ལས་ཀྱང་། རང་བསྟན་འཛིན་ལ་འདུན་པ་མི་ལྷོད་པའི། །རང་སློབ་འཇིགས་མེད་རིག་པའི་དབང་ཕྱུག་འདི། །རང་སྲས་ཚུལ་དུ་ལེགས་པར་སྐྱོངས་པ་ལ། །རང་ཉིད་ཐུགས་ལ་འདོགས་པའི་རྒྱུ་རུ་ཚུད། །ཅེས་དང་། གང་གི་ཉེ་གནས་གྲྭ་བཙུན་འཇིགས་མེད་མཚན། །མཚན་ལྡན་བཤེས་གཉེན་ཁྱེད་ཀྱི་རྗེས་སུ་སློབ། །སློབ་མ་ཡང་རྩེ་ཞིག་ཏུ་ངེས་པར་འགྱུར། །འགྱུར་མེད་བརྟན་པའི་ངང་ཚུལ་གསལ་བར་རྟོགས། །ཞེས་གསུངས་པ་འདི་ལས་ཀྱང་ཐུགས་ཀྱི་སྲས་པོར་དབང་བསྐུར་བ་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལའང་འཇིགས་མེད་རིག་པའི་དབང་ཕྱུག་ཏུ་གསོལ། མདོ་དབུས་ཁམས་གསུམ་གྱི་འཁོར་སློབ་གྲངས་ཀྱི་མི་ཟིན་པའི་ཁྲོད་ནས་རིག་པའི་ཡང་རྩེར་གྱུར་བ། ངང་རྒྱུད་འཇམ་ལ་རང་གཤིས་བརྟན་པ་དང་གཤེན་རབ་བསྟན་པ་འཛིན་པའི་སྐྱེས་བུ་ཞིག་ཏུ་འགྱུར་བར་ཡིད་ཆེས་ཀྱིས་བསྔགས་པ་ནི། པྲ་རྟགས་རྟེན་འབྲེལ་དང་ལུང་བསྟན་རྨི་ལམ་ཙམ་ལ་བརྟེན་ཏེ་གསུང་བ་མ་ཡིན་གྱི། ཇི་སྐད་དུ། དང་པོ་བླ་སློབ་བརྟག་ལ་མཁས། བར་དུ་གདམས་པ་ལེན་ལ་མཁས། ཐ་མར་དགོངས་སྤྱོད་བསླབ་ལ་མཁས། ཞེས་པ་ནང་བཞིན། བླ་མས་སློབ་མའི་སེམས་རྒྱུད་ལ་ཡུན་རིང་དུ་གཞིགས་ཏེ། འབྱུང་འགྱུར་དོན་ལ་སྨིན་པའི་དཔྱད་འབྲས་ཡང་དག་ཅིག་ཡི་གེར་ཕབ་པ་གདོན་མི་ཟ་བར་ངེས་པ་རྙེད།

དགུང་ལོ་ཉེར་བརྒྱད་བཞེས་པ་ཆུ་སྤྲེལ་ཏེ་སྤྱི་ལོ༡༩༩༢ལོ་ནས་བཟུང་། སྔོན་བྱོན་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་མཛད་སྤྱོད་བླ་ན་མེད་པ་འཁོར་ལོ་གསུམ་གྱི་བྱ་བ་དང་མ་བྲལ་བར། བསྟན་འཛིན་གསེར་གྱི་རི་དབང་དུ་མའི་དྲུང་ནས་རྒྱུད་ལུང་མན་ངག་དབང་དང་བཅས་པའི་གདམས་ངག་གསེར་གྱི་ཡང་ཞུན་མང་དུ་མནོས་པས་མ་ཚད། ཤར་རྫའི་རི་ཁྲོད་གཡུང་དྲུང་ལྷུན་པོའི་རི་ལ་ཞབས་པད་ཉེ་བར་འཁོད་དེ། ཆུ་བོའི་རྒྱུན་གྱི་བརྩོན་པ་ལ་བརྟེན་ནས་བསྙེན་སྒྲུབ་བསྒོམ་པའི་བསམ་གཏན་གྱི་སྟན་ལ་ལྷོད་ཀྱིས་བཞུགས། དུས་དེ་ནས་བཟུང་རྒྱལ་ཚབ་བླ་མ་མཐུ་སྟོབས་རྣམ་རྒྱལ་ལགས་ཀྱི་ཞལ་བཀོད་བཞིན་དུ། འཁོར་འདས་གཉིས་ཀྱི་རི་སུལ་ན་བཞུགས་པའི་ཚེ་བློ་བློས་བཏང་གི་སྒྲུབ་པ་བ་རྣམས་ལ་དཔེ་ཁྲིད་འཆད་ཉན་གྱི་རྒྱུན་བསྐྱངས། ཁྱད་པར་དུ་རྒྱལ་ཚབ་བླ་མའི་མདུན་ནས་རྒྱལ་བའི་བཀའ་དང་བཀའ་ལ་བརྟེན་པའི་བོན། རྩོད་མེད་མཁས་གྲུབ་ཡོངས་ཀྱི་གསུང་རབ་ཐམས་ཅད་ཀྱི་ལུང་དང་། སྤྱི་སྤུངས་གསས་མཁར་མཆོག་ལྔ་ལ་སོགས་ཡི་དམ་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་དབང་། མ་སྲིང་བཀའ་སྐྱོང་སྲུང་མའི་རྗེས་གནང་དང་བཅས་པ་མང་དུ་ཐོབ་པས་དེང་གི་དུས་ན་རྒྱུད་ལུང་མན་ངག་དབང་དང་བཅས་པའི་བང་མཛོད་འཛིན་པ་རིན་ཆེན་གཏེར་གྱི་རྒྱ་མཚོ་ཆེན་པོ་ནི་དམ་པ་འདི་ཉིད་ལྟ་བུར་གྱུར་ཡོད་གཤིས། 

དེ་དག་གི་བར་མཚམས་རྣམས་སུ་དཔལ་ལྡན་ཡེ་ཤེས་དགོན་དང་། སེ་ཞིག་དགོན་ལ་སོགས་གཡུང་དྲུང་བོན་གྱི་དགོན་སྡེ་སོ་སོས་གདན་ཞུས་གནང་པ་ལ་ཞབས་བསྒྱུར་ཏེ། སྨིན་གྲོལ་བོན་གྱི་གདམས་པ་ཟབ་མོ་སྐལ་ལྡན་བྱེ་བའི་གཙུག་རྒྱན་དུ་ཅི་དགར་བསྩལ། ཕྱོགས་དང་རིས་སུ་མ་ལྷུང་བའི་སྒོ་ནས་དད་ལྡན་སྐྱེ་བོ་ཡོངས་ལ་སྡིག་སྤོང་དགེ་སྒྲུབ་དང་། བསླབ་བྱ་སྐུལ་འདེད། སྙིང་པོ་བཟླས་ལུང་སོགས་ཕངས་མེད་དུ་བསྩལ་བ་བརྗོད་མི་ལང་།

དགུང་ལོ་སོ་བདུན་སོན་པ་ལྕགས་སྦྲུལ་ཏེ་སྤྱི་ལོ༢༠༠༡ལོར་རྒྱལ་ཚབ་གཉིས་པ་བླ་མ་མཐུ་སྟོབས་རྣམ་རྒྱལ་གྱི་ཞལ་བཀོད་བཞིན་དུ། དམ་པ་མཆོག་ནི་ཀུན་མཁྱེན་འཇའ་ལུས་པའི་རྒྱལ་ཚབ་གསུམ་པར་རྒྱལ་ཐེབས་སྤྱི་ལུགས་སུ་དབང་བསྐུར་མཛད་དེ། མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་ཆེན་གསོལ་བ་དང་། དགུང་ལོ་སོ་བརྒྱད་བཞེས་པ་ཆུ་རྟ་ལོར་གནས་མཆོག་བོན་རི་ཆེན་མོར་ཕྱག་སྐོར་དུ་ཕེབས་ཏེ། གཤེན་རབ་ཐུགས་སྤྲུལ་དམུ་རི་སྨུག་པོའི་དྲུང་ནས་བསྔོ་ཤ་བསད་ཤའི་རིགས་རྣམས་གཏན་མེད་དུ་སྤངས་ཤིང་། སྒོ་གསུམ་ལས་ཀྱི་བག་ཆགས་ཕྲ་ཞིང་ཕྲ་བ་དྲུངས་ནས་འབྱིན་ཏེ། སྡོམ་པ་གསུམ་གྱི་ཉམས་ལེན་ལ་ཉེས་བྱས་ཕྱོགས་མཐུན་ཙམ་ཡང་མ་གོས་པར་ལྷ་གནས་ཨུད་འབར་མེ་ཏོག་ཇི་བཞིན་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་གྱུར།

དགུང་ལོ་ཞེ་དྲུག་བཞེས་པ་ལྕགས་སྟག་སྟེ་སྤྱི་ལོ༢༠༡༠ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བོན་གྱི་སློབ་མ་བསྡུ་ལེན་བྱེད་པའི་རྒྱུགས་སྤྲོད་དཔང་བཞུགས་སུ་དྲང་བཞག་བདེན་འཚོལ་གྱི་དགེ་རྒན་དུ་གདན་དྲངས་པ་དང་། དེ་གའི་སློབ་གླིང་གིས་བོན་གྱི་དགེ་བཤེས་ཆེན་མོའི་རྒྱུགས་སྤྲོད་དཔང་བཞུགས་ཀྱི་སློབ་དཔོན་ཆེན་མོ་ལའང་ལན་གཉིས་ཙམ་ལ་གདན་ཞུས་མཛད་པས། སངས་རྒྱས་འགྲོ་བའི་དོན་དུ་སྐུ་མི་ཕངས་པའི་དཔེ་ལྟར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་བསྟན་སྲིད་གཉིས་ལ་ཕན་པའི་བྱ་བ་རླབས་ཆེན་མཛད། ལྷག་པར་དུ་ཁོང་གི་ཐུགས་བསྐྱེད་བཞིན་དུ་ཐར་བདེ་སྤྲུལ་བའི་སྐུ་མཆོག་དམ་པ་ཚེ་དབང་འཇིགས་མེད་ལགས་ཀྱིས་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ལ་འདུ་ཁང་ཆེན་མོ་སྔ་ན་མེད་པ་ཞིག་གསར་བསྐྲུན་མཛད་པ་དང་། དེ་ལ་རྟེན་དང་བརྟེན་པའི་བཀོད་པ་ཡོངས་སུ་རྫོགས་ཏེ་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་དང་བསྟུན། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་ཚོགས་འདུ་ཐེངས་གཉིས་པ་དེ་ཡང་འོག་མིན་མཁའ་སྤྱོད་གཉིས་པར་གྲགས་པའི་ཤར་རྫའི་རི་ཁྲོད་དུ་འཚོགས་ཐུབ་པ་བྱུང་། དུས་དེར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་གྱི་བླ་སྤྲུལ་དགེ་བཤེས་གྲྭ་ཇོ་སྔགས་པ་བཅས་ལ་ཐུགས་ཡིད་གཤིན་པོའི་བཀའ་གྲོས་མཛད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ཕན་ཚུན་ཐུགས་ཡིད་འོ་ཆུ་ཇི་བཞིན་གཅིག་ཏུ་འདྲེས་ཤིང་དབང་དང་བྱིན་རླབས་ཀྱི་སྒོ་འཕར་མ་ལུས་ཡོངས་སུ་ཕྱེས་པར་མཛད།

དགུང་ལོ་ཞེ་བརྒྱད་བཞེས་པ་ཆུ་འབྲུག་སྟེ་སྤྱི་ལོ༢༠༡༢ལོ་ནས་བཟུང་། དབེན་པའི་རི་ཁྲོད་གོང་མ་ལ་སྒོམ་གྲྭ་བ་བདུན་དང་ལྷན་བཞུགས་བྱས་ཏེ། སེམས་ཉིད་ཀ་དག་རྩ་བྲལ་ཏུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་དང་། འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་དུ་གྲོལ་བའི་ལམ་ལ་ཞུགས་ཏེ། སྣང་བ་བཞི་དང་སྒྲོན་མ་དྲུག་གི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཡོད་མེད་སྣང་སྟོང་གི་མཐའ་ལས་འདས་པ་སྨྲ་བསམ་བརྗོད་བྲལ་ཆེན་པོར་སྐུ་འཚོ་གཞེས་སུ་བཞུགས་ནའང་། ཁོང་གི་འཕྲིན་ལས་རྣམ་བཞིའི་ཤུགས་འབྱུང་གིས་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་གྲུབ་པ་ཡིན་ཏེ། དཔལ་ལྡན་ཡེ་ཤེས་དགོན་དུ་བན་བོན་རིས་མེད་ཀྱི་ཆོས་ཚོགས་གཟབ་རྒྱས་སུ་སྤེལ་བ་ལ་སྐུ་དངོས་སུ་ཕེབས་ཏེ། གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་དང་། སྣང་དགོན་མཁན་ཟུར་བསྟན་འཛིན་སྨོན་ལམ། ཡ་ཆེན་སྤྲུལ་སྐུ་ནམ་མཁའ་སྙིང་པོ་སོགས་གྲུབ་མཐའ་ཁག་གི་བླ་སྤྲུལ་ལྷན་འཛོམས་བྱུང་བའི་ཁྲོད། དམ་པ་མཆོག་གིས་ནན་ཆེན་གྱིས་བཀའ་སློབ་གནང་བ་ནི། སྟོན་པའི་ལས་ནི་སྙིང་རྗེ་ཡིན། །སྙིང་རྗེས་འགྲོ་བ་ཐར་བར་འདྲེན། །ཞེས་པའི་དགོངས་དོན་ལྟར། གྲུབ་མཐའ་སོ་སོའི་བར་ལ་རིས་མེད་ཀྱི་ལྟ་བ་འཛིན་སྟངས་དང་། སེམས་ཅན་ཡོངས་ལ་བྱམས་དང་སྙིང་རྗེ་བསྒོམ་སྟངས། འཆམ་མཐུན་གྱི་སྤྱི་ཚོགས་སྤེལ་བ་དང་འཚེ་མེད་ཞི་བདེ་བསྐྲུན་པའི་ཐད་ལ་བཀའ་སློབ་རྒྱ་ཆེར་བསྩལ་བས་ཀུན་གྱིས་དད་གུས་དང་གདེང་འཇོག་ཆེན་པོ་ཐོབ། དེའི་རྗེས་ཡེ་ཤེས་དགོན་གྱི་བསྟན་བདག་སྤྲུལ་སྐུ་རྣམ་གཉིས་གོང་རིམ་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་པའི་ཐད་ལའང་མཐུན་རྐྱེན་གང་ལེགས་བསྐྲུན། དགུང་ལོ་ཞེ་དགུའི་སྐབས་སུ་གྱེར་ཟའི་རི་ཁྲོད་དུ་ཀུན་མཁྱེན་ཤར་རྫ་བའི་བཀའ་འབུམ་མཛོད་ཆེན་རྣམ་ལྔའི་ཟབ་ཁྲིད་ཀྱི་བཤད་གྲྭ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་།

དགུང་ལོ་ལྔ་བཅུ་བ་སྟེ་སྤྱི་ལོ༢༠༡༤ལོར་ཀུན་མཁྱེན་གྲུབ་པའི་དབང་ཕྱུག་ཆེན་པོ་ཤར་རྫ་བ་རིན་པོ་ཆེ་སྐུའི་དཀྱིལ་འཁོར་འཇའ་ལུས་འོད་གསལ་གྱི་སྐུ་རུ་དེངས་ནས་ལོ་འཁོར་བརྒྱད་ཅུ་འཁོར་བའི་དུས་དྲན་དུ། ཕྱོགས་འདུས་ཀྱི་གྲྭ་སློབ་སུམ་བརྒྱ་དང་ཆབས་ཅིག་ཤར་རྫའི་རི་ཞིང་དུ་རིགས་ལྔ་བདེར་གཤེགས་འདུས་པའི་ཚོགས་འཁོར་རྒྱ་ཆེར་སྤེལ། དགུང་ལོ་ང་གཅིག་བཞེས་པའི་སྐབས་ཁྱུང་འཁོར་སྤྲུལ་སྐུ་བསོད་ནམས་ཉི་མ་མཆོག་གིས་དགེ་ཐང་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ་དུ་སྒྲུབ་གྲྭའི་ལྷ་ཁང་གསར་བཞེངས་ལེགས་གྲུབ་བྱུང་བ་མ་ཟད། ཨ་གཡུང་རིན་པོ་ཆེའི་སྐབས་ནས་བཟུང་སྲིད་གཞུང་ལ་སྙན་བསྐུལ་ཞུས་ཏེ། ཆོག་མཆན་ཐོབ་པའི་ཤར་རྫ་ནང་བསྟན་སློབ་གླིང་གི་ཚོགས་ཁང་ཕྱི་ནང་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་བའི་བཀྲ་ཤིས་རབ་གནས་མཛད་སྒོའི་རྟེན་འབྱུང་དང་འབྲེལ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་པ་ཡང་གདན་ས་འདི་རུ་འཚོགས་ཐུབ་པ་བྱུང་། དེ་ཡང་ཡེ་ཁྲི་ལ་བཟླ་ལས། སྦྱིན་པའི་གཡབ་མོ་ལེགས་བོས་ཏེ། །སྙན་པར་སྨྲ་བའི་གཏམ་སྨྲས་ནས། །དོན་ཡོད་སྤྱོད་པས་བག་ཕབ་སྟེ། །དོན་མཐུན་བློ་གྲོས་ངེས་པར་གདབ། །ཞེས་གསུངས་པ་ལྟར། དུས་དེར་བོད་མདོ་དབུས་ཁམས་གསུམ་ནས་བོན་གྱི་དགོན་སྡེ་ཉིས་བརྒྱ་ལྷག་གི་ཚབས་མཚོན་མི་སྣ་དང་། འདུས་པ་སྟོང་དང་ལྔ་བརྒྱ་ལྷག་ལ་ཉེ་བ་ལྷན་གཅིག་ཏུ་གདན་འཛོམས་བྱུང་སྟེ། ཤར་རྫའི་རི་སུལ་དུ་དམར་སེར་གུར་ཀུམ་བྱེ་བའི་དཔལ་ལ་འཁུ་བའི་གཡུང་དྲུང་སེམས་དཔའི་རིགས་ཀྱིས་ཁྱབ་པར་གྱུར།

དགུང་ལོ་ང་གཉིས་བཞེས་པ་མེ་སྤྲེལ་ཏེ་སྤྱི་ལོ༢༠༡༦ལོར་ཀུན་མཁྱེན་འཇའ་ལུས་པའི་དངོས་སློབ་ཏུ་གྱུར་བའི་འབུམ་སྨད་བླ་མ་བསོད་ནམས་གཡུང་དྲུང་དང་ཁྱུང་པོ་བླ་མ་གཡུང་དྲུང་བདུད་འདུལ་གཉིས་ཀྱི་ཞལ་སྔ་ནས་ཐོབ་པའི་དབང་ལུང་རྣམས་དང་། རྒྱལ་ཚབ་བློ་གྲོས་རྒྱལ་མཚན་གྱི་དངོས་སློབ་རིགས་ཀྱི་ཅོད་པཎ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་དྲུང་ནས་ཐོབ་པའི་བཀའ་ལུང་དང་། ཤར་རྫའི་སློབ་བུ་བྱ་བཏང་ཚེ་དབང་འགྱུར་མེད་དང་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གཉིས་ཀྱི་དངོས་སློབ་ཨ་གཡུང་གཤེན་བསྟན་མཐའ་རྒྱས་དང་སུ་ལ་གཡུང་དྲུང་དབང་རྒྱལ་གཉིས་ཀྱི་མདུན་ནས་གསན་པའི་བོན་སྐོར། ཤར་རྫའི་དངོས་སློབ་སྐྱང་སྤྲུལ་ལུང་རྟོགས་བསྐལ་བཟང་རྒྱ་མཚོའི་ཐུགས་སྲས་རྩ་བླ་བོན་བརྒྱ་ཐམས་ཅད་མཁྱེན་པ་བཅས་ཀྱི་ཞལ་སྔ་ནས་སོགས་ཆིག་བརྒྱུད་དང་ཉེ་བརྒྱུད་དུ་ཐོབ་པའི་རིན་ཆེན་གསེར་ལས་ལྷག་པའི་བོན་ཕྱི་ནང་གསང་བ་ཡང་གསང་བཞིའི་དབང་ལུང་མན་ངག་གི་རྒྱུན་ཐམས་ཅད། སྐལ་ལྡན་ཁྲི་ཕྲག་དུ་མའི་སྤྱི་བོའི་རྒྱན་དུ་ཕངས་མེད་དུ་ཟླ་ཕྱེད་གཉིས་ལྷག་གི་རིང་ལ་བོན་སྦྱིན་མཛད་པ་ནི། ཇི་སྐད་དུ། སྐྱེ་རྒུའི་རེ་བ་ཡིད་བཞིན་སྐོང་བའི་ནོར། །བསོད་ནམས་ཚོགས་ཆེན་རང་རྒྱུད་སྡུད་པའི་གཞི། །རྒྱལ་སྲས་བྱེ་བའི་འཇུག་ངོགས་དམ་པ་ནི། །སྦྱིན་པའི་ཕ་རོལ་ཕྱིན་པ་ཉིད་དུ་ངེས། །ཞེས་གསུངས་པ་ལྟར། གངས་རིའི་ཕྱི་ནང་ཀུན་ཏུ་འཚོ་བའི་བོད་འབངས་ཡོངས་ལ་སངས་རྒྱས་གཡུང་དྲུང་བོན་ལ་རང་དབང་གིས་ལོངས་སུ་སྤྱོད་པའི་གོ་སྐབས་གནང་པ་མ་ཟད། འཇའ་ལུས་ཤར་རྫ་བའི་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་དཀར་འཇམ་ཡུགས་གཅིག་ཏུ་ཡོངས་སུ་ཁྱབ་གདལ་དུ་སྤེལ་བའི་མཛད་རྗེས་བླ་ན་མེད་པ་ཞིག་ཏུ་འཁུམས།

ད་ལྟའང་སྐྱེས་བུ་དམ་པ་ཁོང་ནི་ཉིན་མཚན་ཁོར་མོ་ཡུག་ཏུ་ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ལ་རྒྱུན་ཆགས་སུ་བཞུགས་ཤིང་། བསྙེན་སྒྲུབ་བསྒོམ་པའི་ལས་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པ་མ་ཟད། བྱ་ཉུང་དོན་ཉུང་དང་འདོད་ཆུང་ཆོག་ཤེས་ཀྱིས་བརྟུལ་ཞུགས་ལ་གནས་ཏེ། སྤྱི་བོར་བླ་མ་དང་མི་འབྲལ་བ། སྣང་བ་སྒྱུ་མ་དང་མི་འབྲལ་བ། རང་སེམས་གཉུག་མ་དང་མི་འབྲལ་བར་ཡུལ་གོང་མ་རྣམས་ལ་གུས་པ་ཆེ་ཞིང་བྱིན་རླབས་དབང་གི་ཆུ་བོ་གཞི་གཅིག་ཏུ་བསྐྱིལ་བ་དང་། དམན་ལ་བྱམས་བརྩེ་ཆེ་ཞིང་ཐུགས་རྗེའི་གཤོག་པ་རབ་ཏུ་བརྐྱངས་ནས། མ་ནུས་པའི་སྐྱེ་བོ་ཀུན་ལ་ལས་ཀྱིས་མནར་བའི་སྡུག་བསྔལ་གཏོང་ལེན་བྱེད་པ་སོགས་ནི་རྗེ་བཙུན་དམ་པ་དགོངས་མཛོད་རི་ཁྲོད་པ་ཆེན་པོ་དང་། ཀུན་མཁྱེན་འཇའ་ལུས་གྲུབ་དབང་ཤར་རྫ་བའི་དགོངས་སྤྱོད་ཇི་བཞིན་འཛིན་རྟོག་བློ་ལས་འདས་ཤིང་ཕྱོགས་རིས་སྤྲོས་དང་བྲལ་བ་མ་ཟད། དོན་རྟོགས་ཉམས་སུ་མྱོང་ཞིང་རྩོལ་མེད་ལྷུན་གྲུབ་ཏུ་གནས་པའི་མཛད་པའང་ཡིན།

མདོར་ན་རང་དོན་དུ་ཐོས་བསམ་བསྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ལ་རྒྱུན་ཆད་མེད་པ་ནས། མདོ་སྔགས་སེམས་གསུམ་གྱི་རིག་གཞུང་སྤྱི་དང་། ཁྱད་པར་ཐེག་དགུའི་རྩེ་མོ་སྲས་རྒྱུད་རྫོགས་པ་ཆེན་པོའི་ལྟ་བ་ལྷུར་གྱིས་བླངས་ཏེ། གཞིའི་ངོ་བོའི་ཉམས་ལེན་ཀ་དག་ཁྲེགས་ཆོད་དང་། གཞི་སྣང་རྩལ་གྱི་ཉམས་ལེན་ལྷུན་གྲུབ་ཐོད་བརྒལ་ཏེ། དབྱིངས་རིག་གཉིས་སུ་མེད་པའི་ཡེ་ཤེས་རྩོལ་མེད་རྗེན་འཆར་དུ་ཉམས་སུ་བླངས་པས། ཉམས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་། འཁོར་འདས་གཉིས་མེད་དག་མཉམ་རོ་གཅིག་ཏུ་ལྷུན་གྲུབ་བཀོད་པའི་ཞིང་ཁམས་སུ་གནས་འགྱུར་ཏེ། གྲུབ་དབང་ཤར་རྫའི་ཕྱག་སྲོལ་ཇི་བཞིན་འཁོར་ལོ་གསུམ་གྱིས་བསྟན་འགྲོའི་དོན་ཆེན་རྣམ་པར་མཛད་པ་ནི། གཤེན་བསྟན་གསལ་བའི་སྒྲོན་མེ་ལས། བོན་རྣམས་ཀུན་གྱི་གཤིས་ལུགས་བརྗོད་བྲལ་དབྱིངས། །དངོས་མེད་གཞི་རྩ་བྲལ་བའི་ངང་ཉིད་དུ། །མཚན་འཛིན་གཉིས་སྣང་ནུབ་པའི་ཚུལ་གྱིས་ནི། །ནམ་མཁའ་ལྟ་བུའི་མཉམ་བཞག་སྐྱོང་དེ་རྨད། །ཅེས་གསུངས་པ་ལྟར་དུ་ཚེ་དང་སྒྲུབ་པ་མཉམ་བསྐྱལ་གྱིས་གྱེར་ཟའི་རི་ཁྲོད་དྲང་སྲོང་དགྱེས་པའི་བསྟི་གནས་སུ་སྒྲུབ་བརྒྱུད་བསྟན་པའི་བ་དན་མཁའ་ལ་བསྒྲེངས་དང་སྒྲེང་བཞིན་སྐུ་འཚོ་དཔལ་དུ་དགེ་བ་ནི་སྒྲོན་བསྐལ་དུས་ཀྱི་སྟོན་པ་བསམ་བཞིན་དུ་བསྟན་འགྲོའི་མགོན་དུ་བཞུགས་བཞིན་པ་ལགས་སོ། །

ཞེས་འདི་ནི་དམ་པ་གང་གི་ཞལ་སློབ་ཏུ་གྱུར་བ་མཁན་བསྟན་འཛིན་ནོར་བུ་མཚན་ཅན་གྱིས་རྒྱལ་ཚབ་རིན་པོ་ཆེའི་བཀའ་སློབ་སྒྲ་བཤུས་ཡི་གེར་ཕབ་སྟེ་དཔར་བསྐྲུན་གྱི་སྟ་གོན་ལ་ཉེ་བར་རྩོམ་པའི་བར་སྐབས་སུ། རྣམ་ཐར་ཐུང་ངུ་ཞིག་འབྲི་བར་ཡང་ཡང་བསྐུལ་བ་མ་ལྡོག་ཙམ་དུ། གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ་གསེར་ཆེན་མེ་ཏོག་བཀྲ་བའི་ཚལ་གསེབ་ཏུ་སུག་བྲིས་བགྱིས་ཏེ་ཕུལ་བའོ། །

(མ་རྩོམ་ཡོང་ཁུངས། སྲིད་པ་ཀུན་མཐོང་གི་འཕྲིན་ལམ།)

78600cookie-checkཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གི་མཛད་རྣམ་རགས་བསྡུས།
(སྤྱིའི་གཟིགས་གྲངས། 92 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།