ཤིས་བརྗོད་དར་དཀར་རྡུལ་ཕྱིས།
ཁྱུང་ཐོག་རྒོད།
ཚན་རྩལ་རིག་པའི་ཉི་གཞོན་གྱི།།
དུས་རབས་སྒོ་འཕར་ཕྱེས་དང་ལྷན།།
གནའ་བོའི་མེས་པོའི་ཕྱག་རྗེས་དག།
གློག་འཕྲུལ་མེ་ལོང་ངོགས་སུ་བཀོད།།
གྱེར་སྒོ་ཕྱི་ནང་གསང་བ་ཡི།།
ལྟ་གྲུབ་ཆུ་ཤེལ་དྭངས་མའི་གཟུགས།།
དཔྱད་གསུམ་ཆབ་ཀྱིས་རབ་བྲན་ཏེ།།
སྟབས་བདེ་དྲ་བའི་སྒྲོམ་དུ་བཤམས།།
རྨུ་ཐག་གངས་ལ་བཙུག་པ་སྟེ།།
བཙན་པོའི་སྲིད་དང་མངའ་དབང་གི།།
བྱུང་རབས་གསེར་ནག་གྱེན་སྐས་ཤིག།
བློ་གསར་མིག་གི་དཔྱིད་དུ་བསླངས།།
ཉེར་གཅིག་དུས་ཀྱི་སྐྱ་རེངས་ཀྱིས།།
ཤེས་ཡོན་ཉི་གཞོན་བསུས་དང་བསྟུན།།
བཅུ་རིག་པད་མའི་ཚོམ་བུ་ཞིག།།
ཤར་ནུབ་མགྲོན་པོའི་ཕྱག་ཏུ་བསྲིངས།།
སྒྱུ་རྩལ་གར་གྱིས་མྱོས་པ་ཡི།།
སྟོང་ལོ་གཉིས་པའི་ཁུགས་སོ་རུ།།
གནའ་དེང་དབྱངས་ཀྱི་སྟེགས་བུ་ཞིག།
སྙུག་ཐོགས་དགྱེས་པའི་རྟེན་དུ་བཞེངས།།
དུས་དང་འཚམས་པའི་མེ་ལོང་གི།།
ལང་ཚོ་གསར་དུ་འབུས་པ་ལ།།
ཤིས་བརྗོད་དར་དཀར་རྡུལ་ཕྱིས་ཤིག།
ཀླུ་གྲུབ་རི་བོའི་འདབས་ནས་བཀྱགས།།