ཤེས་རིག་ཕུན་ཚོགས་གླིང་བོན་ཚོགས་ཀྱི་མྱ་ངན་ཞུ་འཕྲིན།
མྱ་ངན་ཞུ་འཕྲིན།
༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འཛིན། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་དབུས་པའི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་འདུས་མང་ཡོངས་ཀྱི་དྲུང་དེར།
ཆེད་དུ་ཞུ་གསོལ་འདེབས་སྙིང་།
རང་རེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མིང་ཙམ་ལས་མ་ལྷག་པའི་ལྔ་སྙིགས་དུས་ཀྱི་ཁུག་སོ་འདིར་སྐུ་ཚེགས་ཁྲི་སྟོང་མང་པོ་ཆེད་དུ་བསད་ཅིང་། རླབས་ཆེན་བསྟན་འགྲོའི་མཛད་ཁུར་འཕྲག་ཏུ་བཞེས་ནས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་ཁྱོན་ཡོངས་སུ་གཡུང་དྲུང་བོན་གྱི་བསྟན་དང་དེར་འཛིན་གྱི་འཕེལ་ཕྱོགས་ཡར་ངོའི་ཟླ་ལ་འགྲན་བཞིན་པ་འདིའི་དེད་དཔོན་ཉག་གཅིག དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག ཡེ་རིག་གདེངས་ལྡན་གྱི་རྣལ་འབྱོར། རིམ་གཉིས་མངོན་གྱུར་གྱི་རིག་འཛིན། ས་བཅུ་དབང་ཐོབ་ཀྱི་སེམས་དཔའ། རྒྱལ་ཀུན་འདུས་པའི་རང་གཟུགས། དུས་རབས་གཅིག་གི་སྟོན་པ། ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ལྷག་པའི་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མ། མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཞིང་འདིར་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ཏེ་གདུང་ལོ་བརྒྱ་ཕྲག་གཅིག་བཞེས་པའི་དུས་ཚིགས་ཁྱད་པར་ཅན་ལ་རོལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་ནའང་། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༢ ཉིན་རིན་པོ་ཆེ་མཆོག་གི་བསྟན་འགྲོའི་དོན་ཆེན་རེ་ཞིག་གྲུབ་སྟེ། ཐུགས་དམ་གཡོ་བ་མེད་པའི་ངང་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་སྟངས་བྱུང་བ་དེས་འདི་གའི་འགོ་ལས་དགེ་སློབ་ཡོངས་རྫོགས་སྲིད་པ་འགོ་མཇུག་ལྡོག་པའམ། འཇིག་རྟེན་སྨག་གིས་གཡོགས་པ་ལྟ་བུའི་མྱ་ངན་གྱི་ཁྲོད་དུ་ལྷུང་སྟེ་ཅི་བྱ་གཏོལ་བྲལ་དང་། བྱིའུ་ཕྲུག་ཐང་སྟོང་དུ་ལུས་པ་བཞིན་གྱུར་སོང་བ་ལྟར། གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་འདུས་མང་སོགས་༧སྐྱབས་རྗེ་མཆོག་དང་འབྲེལ་ཐོགས་ཀུན་ལ་དེ་མཚུངས་སུ་གྱུར་ཡོད་པ་སྨོས་མེད་ལྟར་གདུང་ཤུགས་གཅིག་ཏུ་སྒྲིལ་ཏེ་མྱ་ངན་གྱི་གདུང་འབོད་ཞུ་བཞིན་ཡོད། ༧སྐྱབས་རྗེ་མཆོག་གི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་། བདག་ཅག་བུ་སློབ་ལྟོས་བཅས་རྣམས་ཚེ་རབས་ནས་ཚེ་རབས་སུ་ཐུགས་རྗེས་བཟུང་ཞིང་བྱིན་གྱིས་རླབས་པའི་ཕྱིར་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མཆོད་སྤྲིན་སྣ་ཚོགས་བཏེགས་པའི་དྲུང་དུ་འདི་གའི་ཚོགས་མི་དང་སློབ་ཕྲུག་བཅས་པས་ཉིན་རེ་བཞིན་བླ་མ་མཆོད་པ་དང་། ༧སྐྱབས་རྗེ་མཆོག་གི་གསོལ་འདེབས་དབྱངས་སུ་དྲངས་ཏེ་ཡིད་གདུང་དྲག་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་ཡོད། ༧སྐྱབས་རྗེ་ཡོངས་འཛིན་ཆེན་མོ་མཆོག་གི་ཞིང་འདིའི་བསྟན་འགྲོའི་མཛད་འཕྲིན་རེ་ཞིག་གྲུབ་སྟེ་དགོངས་པ་བོན་དབྱིངས་སུ་ཐིམ་ཟིན་ནའང་། བདག་ཅག་བུ་སློབ་འབྲེལ་ཐོགས་ལྟོས་བཅས་ཡོངས་ཀྱིས་རིན་པོ་ཆེ་མཆོག་གི་དགོངས་གཞི་ཟབ་མོ་རྣམས་ཉམས་སུ་བླངས་ཏེ། རང་འཁྲིའི་ལས་དོན་གང་ཡིན་འཐུས་ཤོར་མེད་པ་བསྒྲུབ་རྒྱུ་ནི་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་སྤྲིན་གྱི་རྒྱན་དུ་འགྱུར་རྒྱུར་གདོན་མི་ཟ། མཐའ་དོན་བདག་ཅག་ལྟོས་བཅས་ཡོངས་ཀྱིས་འདི་ཕྱི་གང་དུ་ཡང་སྐྱབས་དང་དཔུང་གཉེན། མགོན་དང་རེ་ས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཁྱེད་ལས་ལྷག་པ་སུ་ཡང་མེད་པས་ཐུགས་རྗེས་བཟུང་དུ་གསོལ། ཐུགས་རྗེས་བསྐྱབ་ཏུ་གསོལ། ཚེ་རབས་འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེའི་གུར་ཁང་ནས་ནམ་ཡང་མི་འདོར་བ་མཁྱེེན་ མཁྱེན་ཞུ་བའི་འཕྲིན་དུ།
ཤེས་རིག་ཕུན་ཚོགས་གླིང་བོན་ཚོགས་ཀྱི་ཚོགས་མི་ཡོངས་དང་།
གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཐུན་མོང་བཅས་ནས་
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༧ ཉིན་གུས་ཕུལ།