ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན། བར་ཆ།

བླ་མའི་གསོལ་འདེབས་བཞུགས་སོ།།

མཛད་པ་པོ། སྨན་རིའི་དཔོན་སློབ་རྒྱལ་རོང་ཚུལ་ཁྲིམས་དབང་ལྡན།

ཨེ་མ་ཧོ། མི་སྲུན་གདུལ་དཀའ་འདུལ་བའི་ཞིང་ས་རུ།། ལུང་རྟོགས་བསྟན་པའི་པད་ཚལ་རྒྱས་པའི་གཉེན།། གོང་མའི་བརྒྱུད་འཕྲེང་མདོ་འཛིན་ཉི་མ་ཞིག། ཟོལ་མེད་ལྷོ་ནས་ཤར་བར་གསོལ་བ་འདེབས།། ༧ སངས་པོ་མངོན་བྱོན་རྗེ་བཙུན་སྨན་རི་བས།། རྒྱས་བཀྲོལ་གནང་བའི་མདོ་སྔགས་སེམས་ཀྱི་སྡེས།། བསྟན་དོན་ཇི་བཞིན་བཤད་སྒྲུབ་སྲོལ་གཏོད་ནས།། འཛིན་སྐྱོང་ཕྱག་རྗེས་བཞག་ལ་གསོལ་བ་འདེབས།། ༧ སྔོན་སྦྱངས་ལས་གྲུབ་བཅུ་ཕྲག་རིག་གཏེར་འཆང་།། ཕན་བདེ་སྒྲུབ་དང་བསྒྲུབ་ནུས་སློབ་མ་སྐྱོང་།། གཤེན་བསྟན་མེ་སོན་གཉེར་མཛད་བསྟན་འཛིན་མཆོག། རྣམ་དག་འཕྲིན་ལས་ཅན་ལ་གསོལ་བ་འདེབས།། ༧ བསྟན་འཛིན་སྐྱེས་བུ་དམ་པ་ཁྱེད་རྣམས་ལ།། ཕྱག་འཚལ་མཆོད་འབུལ་ཉེས་བཤགས་རྗེས་ཡིད་རང་།། ཞབས་པད་བརྟན་བཞུགས་བསྟན་འགྲོའི་དོན་མཛད་བསྐུལ།། བདག་གཞན་དགེ་རྩ་དོན་གཉིས་འགྲུབ་ཕྱིར་བསྔོ།། ཅེས་པ་འདི་ནི་རོང་བཙུན་ཚུལ་དབང་པས་ཁོང་རྣམས་༼ཀྱི་༽མཛད་རྗེས་ལ་ཡིད་རང་ནས་བྲིས་པ་དགེ་གྱུར་ཅིག། །།

བརྟན་བཞུགས་སྨོན་པ་ཡོངས་འགྲུབ།    

རྩོམ་པ་པོ། དགེ་བཤེས་མཁན་པོ་བསྟན་འཛིན་ཡེ་ཤེས།

༧ གཤེན་བསྟན་རིན་ཆེན་གསེར་གྱི་ལྷུན་པོའི་སྤོར།། མཁན་སློབ་ཉི་ཟླ་ཟུང་གི་འོད་ཟེར་གྱིས།། རྨོངས་བློ་མུན་པའི་ཐ་རམ་བཀྲལ་བྱས་ཏེ།། སྐལ་ལྡན་བོན་འབངས་བདེ་སྐྱིད་དཔལ་ལ་བཀོད།། ༧ གསང་གསུམ་མི་འཛད་བོན་གྱི་འཁོར་ལོ་ཡིས།། མཛད་འཕྲིན་སྙན་གྲགས་དབྱར་གྱི་རྫ་རྔ་བརྡུང་།། སྐལ་མེད་ཞིང་བཅུའི་ཚོགས་རྣམས་ཀླད་འགེམས་ཤིང་།། སྐལ་ལྡན་བོན་འབངས་བདེ་སྐྱིད་དཔལ་ལ་བཀོད།། ༧ དུས་འགྱུར་རླུང་ནག་འཚུབ་པའི་གཉན་འཕྲང་སྐབས།། རྒྱལ་བསྟན་མེ་རོ་སྤར་བའི་རླུང་གཡབ་མཁན།། བསྐལ་ཁུག་སྟོན་པ་མཁན་སློབ་ཟུང་འབྲེལ་གྱིས།། སྐལ་ལྡན་བོན་འབངས་བདེ་སྐྱིད་དཔལ་ལ་བཀོད།། ༧ རྣམ་གཉིས་སྐུ་མཚན་ཉི་ཟླའི་དཀྱིལ་འཁོར་ཆེ།། ནུབ་མེད་སྲིད་མཐའི་བར་དུ་བསྟན་འགྲོའི་དོན།། འགྱུར་མེད་གཡུང་དྲུང་ཁྲི་ལ་རྟག་བརྟན་ནས།། བོན་འབངས་ཡོངས་ཀྱི་སྨོན་པ་འགྲུབ་གྱུར་ཅིག། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ལ་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་བརྟན་བཞུགས་ཀྱི་སྨོན་ཚིག་འབུལ་སྐབས་སུ་གུས་པ་མཁན་མིང་པ་དགེ་བཤེས་བསྟན་འཛིན་ཡེ་ཤེས་ནས་ཕུལ།།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་བརྟན་བཞུགས་དགྱེས་སྟོན་ལ་ཕུལ་བའི་མཆོད་ཚིག་ངག་གི་རོལ་མོ་གཤེན་བསྟན་ཉི་མའི་འོད་སྣང་།

རྩོམ་པ་པོ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན། ནང་བསྟན་སློབ་གླིང་།

༧ རླབས་ཆེན་ཚངས་སྤྱོད་མེ་ཏོག་བྱེ་བའི་དཔུང་།། ཚད་མེད་རྣམ་བཞིའི་ཆུ་རྒྱུན་རིང་མོར་བསྲིངས།། གྲངས་མེད་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས།། ཕ་རོལ་ཕྱིན་བཅུའི་ཁོ་ལག་ཡོངས་སུ་རྫོགས།། གཞན་ཕན་གསེར་གྱི་ཧ་རིའི་ལྗོན་བཟང་པོ།། མཚན་ལྡན་རྒྱལ་བ་གཉིས་པའི་རྒྱལ་ཚབ་རྗེ།། འཛམ་གླིང་བོན་གྱི་གཙུག་རྒྱན་སྨན་རི་བ།། མི་འབྲལ་ཡིད་ཀྱི་མགོན་དུ་བསྐལ་བརྒྱར་བཞུགས།། རྣམ་དཀར་བསོད་ནམས་ཕོན་པོ་ཆར་དུ་བསྙིལ།། སྐྱབས་རྗེ་མཁན་ཆེན་བསྟན་པའི་ཉི་མ་ཆེ།། མ་འདྲེས་འགྲོ་ལ་སྙིང་རྗེའི་རང་གཟུགས་ཤར།། ལྷ་མའི་བསོད་ནམས་བསགས་པའི་མགོན་པོ་རུ།། སེང་ཁྲི་གེ་སར་བཞད་པའི་གདན་སྟེང་དུ།། གཤིས་ཀྱི་གཡུང་དྲུང་ཁམས་སུ་དགྱེས་བཞུགས་གསོལ།། ལུང་རྟོགས་རྒྱལ་བསྟན་བོན་ལ་མངའ་བརྙེས་ཞིང་།། སྤང་བསྒྱུར་གྲོལ་བའི་ལམ་སྒོ་ཡངས་པོར་ཕྱེས།། མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་མཐར་སོན་པ།། སྐྱབས་རྗེ་མཁན་ཆེན་ཉི་མ་ལ་ཕྱགས་འཚལ།། འདུལ་རྒྱུད་མུ་ཏིག་ཕྲེང་བའི་མངའ་བདག་རྗེ།། ནང་རྒྱུད་དབང་ལུང་མན་ངག་བང་མཛོད་འཛིན།། གསང་རྒྱུད་རྫོགས་པ་ཆེན་པོའི་རྣལ་འབྱོར་བ།། མཉམ་མེད་རྒྱལ་བ་གཉིས་པའི་གདུང་ཚབ་ཆེ།། དཔོན་གསས་བླ་མ་ཁྱེད་ནི་སྲིད་པའི་མིག། བདག་ཅག་འཁོར་བའི་ཀློང་དུ་འཕྱན་པ་རྣམས།། རྣམ་དག་འདུལ་བའི་སྲུང་ཁྲིམས་ཉམས་པ་དང་།། ཟབ་དཀར་སྔགས་ཀྱི་དམ་ཚིག་མ་སྲུང་ཞིང་།། རྫོགས་པ་ཆེན་པོའི་ལམ་ལ་གོལ་བ་སོགས།། སྒོ་གསུམ་སྡིག་བཤགས་དགེ་ལ་རྗེས་ཡི་རངས།། ཕྱི་ཡི་མཎ་ཌལ་སྟོང་གསུམ་གསེར་གྱིས་སྐོང་།། ནང་གི་མཎ་ཌལ་གླིང་བཞི་གླིང་ཕྲན་དམིགས།། གསང་བའི་མན་ཌལ་བྱང་ཆུབ་སེམས་ཀྱིས་རྒྱན།། ཕྱི་ནང་གསང་བའི་མཎ་ཌལ་བཟང་པོ་འདི།། བླ་མ་དཀོན་མཆོག་ཁྱེད་ལ་བཏང་རག་འབུལ།། ཞབས་ཟུང་མི་ཤིག་གཡུང་དྲུང་ཁམས་སུ་བརྟན།། སྤངས་རྟོགས་མཐར་ཕྱིན་གཤེན་རབ་མི་བོ་ཆེའི།། བཤད་སྒྲུབ་བསྟན་པའི་རྩ་ལག་འཁོར་ལོ་ཆེ།། ཡངས་པའི་འཛམ་གླིང་ཀུན་ཏུ་སྒྱུར་མཛད་པོ།། རྗེ་བཙུན་སྨན་རི་ཁྲི་འཛིན་ཞབས་བརྟན་གསོལ།། གང་ཁྱེད་བརྟན་འགྲོའི་དོན་ཆེན་འགྲུབ་པའི་ཕྱིར།། ལྷ་མིས་སྲིད་ཞུའི་མཆོད་སྤྲིན་རྣམ་དཀར་བསགས།། འདི་ནས་བཟུང་ཏེ་ཚེ་རབས་ཐམས་ཅད་དུ།། དལ་འབྱོར་དད་པའི་རྟེན་བཟང་བརྒྱུད་པ་དང་།། སྐྱབས་རྗེ་དམ་པའི་ཐུགས་རྗེས་བཟུང་དུ་གསོལ།། གདམས་ངག་བྱིན་རླབས་ཕྱོགས་ཀུན་ཉི་འོད་སྤྲོས།། བསླབ་པ་གསུམ་དང་རིམ་གཉིས་ལ་དབང་ཞིང་།། སྤངས་ལམ་མདོ་ཡི་འབྲས་བུ་མངོན་གྱུར་ཤོག། རིམ་གཉིས་བསྐྱེད་རྫོགས་དབང་བཞི་ཐོབ་པ་དང་།། མྱུར་ལམ་རིགས་འཛིན་ཆེན་པོའི་གོ་འཕང་ཤོག། ཀ་དག་ལྷུན་གྲུབ་རོལ་པ་མངོན་འཆར་ནས།། གྲོལ་ལམ་རྫོགས་པ་ཆེན་པོའི་ཉམས་རྟོགས་འབར།། གཞོན་ནུ་བོན་སྐུའི་ཀློང་དུ་སངས་རྒྱས་ཤོག། འདིས་མཚོན་ཡངས་པའི་ས་ཆེན་ཁམས་ཀུན་ཏུ།། སྐྱབས་རྗེ་དམ་པའི་བྱིན་རླབས་ཉི་འོད་ཁྱབ།། འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཆེའི།། འཛམ་གླིང་ཞི་ཞིང་བདེ་བས་ཁྱབ་པ་དང་།། བཀྲ་ཤིས་དགེ་མཚན་འབུམ་གྱིས་འགེངས་གྱུར་ཅིག། ཅེས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་༧སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་བརྟན་བཞུགས་མཎ་ཌལ་དགྱེས་སྟོན་གྱི་སྐབས་སུ་དད་མོས་སྤྲོ་བའི་ངང་ནས་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་འབོད་པའི་བོད་མེ་སྤྲེལ་ལོའི་དཔྱི་ཟླ་ཐ་ཆུང་གི་ཚེས་གཅིག་ལ་ཕུལ་བའོ།། །།

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་བརྟན་བཞུགས་མཎ་ཌལ་གི་དོད་དུ་ཕུལ་བའི་མཆོད་ཚིག་སྙིང་གི་ཐིག་ལེ་གཤེན་བསྟན་ཟླ་བའི་འོད་ཟེར།

རྩོམ་པ་པོ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན། ནང་བསྟན་སློབ་གླིང་།

༧ གཤེན་རབ་འཕྲིན་ཀླས་སྣང་ཁམས་གདལ་བས་གཟིས།། རྨད་བྱུང་བསླབ་གསུམ་ཙན་དན་སྡོང་པོ་ལ།། ཐོས་བསམ་སྒོམ་གསུམ་མདོ་སྔགས་ཟུང་འབྲེལ་པོ།། མཉམ་མེད་བླ་མའི་བྱིན་རླབས་དབྱིངས་ནས་ཕོབས།། ཡེ་ལྔའི་རང་གཟུགས་སོར་རྟོགས་ཡེ་ཤེས་ལས།། གཟུགས་སྐུའི་རོལ་པ་མཚན་དང་དཔེ་བྱེད་ལྡན།། ཀུན་མཁྱེན་ཉི་དབང་དགོངས་པ་ཐུགས་བཅུད་ཕྱུངས།། རྒྱལ་སྲས་སེམས་དཔའི་སྤྱོད་པ་ཁུར་ཁྱེར་བ།། ཁམས་གསུམ་འཁོར་བའི་སྡུག་བསྔལ་བསྒྲལ་བའི་ཕྱིར།། མི་འཇིག་གདོང་ལྔས་བཏེགས་པའི་ཁྲི་འཕང་རྩེར།། པད་མ་ཉི་ཟླས་འཕྱང་འཕྲུལ་གདན་སྟེང་དུ།། དྲིན་ཅན་བླ་མ་དགྱེས་བཞིན་བཞུགས་སུ་གསོལ།། འཕྲིན་ལས་ཕུང་པོ་གཅིག་ཏུ་བསྡུས་པའི་གར།། མཚུངས་མེད་དྲིན་ཅན་དཔོན་གསས་བླ་མ་མཁྱེན།། བདག་སོགས་མཐའ་ཀླས་སེམས་ཅན་ཐམས་ཅད་ཀྱིས།། ལུས་ངག་ཡིད་ཀྱི་དད་སྤྲོས་ཕྱག་འཚལ་ལོ།། དངོས་བཤམས་ཡིད་ཀྱི་དྭངས་བའི་མཆོད་སྤྲིན་འབུལ།། སྟོབས་བཞི་ཚང་བའི་སྡིག་པ་སོ་སོར་བཤགས།། རྣམ་དཀར་དགེ་བའི་ཕྱོགས་ལ་རྗེས་ཡི་རངས།། མཚུངས་མེད་བོན་སྒོ་མ་ལུས་ཡོངས་ཕྱེས་ནས།། ཞབས་ཟུང་གཡུང་དྲུང་ཁམས་སུ་བརྟན་པར་གསོལ།། མཉམ་མེད་རྒྱལ་བ་གཉིས་པ་ཇི་བཞིན་དུ།། འགྲོ་ཀུན་ཐུགས་རྗེས་ལྕགས་ཀྱུས་མི་གཏོང་བའི།། བསྟན་འགྲོ་ཕྱི་ནང་གསང་བའི་འཁོར་ལོ་ཆེ།། འཛིན་སྐྱོང་སྤེལ་ལ་གང་གི་ཟླ་བྲལ་བ།། རྣམ་དག་རྒྱལ་བ་གཉིས་པའི་སྒྱུ་འཕྲུལ་གར།། ཡོངས་འཛིན་བླ་མའི་ཞབས་ལ་གསོལ་བ་འདེབས།། རྒྱལ་བའི་གདུང་ཚབ་ཟོལ་དུ་བཞེངས་པ་ཡིས།། རྨད་བྱུང་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དཔལ།། གང་ཁྱེད་རྒྱལ་བསྟན་སྤྱི་དང་སྨན་རི་བའི།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཀུན་ཏུ་བསྒྲེངས།། ཞལ་གསུང་པོད་ཆེན་བཅུ་ཕྲག་བཞགས་པ་ཡིས།། བསྟན་པའི་རྒྱན་དང་འགྲོ་བའི་དཔལ་དུ་བྱས།། སྐུ་ཚེ་རྒྱལ་གཤེན་བསྟན་པའི་མཛད་རིམ་བསྐྱངས།། དཔོན་གསས་ཡོངས་འཛིན་བླ་མ་རྟགས་ཏུ་བརྟན།། ཕྱི་ནང་གསང་བའི་གདུལ་བྱ་གྱུར་རོ་ཅོག། དྲིན་ཅན་བླ་མ་འབྲལ་མེད་རྗེས་བཟུང་ནས།། སྤང་ལམ་མདོ་ཡི་ཚུལ་ཁྲིམས་ས་ཐོབ་ཤོག། བསྒྱུར་ལམ་སྔགས་ཀྱི་དམ་ཚིག་ལྡན་པར་ཤོག། གྲོལ་ལམ་རྫོགས་པ་ཆེན་པོའི་གདིང་ཐོབ་ནས།། ཟག་མེད་འོད་ཀྱི་སྐུ་རུ་གྲོལ་བར་ཤོག། མདོར་ན་རྒྱལ་བསྟན་ཡུན་རིང་གནས་པ་དང་།། དཔལ་ལྡན་བླ་མའི་གདུལ་བྱ་འཕྲིན་ལས་རྒྱས།། འཛམ་གླིང་འདིས་མཚོན་སྣང་ཁམས་འཇིག་རྟེན་ཀུན།། མཁྱེན་བརྩེའི་དགེ་མཚན་འབུམ་གྱིས་འགེངས་གྱུར་ཅིག   །ཅེས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྐུ་ཡི་མཛད་རིམ་བསྐྱངས་ནས་ད་སྐབས་དགུང་གྲངས་དགུ་བཅུ་གོ་གསུམ་བཞེས་སྐབས་རིས་སུ་མ་ཆད་པའི་དད་ལྡན་སྣང་བཅས་ཀྱི་གདུལ་བྱ་ཡོངས་དང་ཁྱད་པར་དུ་བོན་འབངས་ལྷ་སྡེ་ཀུན་གྱི་གདུལ་བྱ་རྗེས་འཛིན་གྱི་དོད་དུ་བརྟན་བཞུགས་མཎ་ཌལ་དགྱེས་འབུལ་གྱི་བཏང་རག་མཆོད་སྤྲིན་སྐལ་པ་བཟངཔོ་ཤར་སྐབས་དགའ་སྤྲོ་དད་མོས་ཀྱིས་མཚམས་སྦྱར་ཏེ་འབྱུང་ལྡན་༣༠༡བོད་མེ་སྤྲེལ་ལོའི་དཔྱིད་ཟླ་འབྲིང་པོའི་གནམ་གང་ལ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་གྱིས་སྒོ་གསུམ་གུས་པའི་ངང་ནས་གསོལ་བ་བཏབ་པའོ།  དགེའོ།།

དཔོན་གསས་བླ་མའི་མཛད་བསྟོད་ཀུ་ཤའི་ཟིལ་པ།

རྩོམ་པ་པོ་ཚུལ་ཁྲིམས་ཕུན་ཚོགས། ཁྱུང་ལུང་དངུལ་མཁར།

༧ ཕྱི་ལྟར་རྨ་ལོ་དར་དཔྱང་ངང་ཚུལ་ཅན།། ནང་ལྟར་ཡེ་གཤེན་སེང་གེའི་རྗེས་སུ་འཛིན།། གསང་བ་རྒྱལ་གཤེན་ཆེན་པོའི་རིག་གྲོལ་ལྡན།། བརྒྱུད་གསུམ་བསྟན་པའི་བདག་ཉིད་དཔོན་གསས་མཆོག། མི་ཤིག་ཐིག་ལེ་གཞོན་ནུ་བུམ་སྐུའི་ཀློང་།།  མི་འགྱུར་སྐུ་མཆོག་མི་ནུབ་རྒྱལ་མཚན་བརྟན།། མི་འགག་གསུང་མཆོག་བོན་དབྱངས་ཨུན་ཆེན་སྒྲ།།  མི་འཁྲུལ་ཐུགས་མཆོག་མཁྱེན་གཟིགས་དཔལ་བེའུ་བཀྲ། མི་གཡོ་ཡོན་ཏན་རྒྱ་མཚོར་ཐབས་ཤེས་ཉ།། མི་འཇིགས་འཕྲིན་ལས་ལྷུན་གྲུབ་བོན་འཁོར་ཆེ།། མི་མཐུན་དབེན་པའི་བསླབ་གསུམ་པད་མོའི་མདངས།། མི་འཇེད་འགྲོ་བའི་བླ་རུ་གདུགས་དཀར་བརྗིད།། སྙིགས་མ་ལྔ་བདོའི་དམུ་རྒོད་མ་དུལ་བས།། གཤེན་བསྟན་འཕྲུལ་ངག་པེའུ་ཙེ་རྣམ་གསུམ་ལ།། མ་སྨིན་ཡིད་དཔྱོད་འཛིན་ལ་ཕྱོགས་པའི་ཚེ།། མངོན་སུམ་ཚད་མའི་བདག་ཉིད་ཁྱེད་ལས་སུ།། རྣམ་གསུམ་འཁོར་ལོ་འཆད་རྩོད་རྩོམ་གསུམ་གྱིས།། གྱེར་བསྟན་མེ་རོ་སླར་ཡང་སྤར་མཛད་ཅིང་།། གཤེན་བསྟན་འཛམ་གླིང་མཐའ་ནས་དར་མཛད་པ།། རྒྱལ་བསྟན་གཉེར་དཔོན་བསྟན་འཛིན་རྣམ་དག་རྗེ།། ཞང་བོད་ཁ་བའི་ལྗོངས་ཙམ་མ་ཟད་པར།། དེང་དུས་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན།། གཤེན་བསྟན་འཛིན་པའི་བཤེས་གཉེན་ཡོངས་གང་དེ།། ཡོངས་འཛིན་སྨྲ་བའི་སེང་གེའི་བུ་སློབ་གྱུར།། དེ་ལྟར་བླ་མའི་མཛད་འཕྲིན་རབ་ཡས་མཛོད།། ཆ་ཙམ་བླངས་ཏེ་སྒོ་གསུམ་གུས་པ་ཡིས།། གསོལ་བ་ཕུར་ཚུགས་འདེབས་པའི་དོན་པོ་ནི།། མི་ནུབ་རྒྱལ་མཚན་མི་འགྱུར་གཡུང་དྲུང་དང་།། དབང་བསྒྱུར་འཁོར་ལོ་དྲི་མེད་པད་མ་དཀར།། དཔལ་གཏེར་རིན་ཆེན་རིགས་ཀྱི་རྟགས་འཆང་བ།། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མགོན།། བདག་ཅག་འགྲོ་བའི་མགོན་དུ་འཚོ་བཞེས་གསོལ།། ༧ ཞེས་པ་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་རྒྱལ་ཚབ་ངེས་པ་དོན་གྱི་མཁས་དབང་བསྟན་དང་འགྲོ་བའི་སྐྱབས་མགོན་བླ་ན་མེད་པ་རྒྱལ་བ་སྨན་རི་བའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་མཆོག་གིས་མཛད་བསྟོད་ཤོ་ལོ་ཀ་བཀྲ་ཤིས་རྟགས་བརྒྱད་གྲངས་ལྡན་དང་བཀྲ་ཤིས་རྟགས་ཀྱི་རེ་ཁས་རྒྱན་ཏེ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་པོ་གུས་འབངས་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་གཡུང་དྲུང་བོན་གྱི་ས་ཚིགས་ཡུལ་དབུས་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནས་མཆོག་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག།   སྤྱི་ལོ༢༠༡༦ཟླ ༤ཚེས༡༧ཉིན།།   ཐ་ཚན་མུ་ཙུག་སྨར།།

དཔོན་གསས་བླ་མའི་མཛད་བསྟོད་ནེ་ར་སེར་ཆེན་ཆུན་པོ།

རྩོམ་པ་པོ་ཚུལ་ཁྲིམས་ཕུན་ཚོགས། ཁྱུང་ལུང་དངུལ་མཁར།

༧ ཀ་དག་དབྱིངས་ཆེན་བོན་སྐུ་ཀུན་ཏུ་བཟང་།། ལྷུན་གྲུབ་ཀློང་ཆེན་རྫོགས་སྐུ་གཤེན་ལྷ་འོད།། དབྱེར་མེད་མཁའ་ཡངས་སྤྲུལ་སྐུ་གཤེན་རབ་མཆོག། རྒྱལ་བའི་རྒྱལ་ཚབ་རྒྱལ་བ་སྨན་རི་བ།། རྫོགས་ཆེན་སློབ་དཔོན་ཏ་པི་ཧྲི་ཙ་དང་།། གཤེན་རབ་ཐུགས་སྟོན་གྱེར་སྤུངས་དྲན་པ་མཆོག། རྒྱལ་བ་གཉིས་པ་མཉམ་མེད་བླ་མ་རྗེའི།། བརྒྱུད་གསུམ་མཛོད་འཛིན་གཤེན་བསྟན་བདག་གིར་བཞེས།། སྲིད་ཞི་ཕན་བདེའི་གཉེན་གཅིག་མཆོག་ཉིད་ཀྱིས།། རྣམ་གསུམ་བཀའ་འཁོར་བསྐོར་ལ་ངལ་མེད་ཅིང་།། འཛིན་སྐྱོང་སྤེལ་བའི་སྲི་ཞུ་ལྷོད་མིན་པའི།། རྣམ་འདྲེན་དཔོན་གསས་བླ་མ་རིན་པོ་ཆེ།། མི་ཤིག་ཐིག་ལེ་གཞོན་ནུ་བུམ་སྐུའི་ཀློང་།། མི་འགྱུར་སྐུ་མཆོག་མི་ནུབ་རྒྱལ་མཚན་བརྟན།། མི་འགག་གསུང་མཆོག་བོན་དབྱངས་ཨུན་ཆེན་སྒྲ།། མི་འཁྲུལ་ཐུགས་མཆོག་མཁྱེན་གཟིགས་དཔལ་བེའུ་བཀྲ།། མི་གཡོ་ཡོན་ཏན་རྒྱ་མཚོར་ཐབས་ཤེས་ཉ།། མི་འཇིགས་འཕྲིན་ལས་ལྷུན་གྲུབ་བོན་འཁོར་ཆེ།། མི་མཐུན་དབེན་པའི་བསླབ་གསུམ་པད་མོའི་མདངས།། མི་འཇེད་འགྲོ་བའི་བླ་རུ་གདུགས་དཀར་བརྗིད།། ལྷག་པའི་བསླབ་པ་གསུམ་གྱི་རབ་ཕྱུག་པས།། རིགས་ཅན་གསུམ་པོ་ལྟ་ཅི་སྙིགས་མ་ལྔའི།། ཉོན་མོངས་རབ་རྒྱས་དམུ་རྒོད་ཡིད་ཅན་དག། སྨིན་གྲོལ་ལམ་འགོད་དུལ་བས་འདུལ་བ་པོ།། མཁས་བཙུན་བཟང་པོའི་མཛད་འཕྲིན་ཕྱོགས་ཀུན་རྡལ།། རྨད་འབྱུང་ལེགས་བྱས་དགེ་མཚན་ཕ་མཐའ་ཡས།། ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཏེ།། རྣམ་པར་སྨིན་པའི་རིག་འཛིན་སྐུ་ཁམས་དྭངས།། ཚེ་ལ་དབང་བའི་རིག་འཛིན་འཆི་མེད་སྐུ།། ཕྱག་རྒྱ་ཆེན་པོའི་རིག་འཛིན་མཚན་དཔེ་ལྡན།། ལྷུན་གྱིས་གྲུབ་པས་སྤངས་རྟོགས་ཕུན་སུམ་ཚོགས།། རིག་འཛིན་རྣམ་བཞིའི་སྐུ་རུ་འཚོ་བཞེས་གསོལ།། ༧ ཞེས་པ་འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་རྒྱལ་ཚབ་ངེས་པ་དོན་གྱི་དཔོན་གསས་བླ་མ་བསྟན་དང་འགྲོ་བའི་སྐྱབས་མགོན་བླ་ན་མེད་པ་རྒྱལ་བ་སྨན་རི་བ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་མཆོག་གིས་མཛད་བསྟོད་ཤོ་ལོ་ཀ་བཀྲ་ཤིས་རྟགས་བརྒྱད་གྲངས་དང་བཀྲ་ཤིས་རྟགས་ཀྱི་རེ་ཁས་རྒྱན་ཏེ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་པོ་གུས་འབངས་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་གཡུང་དྲུང་བོན་གྱི་ས་ཚིགས་ཀྱི་ཡུལ་དབུས་དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་གནས་མཆོག་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ་ཕུལ་བས་དོན་དང་ལྡན་པར་གྱུར་ཅིག།  སྤྱི་ལོ༢༠༡༦ཟླ ༤ཚེས༡༧ཉིན།།  ཐ་ཚན་མུ་ཙུག་སྨར།།

༧སྐྱབས་རྗེ་སྨན་རིའི་མཁན་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

རྩོམ་པ་པོ། མཐའ་ཞུ་བླ་མ་འོད་རྒྱས།

ཨེ་མ་ཧོ། ལུང་རྟོགས་གཡུང་དྲུང་བོན་གྱི་བསྟན་པའི་བདག།གླིང་བཞིའི་མཁའ་ལ་འཕགས་པའི་ཉི་མ་སྟེ།།རྒྱལ་བ་གཉིས་པའི་ཁྲི་འཛིན་སྨན་རི་བ།།ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།༧གང་སྐུ་འགྱུར་མེད་སྟོན་ཟླ་རི་བོང་འཛིན།།བསྟན་འཛིན་རྒྱུ་སྐར་འཚོགས་པས་དབུས་ན་མཛེས།།མཁས་གྲུབ་བྱེ་བའི་གཙུག་རྒྱན་སྨན་རི་བ།།ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།༧ གང་གསུང་འགག་མེད་ལྷ་ཡི་རྔ་བོ་ཆེས།།ཚད་གསུམ་བདེན་པའི་སྒྲ་དབྱངས་སྲིད་གསུམ་སྒྲོགས།།མདོ་སྔགས་བསྟན་པ་སྤེལ་བས་སྨན་རི་བ།།ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།༧ གང་ཐུགས་ཕྱོགས་བཅུ་སངས་རྒྱས་དགོངས་པའི་མཐིལ།།བླ་མེད་ཡོངས་རྩེའི་ལྟ་དགོངས་ཀློང་དུ་གྱུར།།ཡང་དག་དོན་གྱི་རྣལ་འབྱོར་སྨན་རི་བ།།ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།།༧ སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་སུ་གསོལ།།ཕྲ་རགས་བརྟན་གཡོའི་དྭངས་བཅུད་ཕྱྭ་ཚེ་ཀུན།།མ་ལུས་གཅིག་ཏུ་དྲིལ་བས་སྙིང་པོའི་སྲོག།ལས་རླུང་དབྱིངས་སུ་དག་པའི་ཡེ་ཤེས་རྒྱུན།།འཕོ་བྲལ་དབུ་མའི་དབུས་སུ་ཡོངས་ཚུད་སྟེ།།མི་འགྱུར་གཡུང་དྲུང་སྐུ་མཆོག་འགྲུབ་པར་ཤོག།༧དཀོན་མཆོག་རྩ་གསུམ་སྲུང་མའི་བདེན་སྟོབས་ཀྱིས།།བདག་གི་བདེན་ཚིག་འགྲུབ་པའི་མཐུན་འགྱུར་མཛོད།།མཐའ་ཞུ་འོད་རྒྱས་པས་གསོལ་བ་བརྩེ་གཅིག་བཏབས་པས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་ཞབས་བརྟེན་གསོལ་འདེབས།།

རྩོམ་པ་པོ། མཐའ་ཞུ་བླ་མ་འོད་རྒྱས།

ཨེ་མ་ཧོ།  ཕྱི་ལྟར་བསླབ་གསུམ་འདུལ་བའི་བསྟན་པ་འཛིན།། ནང་ལྟར་རྒྱུད་གསུམ་མཛོད་འཛིན་སྔགས་བསྟན་སྐྱོང་།། གསང་བ་རྣམ་གྲོལ་རྫོགས་ཆེན་བསྟན་པ་སྤེལ།། ཡང་དག་དོན་གྱི་བླ་མར་གསོལ་བ་བདེབས། ༧ འགྱུར་མེད་སྐུ་ཡི་མཚན་བཟང་རྟག་ཏུ་བརྟན།། འགག་མེད་གསུང་གི་བོན་སྒྲ་རྒྱུན་མི་ཆད།། གཡོ་མེད་ཐུགས་ཀྱི་དགོངས་པ་མཁའ་ལྟར་ཡངས།། རྟག་པར་བོན་འཁོར་བསྐོར་ཏེ་བཞུགས་གསོལ་འདེབས།། ༧ བརྟན་གཡོ་འཁོར་འདས་སྲིད་ཞིའི་དྭངས་མའི་བཅུད།། མ་ལུས་ཕྱྭ་ཚེའི་སྙིང་པོར་དྲིལ་བས་རླུང་།། འཕོ་བྲལ་དབུ་མའི་སྲོག་ཏུ་རྟག་བརྟེན་ཏེ།། མི་ཤིག་གཡུང་དྲུང་སྐུ་མཆོག་འགྲུབ་པར་ཤོག། གསང་གསུམ་ཉིན་བྱེད་མཁའ་ལ་རྟག་ཏུ་ཤར།། ཕྲིན་ལས་འོད་ཟེར་བྱེ་བས་གླིང་བཞིར་ཁྱབ།། ལས་ཅན་གདུལ་བྱའི་པད་ཚལ་རབ་ཏུ་རྒྱས།། སྨིན་གྲོལ་བསྟན་པ་མཁའ་མཐར་ཁྱབ་གྱུར་ཅིག། མཐའ་ཞུ་འོད་རྒྱས་པས་གསོལ་བ་བརྩེ་གཅིག་བཏབས་པས། དོན་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །།

བོན་གྱི་གདུག་དཀར་ཆ་འགྲིག།

རྩོམ་པ་པོ། ཤེལ་བཙུན་ཤེས་རབ་སྙིང་པོ།

གདུགས།-2༧ དུས་བཞི་ཆ་སྙོམས་ལ་འཇིག་པ་བྲལ་ཞིང་།། བྱ་རུ་བཅོ་བརྒྱད་ཀྱི་འཕྲིན་ལས་སྐྱོང་ས།། ཞང་ཞུང་མེས་པོ་ཡི་ཆོས་ལུགས་གཙང་མ།། བསླུ་མེད་གཡུང་དྲུང་གི་བོན་ལ་འདུད་དོ།། ༧ ཐེག་པ་རིམ་དགུ་ཡི་དབྱངས་རྟ་གྱེར་བཞིན།། མདོ་སྔགས་སེམས་གསུམ་གྱི་ཁྲི་འཕང་འཛེགས་པའི།། རྒྱལ་སྲས་དཔའ་བོ་ཡི་མཛད་པ་ལེན་མཁན།། འགྱུར་མེད་གཡུང་དྲུང་གི་ཐབས་ཤེས་ཟུང་གཅིག། ༧ ལས་དབང་དུས་འགྱུར་གྱི་མཚོན་ཆར་ཁྲོད་ནས།། རང་རེའི་བསྟན་པ་ལ་ཆག་གྲུམ་གཡོལ་ཕྱིར།། སྐྱིད་པའི་ཚེ་སྲོག་དེ་འབེན་ཁར་བཞག་ནས།། ལྷོ་མཐའི་ནགས་ཁྲོད་དུ་འཕུལ་བའི་ཁྱུང་ཆེན།། ༧ ཕྱི་གླིང་ཡུལ་གྲོང་ལ་སློབ་གཉེར་མཛད་སྐབས།། ཕོག་པའི་གདམས་པ་ལ་གས་ཆག་མ་ཤོར།། བཞག་པའི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི།། གཡུང་དྲུང་བོན་ཚང་གི་གདུག་དཀར་ཆ་འགྲིག། ༧ སྲིད་གཞི་ལུགས་གཉིས་ཀྱི་རྗེ་བོ་ངོ་མ།། ཞི་བདེའི་སྙིང་ཁམས་ཀྱི་མར་ཁུ་དྭངས་མ།། གཉིས་སྒྲིབ་རྣམ་དག་གི་སྟོན་པ་རྣམ་གཉིས།། བྱམས་བརྩེའི་འོད་སྣང་གི་ཉི་ཟླ་ཆ་གཅིག། ༧ ཟག་མེད་མཛེས་སྐུ་ལ་མཁྱེན་པའི་འོད་རིས།། སྒྲིབ་མེད་ཐུགས་དབྱིངས་ལ་ངོ་མཚར་ཡོན་ཏན།། ཞི་རྒྱས་དབང་དྲག་གིས་མཛད་བཟང་སྐྱོངས་བའི།། འགྲོ་བའི་སྣང་ཚུལ་གྱི་གཟུགས་སྐུ་རྣམ་གཉིས།། ༧ སྙིང་སྟོབས་མེ་ཆེན་གྱི་འོད་རླབས་ཤིག་གིས།། དུག་ལྔའི་མཚོ་ཆེན་དེ་ཡོངས་རྫོགས་སྐེམ་པའི།། གཤེན་བསྟན་སྨན་རི་བའི་མཁན་སློབ་ཟུང་གཅིག། སྲིད་པའི་བོན་འབངས་ཀྱི་ཕ་མ་རྣམ་གཉིས།། ༧ འཆད་པ་སྡེ་སྣོད་ཀྱི་རྒྱ་མཚོའི་བླ་རུ།། རྩོད་པའི་སྐྱ་བ་ཡིས་གར་ལ་བསྒྱུར་བའི།། རྩོམ་པའི་ལེགས་བཟང་གི་ནོར་བུ་ལེན་མཁན།། དོན་དམ་བསླུ་མེད་ཀྱི་སྤྲུ་སྐུ་རྣམ་གཉིས།། ༧ མཉམ་མེད་བླ་མ་ཡི་རིང་ལུགས་ངོ་མ།། མདོ་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་སྐྱོང་བའི།། བསྟན་པའི་ཁོལ་པོ་བ་བསྟན࿆་འཛིན࿆་རྣམ࿆་དག࿆། བསྟན࿆་པའི་ཉི࿆་མ࿆་ལགས་སྒྲོན་མེ་ཟུང་གཅིག། ༧ ཐོས་པའི་གད་རྒྱངས་དེས་རི་ལུང་ཁྱབ་ཅིང་།། བསམ་པའི་ཤུགས་སྣོན་གྱི་ནུས་སྟོབས་ཤིག་གིས།། སྒོམ་པའི་ཐང་ཆེན་ནས་རིམ་པར་ཉུལ་བའི།། གསང་གསུམ་ཟད་མེད་ཀྱི་འཁོར་ལོ་ཟུང་གཅིག། ༧ གོང་ཉིད་བཀའ་དྲིན་ལ་ཕྱིར་བལྟས་བྱེད་དུས།། དད་པའི་ལག་ཟུང་གིས་ཐལ་མོ་ཟུམ་སོང་།། བཞག་པའི་ཞབས་རྗེས་ལ་མིག་གིས་མཐོང་དུས།། དཔྲལ་བའི་མིག་ཟུང་གི་རིན་ཐང་ལོས་ཆེ།། ༧ དཔོན་སྲས་བླ་མ་གཉིས་སྐུ་ཚེ་བརྟན་ཅིང་།། ཐུགས་ཀྱི་བཞེད་དགོངས་དག་ཡོངས་སུ་འགྲུབ་པའི།། བཅོས་མིན་དད་འདུན་གྱི་མཚོ་མོའི་དབུས་ནས།། གོང་ཉིད་བཀའ་དྲིན་ལ་རྗེས་དྲན་ཙམ་ཡིན།།

སེམས་ཀྱི་ཉི་ཟླ་ཆ་གཅིག་བརྟན་ཏུ་བཞུགས།

རྩོམ་པ་པོ། ཁྱུང་ཁྲི་ལྡེ།

༧ ཉི་མ་སེར་པོའི་འོད་ཟེར་སྣེ་ནས་ཟླ་བ་དཀར་པོའི་འཛུམ་ཞིག་ངོམས།། སྤྲིན་པ་དཀར་པོའི་གུར་ཁང་དབུས་ནས་ཡེ་ཤེས་ལྷ་ཡི་སྦྲང་ཆར་བབ།། ཁུ་བྱུག་སྔོན་མོའི་གྲེ་བ་སྲང་སྟེ་ཀི་ཀོག་ཀི་ཀོག་ལན་གསུམ་ཟེར།། ཞིབ་ཏུ་ཉན་དུས་བོན་འབངས་སྐྱིད་པའི་དགའ་གླུ་ནང་གི་སྐྱིད་གླུ་རེད།། ༧ མཁའ་ལ་རྒྱུ་བའི་ཉི་ཟླ་ཟུང་གཅིག་རྒྱུ་སྐར་བྱེ་བའི་དབུས་ན་སྤ།། དོག་ལ་ཕེབས་པའི་མཁན་སློབ་ཆ་གཅིག་སྐུ་ཚེ་གཡུ་དྲུང་ཁམས་སུ་མཛེས།། བསྟན་འགྲོའི་མགོན་དུ་ད་དུང་བཞུགས་པའི་གསོལ་བ་འདེབས་པའི་འུར་སྒྲ་ཞིག། ལྷ་མི་གཤེན་གསུམ་མགྲིན་གཅིག་བསྡེབས་ནས་ཧི་མ་ལ་ཡའི་རྩེ་ནས་སྒྲོག། ༧ རུས་ཕྲེང་དཀར་པོའི་ཕོ་བྲང་དབུས་ཀྱི་ཤ་དམར་རློན་པ་ལྷབ་ལྷབ་འདི།། ཆགས་སྡང་རུ་ཏྲའི་སྡིག་ར་ཁྲོད་དུ་དོན་མེད་དིག་དུ་བཅུག་པ་ལས།། སེམས་ཀྱི་གངས་རི་རྩེ་ནས་ཤར་བའི་སེམས་ཀྱི་ཉི་ཟླ་ཆ་གཅིག་གི། རྟོགས་བརྗོད་དོན་དུ་དིག་པ་ལས་ཀྱང་འབོ་ན་ཞེ་འགྱོད་པུ་ཙམ་མེད།། ༧ ས་ཡ་དྲུག་གི་སྲིད་པ་ཆགས་པའི་དབལ་སོ་གངས་ཀྱི་མུ་ཁྱུད་ནང་།། གནས་ལྔ་རིག་པའི་འཕག་འཚག་རྡུང་བའི་ཏི་སེ་གངས་ཀྱི་ས་བདག་སྟེ།། དྲུང་མུ་གྱེར་གྱི་ཚེ་ནོར་ཕྱྭ་གཡང་གས་ཆག་རལ་གསུམ་བྱུང་བའི་ཚེ།། ཐབས་ཇུས་སྟོང་གི་ཀླད་ཆེན་བཀྲམ་སྟེ་གྱེར་བསྟན་གསོ་བའི་དཔའ་བོ་དངོས།། ༧ ཐོས་བསམ་མེད་པའི་སྤྲུལ་རྒྱག་བཞིན་དུ་རྒྱུ་མེད་འབྲས་བུ་སྨིན་རབས་མེད།། བཤེས་གཉེན་བླ་མ་ཚུལ་བཞིན་བསྟེན་ཏེ་ཀ་ཁའི་འགོ་ནས་གཞུང་ཆེན་བར།། དཀའ་བརྩོན་སྡུག་རུས་ཕྲག་ཏུ་བཞེས་ཏེ་མཁས་པའི་གོ་སར་སོན་པ་སྟེ།། སྐྱེས་ཆེན་ཞིག་གི་མི་ཚེའི་ཁྲོད་ནང་ཆེ་བའི་རྣམ་ཐར་དང་པོ་ཡིན།། ༧ རྗེས་ལུས་བག་འཁོམ་ཐོར་གྱིས་གཏོར་ཏེ་རྒྱལ་བསྟན་སྤྱི་ཡི་འགན་བཞེས་ཏེ།། ཕྱི་ནང་གསང་བའི་འགལ་རྐྱེན་གང་ལ་ཐུགས་སུན་གང་ཡང་མ་མཛད་ཅིང་།། བཤད་སྒྲུབ་བསྟན་པའི་གཞི་རྐང་བཙུགས་ཏེ་བསྡུ་བཞིའི་ཉམས་ལེན་བསྐྱངས་པ་དེ།། བསྟན་སྲོག་འཛིན་པའི་རྒྱལ་སྲས་ཤིག་གི་ཆེ་བའི་རྣམ་ཐར་གཉིས་པ་ཡིན།། ༧ སངས་རྒྱས་བསྟན་པའི་རྩ་ལག་ཡོངས་རྫོགས་ཁ་ཆག་སྣ་རལ་མ་སོང་པར།། དབང་ལུང་མན་ངག་ཚ་བོ་ཚ་རྐྱང་སློབ་མའི་ལག་ཏུ་རྩིས་སྤྲད་དེ།། བསྟན་པའི་ཉག་ཐག་དགུ་འཐུད་ནུས་པའི་སློབ་ཐོན་ཕག་ཕྲུག་བཞིན་ལྷུག་པ།། བསྟན་རྒྱུན་སྐྱོང་བའི་དམ་པ་གང་གི་ཆེ་བའི་རྣམ་ཐར་གསུམ་པ་ཡིན།། ༧ འཆད་པ་བོན་གྱི་སྒྲ་དབྱངས་རེ་རེས་སྐལ་ལྡན་བྱེ་བའི་བློ་ཁ་བཀུག། རྩོད་པ་རིག་པའི་འཕྲུལ་འཁོར་རེ་རེས་ལོག་རྟོག་འབུམ་གྱི་གླད་པ་འགེམ།། རྩོམ་པ་གཞུང་གི་དཔྱད་གཏམ་རེ་རེས་ཐེ་ཚོམ་དྲ་བའི་རྒྱ་མདུད་བཀྲོལ།། རླབས་ཆེན་མཁས་པའི་གཟི་བརྗིད་ཕུང་པོ་གོ་ལའི་ཧྲིལ་པོའི་སྒང་ལ་ཁྱབ།། ༧ ས་ཕག་དུས་ཀྱི་རླུང་ནག་ཞིག་གིས་སྨན་གྱི་རི་བོ་གཏོར་བའི་དུས།། ཧི་མ་ལ་ཡི་རི་རྒོད་གཤགས་ཏེ་རྒྱུན་མེད་མི་ཡི་རྒྱལ་ཁམས་སུ།། སྐྲ་སེར་མི་ལ་ཐལ་མོ་སྦྱར་ཏེ་ཁ་འཐོར་བྱེས་ཀྱི་དྭ་ཕྲུག་དོན།། འཕགས་ཡུལ་བྱང་གི་ས་ཟུར་ཞིག་ན་ཞྭ་དཀར་བོན་གྱི་ཁྱིམ་གཞིས་བསྐྲུན།། ༧ རྒྱལ་གཤེན་བསྟན་པའི་འགན་འཁྲི་ཡོངས་རྫོགས་མཁན་སློབ་གཉིས་ཀྱི་དབུ་ལ་བབ།། ད་དུང་འབངས་ཀྱི་བཟའ་འགན་ཡན་ཆད་ཁྱེད་ཀྱི་ཕྲག་ཏུ་ལྷུང་དུས་ན།། རྒྱལ་བསྟན་སྐྱོང་དུས་རྒྱལ་བ་གཤེན་རབ་རྣམ་པ་མི་ཡི་གཟུགས་སུ་བསྟན།། འབངས་མི་གཟིགས་དུས་ཞྭ་དཀར་ཚང་གི་དོན་གྱི་ཕ་མ་ཁྱེད་གཉིས་མཛད།། ༧ སྟོང་ཚོ་དུ་མའི་སྒོ་ཐེམ་བརྒལ་བའི་པོ་ཏི་སྔོན་པོའི་འདས་གསོན་དེ།། བླ་ན་མེད་པའི་བླ་རྒན་གཉིས་ཀྱི་འཕྲག་ཏུ་བབ་པའི་ཉིན་དེ་ནས།། ཚེ་ལུས་ལོངས་སྤྱོད་བསྟན་ལ་བསྔོས་ཏེ་དུས་འགྱུར་རླུང་གི་སོ་ཁ་ནས།། དམུ་ར་ཝེར་རོའི་བསྟན་པའི་མར་མེ་ལྷུ་ལག་ཡོངས་རྫོགས་མྱུར་སྐྱོབ་མཛད།། ༧ གངས་ཀྱི་དབལ་སོའི་ཕྱི་གླིང་ཞིག་ནས་ས་མཐའི་ཨ་སྐྱོ་ཆ་གཅིག་གིས།། ཞྭ་དཀར་བསྟན་པའི་མེ་ཁ་གསོས་ཏེ་འཆད་རྩོད་རྩོམ་པའི་ཚ་ཟེར་འབུམ།། ས་ཆེན་གོ་ལའི་ཁྱོན་ཀུན་སྤྲོས་ཏེ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གང་།། ནུབ་མེད་བསྒྲེངས་པའི་བཀའ་དྲིན་ཟབ་མོ་བོན་འབངས་ཡོངས་ཀྱི་སེམས་ལ་དྲན།། ༧ སེམས་ཀྱི་ཞི་བདེའི་ལྡེ་མིག་བསྣམ་པའི་ངུར་སྨྲིག་ཁྲོད་ཀྱི་རྒྱལ་སྲས་ཏེ།། ཞྭ་དཀར་བསྟན་པའི་གཙུག་གི་རྒྱན་གཅིག་རྒྱལ་བ་སྨན་རིའི་མཁན་སློབ་གཉིས།། ས་སྟེང་བོན་འབངས་ཡོངས་སུ་རྫོགས་པའི་མིག་སྙིང་སྲོག་གསུམ་ཁྱེད་ཡིན་པས།། བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་བཞུགས་པའི་གསོལ་བ་དྲག་པོ་སྙིང་ནས་འདེབས།། ༧ བཀའ་ཆེན་སྡེ་དགུས་ཚེ་མདའ་བསྣམས་ནས་མཁན་སློབ་གཉིས་ལ་ཚེ་དབང་སྩོལ།། བོན་སྐྱོང་སྲུང་མའི་མཐུ་རྩལ་བསྐྱེད་དེ་མཁན་སློབ་གཉིས་པོ་བྱ་ར་མཛོད།། དཀར་ཕྱོགས་སྐྱོང་བའི་ཟོར་དོར་ཚོགས་ཀྱིས་མཁན་སློབ་གཉིས་ཀྱི་དཔུང་རོགས་གྱིས།། སྤྱི་བོ་གནམ་བསྟན་བོན་འབངས་ཡོངས་ཀྱིས་མཁན་སློབ་གཉིས་ལ་བརྟན་བཞུགས་ཕུལ།། ༧ གནམ་གྱི་ལྷ་གར་རྟེན་གསུམ་ཕྱོགས་ཀྱིས་བཀྲ་ཤིས་མེ་ཏོག་མཁའ་ནས་འཐོར།། ས་ཡི་འདྲ་སྲིན་བྱུར་གསུམ་ཡོངས་ཀྱིས་བློ་སྙིང་བྲང་གསུམ་ཁྱེད་ལ་ཕུལ།། བར་གྱི་ལྷ་མི་གཤེན་གསུམ་ཀུན་གྱིས་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་གྱེར།། འཇིག་རྟེན་ཆེ་དགུའི་གཙུག་གི་རལ་ཀློང་ས་ལ་དུད་དེ་མཆོད་སྤྲིན་བསྟར།། ༧ ས་ཆེན་གོ་ལའི་སྒང་གཞུང་འདི་རུ་སྲིད་པ་འགྲེང་བུའི་འགྲེང་བུ་སྟེ།། ཞྭ་དཀར་བསྟན་པའི་ཚེ་སྲོག་གསོན་པོ་ས་ཡི་ཉི་ཟླ་ཆ་འགྲིག་གཅིག། སྲིད་པ་ཧོས་ཀྱི་བླ་མཁར་དམར་པོ་ཐོབ་རྒྱལ་སྨན་གྱི་རི་བོ་རུ།། ཞབས་ཟུང་གསེར་གྱི་འཁོར་ལོ་རིན་ཆེན་མྱུར་དུ་འཁོད་པའི་བཀྲ་ཤིས་ཤོག།

སེམས་ཁོང་གི་ཉི་ཟླ་ཟུང་གཅིག།

རྩོམ་པ་པོ། ཁྱུང་ཐོག་རྒོད།

༧ སེམས་ཀྱི་དེ་ཉིད་གཡུ་རུ་བཞུས་པའི་མཁར།། ལྷ་ནས་བབ་པའི་ཉི་ཟླ་ཆ་གཅིག་འབྲི།། བརྒྱ་ལ་ཉེ་བའི་ཟེར་གྱི་དྲ་བ་ཅན།། དད་པའི་དྲོད་ལ་ལྷུང་བའི་སྟོན་པ་གཉིས།། ༧ གངས་ཀྱི་ཐེམ་པ་གཤེན་འགྲོས་སྟབས་ཀྱིས་བཅད།། གྱེར་གྱི་རྨུ་ཐག་འཕགས་པའི་ཡུལ་དུ་དྲངས།། ཐེག་དགུའི་མཛོད་ལ་བརྒྱད་ཁྲིའི་བང་རིམ་བརྩེགས།། སྨན་གྱི་རི་བོའི་གཤེན་རབ་ཟུང་གཅིག་དྲན།། ༧ གང་གི་རྨད་བྱུང་མཛད་པ་ཆུ་བོའི་ཀླུང་།། རབ་ཏུ་བསྐྱིལ་བས་བཤད་སྒྲུབ་རླབས་དཀར་ཅན།། འཕྲུལ་ངག་བོན་གྱི་ཟེགས་མ་འཐོར་བ་ཡིས།། ས་ཆེན་བརླན་པར་བྱས་སོ་སྨན་རི་བ།། ༧ མཁྱེན་དཔྱོད་ཉིན་མོར་བྱེད་པའི་འོད་རླབས་ཀྱིས།། སྐལ་ལྡན་བློ་ཡི་པད་མོ་རབ་ཏུ་ཕྱེས།། གང་དག་གདུལ་བྱའི་སྣང་བའི་སྐྱེད་ཚལ་དུ།། ལེགས་བཤད་ཆུ་སྐྱེས་འཛུམ་གྱིས་མཛེས་པར་བྱས།། ༧ ཚངས་སྤྱོད་ཐག་གུའི་བསྟར་ལ་བརྒྱུས་པ་ཡི།། བཅུ་ཕྲག་བརྒྱད་དགུའི་བགྲང་བྱ་མུ་ཏིག་རྡོག།། ངལ་མེད་བསྟན་ལ་བགྲངས་པའི་ཕྲིན་ལས་ཀྱིས།། གླིང་བཞི་གསལ་བར་བྱས་པའི་ཉི་ཟླ་གཉིས།། ༧ གཤེན་གྱི་གློ་ནས་མཆེད་པའི་འོད་ཟེར་ཟུང་།། གངས་ཀྱི་ཏོག་ཏུ་ཕལ་བའི་ཟོལ་གྱིས་བབས།། དེ་ནི་གཡུང་དྲུང་ཕྱག་གིས་མཚོན་པ་སྟེ།། སྨན་གྱི་རི་བོའི་སྟོན་པ་ཆ་གཅིག་ཡིན།། ༧ ཞི་བསིལ་སྙིང་རྗེའི་ཞལ་སྒོ་ཡངས་པ་རུ།། བརྒྱད་ཁྲི་བོན་གྱི་ཆུ་རྒྱུན་འབྲུག་པ་ལས།། ལས་ཉོན་སྐམ་སར་གནས་པའི་འགྲོ་བ་ཕལ།། ཐུགས་རྗེས་ནེམ་པར་བྱས་པའི་ཆུ་གཏེར་ཟུང་།། ༧ མདོ་སྔགས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།། གླིང་འདིར་བསྒྱུར་ལ་འགྲན་པའི་ཟླ་བྲལ་བ།། རྣམ་འདྲེན་ཐོད་དཀར་སྲས་དང་མི་གཉིས་པའི།། གཙུག་གི་རྒྱལ་མཚན་འདྲེན་པ་ཉི་ཟླ་གཉིས།། ༧ གཤེན་བསྟན་རིམ་དགུའི་བ་གམ་བརྩེགས་པ་ཅན།། ནུབ་མེད་སྲིད་རྩེར་བཏེགས་པའི་མཛད་པ་ཡིས།། ཕྱོགས་ཀྱི་ལྷ་ཀླུ་དགྱེས་པའི་རྒྱལ་ཁའི་གླུ།། སྲིད་ན་དིར་དིར་སྒྲོག་པ་རྣ་བའི་དཔྱིད།། ༧ ཡིད་ཅན་གདུལ་བྱའི་དད་པའི་མཆོད་སྡོང་དུ།། མཚན་དཔེའི་དཀྱིལ་འཁོར་འཛུམ་པའི་ཁྱེའུ་ཟུང་།། མི་ཤིག་གཡུང་དྲུང་བརྩེགས་པའི་ཁྲི་འཕང་དུ།། གཡོ་བར་མ་ནུས་འཆི་མེད་སྐྱེས་ནས་བཙན།། ༧ གང་གི་མཛད་བཟང་དལ་བབ་རིང་མོའི་འགྲོས།། ཕྱོགས་སུ་བབས་པས་ཐར་འདོད་ངང་མོའི་ཚོགས།། དད་སེམས་མཚོ་མོ་སྐྱོམ་པའི་མགྲིན་པ་ཡིས།། བསྟོད་པའི་དབྱངས་རྟ་འདི་ཀོ་མུ་ཙུག་སྨར།།

མདུན་མཁར་འཚེར་བའི་ཉི་ཟླ།

རྩོམ་པ་པོ། ཏི་སེའི་བུ།

༧ མཁ༵འ་ལས་སངས་རྒྱས་མི་གཟུགས་སྤྲུལ།། ཀློ༵ང་དུ་འགྲོ་བའི་དོན་ལ་བསྐོས།། དབྱི༵ངས་ཉིད་དགོངས་པའི་བརྩེ་གཟིགས་ངང་།། འོད་སྣང་འཛམ་གླིང་ཀུན་ཁྱབ་པའི།། མདུན་མཁར་འཚེར་བའི་ཉི་ཟླ་ཟུང་།། ༧ དུས་ཀྱི་ཚ་རླབས་དགུང་དུ་མཆེད།། དཀའ་བའི་རྔུལ་ཀླུང་བཞུར་ས་ནས།། ཉིད་ལ་ཉིད་ཀྱིས་ཐུགས་སྤོབས་བསྐྲུན།། གྱེར་གྱི་སྐད་གསང་མི་ཞུམ་པའི།། རྒྱལ་བ་སྨན་རིའི་མཁན་སློབ་གཉིས།། ༧ དགུ་བཅུའི་ཁྲི་འཕང་ཡང་སྟེང་ནས།། དབུ་ལོ་གངས་རི་སྤུངས་ན་ཡང་།། བསྟན་དོན་ཁུར་ཆེན་འདེགས་པའི་ཚེ།། རྩལ་ཆེན་སེང་གེའི་སྟོབས་མངའ་བའི།། སྐབས་བབ་དུས་ཀྱི་སྟོན་པ་གཉིས།། ༧ དཀའ་ཚེགས་བཟོད་པའི་གྲོགས་སུ་བསྟེན།། གནོན་ལན་བྱམས་དང་སྙིང་རྗེས་བསབ།། མཐུན་སྒྲིལ་གསེར་གྱི་ཟམ་ཆེན་ཐོག། བོན་འབངས་རྡོག་རྩ་གཅིག་སྒྲིལ་བའི།། སྲིད་པ་བོན་གྱི་ཡབ་ཆེན་ཟུང་།། ༧ ལྷོ་རྒྱུད་ནགས་མའི་ལྗོན་གསེབ་ནས།། གཤེན་གྱི་ཕ་མཁར་སླར་ཡང་བརྩིགས།། བཤད་དང་སྒྲུབ་པའི་འཕན་དར་ཆ།། ཐབས་ཤེས་ཕྱག་གིས་འདེགས་པ་ཡི།། ཞྭ་དཀར་བོན་གྱི་བླ་སྲོག་གཉིས།། ༧ དེ་སྔའི་མཛད་པ་བསྐྱང་ཚུལ་ནི།། བསྐོས་པ་ཇི་བཞིན་གྱུར་ན་ཡང་།། སྙིགས་འགྲོའི་ལས་དབང་འདི་དགོངས་ནས།། གཡུང་དྲུང་ཚེ་ཡི་རྒྱལ་པོའི་སྐུར།། དུས་རྣམ་རྟག་ཏུ་བཞུག་ཤིག་ཀྱཻ།། ༧ ཁྱེད་ཟུང་བཀའ་དྲིན་དྲན་པའི་མོད།། གྱེར་སྡེ་ཁྲི་ཕྲག་མང་པོ་ཡིས།། བརྟན་བཞུགས་མཆོད་སྤྲིན་འབུལ་བའི་སྐབས།། གངས་དཀར་ཏི༵་སེ༵འི་བུ༵་ཆུང་གིས།། མ་བཅོས་ངག་གི་སྐྱེས་སུ་བཏེགས།།

སེམས་ཁོང་གི་བླ་མ་ལགས་རིན་པོ་ཆེ་ཁྱེད་ཉིད་ཡུན་དུ་བཞུགས་རོགས།།

རྩོམ་པ་པོ། སོར་བསྟན།

ལོ་ཟླ་དང་ཉིན་ཞག་དུ་མ་ཟད་པའི་སྔ་རོལ་ནས་བཟུང་རིན་པོ་ཆེ་མཆོག་ཁྱེད་ཉིད་ནི་ངའི་སེམས་ཁོངས་ན་དུས་ཀུན་གཟིམས་པ་མེད་པའི་གསེར་མདོག་གི་ཉི་མ་སེར་པོ་ཞིག་ཏུ་སྒོམ་ཡོད། བསམ་པའི་སྟངས་སྟབས་དེ་རྭ་ཅན་གཡག་གིས་བརྡུང་ཐུབ་མེད་ལ་དུག་ཅན་སྦྲུལ་གྱིས་ཀྱང་ལྡག་ཐུབ་མེད།

དེ་ནི་བཅོས་མིན་གཉུག་སེམས་ཀྱི་ངོས་ནས་ལྷུད་ཀྱིས་བབས་པའི་འོ་མ་དཀར་པོ་ཞིག་གམ་འཚོ་བའི་རེ་སྙེག་ཁྲོད་ཀྱི་དར་སྐུད་རིང་མོ་ཞིག་ཀྱང་ཡིན།

ཉིད་ཀྱི་འཛུམ་ཞལ་ཐོག་མ་སྟོད་ཉི་མ་ལྷ་ས་ནས་འཇལ་དུས་དེར། གསེར་འོད་འབར་བའི་ཉི་ཟེར་གྱི་བརྩེ་འཛུམ་དྲོད་མོ་མཁའ་ལས་ཤར་བ་ཇི་བཞིན་ཡོད་ཚད་ལ་བཤད་ཀྱང་མི་ཚར་བའི་ཚོར་ཤེས་རྣོན་པོ་ཞིག་གིས་སྐབས་རེ་ཡིད་ཀྱི་སྣང་བ་སྐྱིད་ལ་དགོད་ཁ་ལུག་པ་དང་ལན་རེ་དུང་བའི་སྐྱོ་བ་མིག་ཆུའི་ཐེག་ཕྲེང་འགའ་ཡང་ས་ལ་ལྷུང་།

ཨེ་མ་་་་་་དུས་དེ་ནི་ངའི་མི་ཚེའི་ཡོད་ཚད་ལ་བདེ་སྐྱིད་ཀྱི་བགྲོད་ལམ་གསར་པ་ཞིག་བསྐྲུན་པ་དང་དད་འདུན་གཙང་མའི་ཞིང་ས་ལ་སྔ་ན་མེད་པའི་རླབས་ཆེན་གྱི་ལྗང་སྨྱུག་ཞིག་ཀྱང་འབུས།

རེ་བ་དང་དད་སེམས་ཀྱི་ཕྲེང་ཐག་ལ་བརྒྱུས་པའི་དྭངས་གཙང་གི་ཡིད་ཆེས་དེ་ནི་འཚོ་གནས་ཀྱི་སྐྱིད་སྡུག་ཡ་མ་བླ་ལ་མཁོ་དགུ་ཚངས་བའི་གསོས་སྨན་དག་མ་ཞིག་དང་དུས་ཀུན་བདག་གི་དྲན་པའི་སོ་ཁ་ན་ལྷོད་ཀྱིས་བཞུགས་པའི་ལྷག་མཐོང་གི་གཟུངས་སྟོབས་ཆེན་པོ་ཞིག་ཀྱང་ཡིན།

བྱམས་དང་བརྩེ་བའི་དྲོད་ཁོལ་གྱིས་ཕྱུག་པའི་མི་བོ་ཆེ་ཁྱེད་ནི་དུས་ཀུན་བདག་གི་སྤྱི་གཙུག་ན་བརྗིད་ཅིང་གནམ་འོག་འདིར་སྲིད་པ་མེ་འོབས་ཀྱིས་གདུང་བའི་སྐོམ་པ་ཚོར་ཅི་འདྲ་མཁོ།

ད་དུང་ཡང་ཕྱོགས་ཕྱོགས་ནས་གཡོས་པས་རླུང་འཚུབ་ཀྱི་རྡུལ་ཁྲོད་དུ་ཡིབ་ལ་ཉེ་བའི་ཁ་བའི་བླ་སྲོག་དམར་པོའི་བླ་བསླུ་ཚེ་འགུག་ཁྱེད་ཀྱི་མཛད་འཕྲིན་མ་ཡིན་ནམ།

གལ་སྲིད་དུས་འགྱུར་ཀྱི་ཡོ་ལང་ཁྲོད་ངའི་སེམས་ཁོང་གི་བླ་མ་ཁྱེད་མ་བྱོན་པ་ཡིན་ན་མུན་ནག་གི་གཡོ་ཟོལ་སྟུག་པོས་ཞིང་ཁམས་འདིར་མགོ་སྟེང་སློག་ཅིང་ཉི་འོད་ལ་རེ་བའི་ཉམ་ཆུང་གི་དམུས་ལོང་ང་ཚོའི་ཁ་ཕྱོགས་དང་ལམ་ཁ་གང་དུ་འཚོལ།

དེ་ཕྱིར་རི་བོའི་གཏོས་མཉམ་དང་རྒྱ་མཚོའི་གཏིང་མཐའ་བཞིན་ཟད་མེད་ཡིད་བཞིན་ནོར་བུ་ཁྱེད་ཉིད་ཀྱི་དུས་རྣམས་ཀུན་ཏུ་རང་མདངས་མ་ཉམས་པར་སྲིད་མཐའི་བར་དུ་བརྟན་པར་གྱུར་ཅིག་ཅེས་སེམས་ཁོང་གི་སྨོན་པ་ཁྲི་དང་བཅས་སོར་བསྟན་གྱིས་བྲིས།

༧སྐྱབས་རྗེ་མཁན་སློབ་གཉིས་ལ་ཕུལ་བའི་བརྟན་བཞུགས་ཤིས་སྨོན་འོད་ཀྱི་ཚོམས་བུ།།

རྩོམ་པ་པོ་སྤ་ཚུལ་ཁྲིམས་བྱམས་མ། ནང་བསྟན་སློབ་གླིང་།

༧ སྲིད་ཞིའི་མཚུངས་ཟླ་བྲལ་བ་དགེ་བའི་བཤེས།། ཀུན་སྤྱོད་དྭངས་གཙང་འོ་མའི་མདངས་ལ་འགྲན།། སྟོང་ཉིད་སྙིང་རྗེས་ཐུགས་རྒྱུད་རབ་ཕྱུག་པ།། མཁན་སློབ་གཉིས་ལ་བརྟན་བཞུགས་མཆོད་ཚིག་འབུལ།། ༧ བྱམས་དང་བརྩེ་བ་ཟུང་དུ་འབྲེལ་བ་ཡིས།། མཛད་འཕྲིན་ཡོན་ཏན་རྨད་བྱུང་འོ་མའི་རྒྱུན།། འགྲོ་དྲུག་སེམས་ཅན་རྣམས་ཀྱི་གསོས་སུ་སྟེར།། འདྲེན་མཆོག་མཁན་སློབ་གཉིས་ལ་གུས་ཕྱག་བགྱི།། ༧ ལྔ་སྙིགས་མུན་པ་གསལ་བའི་ཐུགས་བསྐྱེད་དེ།། ཀུན་སློང་རིན་ཆེན་དང་པོའི་རྗེས་འགྲོ་བ།། མཛད་ཕྲིན་ཡོན་ཏན་གཏིང་མཐའ་དཔོག་མིན་པ།། འདྲེན་མཆོག་མཁན་སློབ་རྣམ་གཉིས་སྤྱི་བོར་མཆོད།། ༧ རྣམ་དཀར་བསོད་ནམས་ཚོགས་གཉིས་རྒྱ་མཚོ་ལས།། འོང་བའི་གངས་ལྗོངས་གཤེན་བསྟན་གསལ་བའི་སྒྲོན།། ས་ཆེན་གོ་ལའི་ལྗོངས་ནས་མངོན་འཕགས་པ།། མཁན་སློབ་གཉིས་ལ་དད་སྤྲོའི་མཆོད་པ་འབུལ།། ༧ རྨོངས་བློའི་མུན་པ་བཅོམ་པའི་འོད་དཀར་ཅན།། ལོག་སྨྲ་བཅོམ་མཁས་ཤེས་རབ་རལ་གྲི་དངོས།། ཚད་གསུམ་ཟུང་དུ་འབྲེལ་བའི་པཎ་ཏྲི་ཏ།། རིས་མེད་འགྲོ་བའི་གཙུག་ནོར་ཁྱེད་མིན་སུ།། ༧ ཟབ་རྒྱས་སྡེ་སྣོད་གཞུང་རྒྱ་སྨྲ་ལ་མཁས།། མཁྱེན་དཔྱོད་རབ་གསལ་ཉི་མའི་དཔལ་ལ་འཕྱ།། འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྐྱབས་མགོན་ཆེ།། འདྲེན་མཆོག་རྣམ་གཉིས་བསྟན་འགྲོའི་དཔལ་དུ་བཞུགས།། ༧ དགུང་གྲངས་དགུ་བཅུར་ཕེབས་ཞིང་ཕེབས་ལ་ཉེ།། བརྟན་བཞུགས་དད་པའི་མཎཌལ་ཕྱོགས་ནས་བཏེགས།། བདག་སོགས་དད་སྤྲོའི་མགོན་དུ་ཡང་ནས་ཡང་།། ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བར་ཤོག། ༢༠༡༦།༤།༡༥།

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་དད་པའི་མཆོད་སྤྲིན།

རྩོམ་པ་པོ་བཟོད་པ་བྱམས་མ། ནང་བསྟན་སློབ་གླིང་།

༧ མཚན་དཔེ་ཟླ་བའི་འོད་ཟེར་གིས།། ལན་བརྒྱར་བྱུག་པའི་རང་བཞིན་ཅན།། སྣང་ཁམས་ཀུན་གྱི་འབྱུང་གཞི་ཆེ།། རྒྱལ་ཡུམ་ཁྱེད་ལ་གུས་ཕྱག་འཚལ།། ༧ རྣམ་འདྲེན་བྱེ་བའི་ཐུགས་རྗེ་ལས།། ཞྭ་དཀར་བསྟན་པའི་བདག་ཉིད་མཆོག། མཁན་སློབ་ཉི་ཟླ་ཟུང་འབྲེལ་ལ།། བརྟན་བཞུགས་དད་པའི་མཆོད་སྤྲིན་བཤམས།། ༧ བདག་ཅག་འགྲོ་བའི་སྐྱབས་གནས་གང་།། རྗེ་བཙུན་མཁན་སློབ་ཉི་ཟླ་ཟུང་།། རྨད་བྱུང་གདོང་ལྔའི་གཏེགས་པའི་ཁྲིར།། བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས།། ༧ ཚོགས་གཉིས་རླབས་ལས་བསྐྲུན་པ་ཡི།། ལེགས་བྱས་རྩིབས་བརྒྱད་མུ་ཁྱུད་ཅན།། ལུང་རྟོགས་བོན་གྱི་འཁོར་ལོ་ཆེ།། དེ་སྲིད་བརྟན་པར་བཞུགས་སུ་གསོལ།། ༧ ཕུན་ཚོགས་མི་ཟད་རྒྱན་གྱི་ཕུལ།། སྔོན་དམར་སེར་པོས་གོས་བཟང་ཀླུབས།། ལྷ་ཀླུ་མི་དབང་ཡིད་བཞིན་ནོར།། བརྟན་དུ་བཞུགས་པའི་མཆོད་པ་འབུལ།། ༧ ཤེས་རབ་འབུམ་གྱིས་བསྐྲུན་པ་ལས།། སྣང་ཁམས་སྙིང་རྗེའི་རང་གཟུགས་ཤར།། ཕྱིན་བཅུ་སྤྱོད་པའི་མཉེན་ལྕུགས་ཅན།། བཙུན་མོ་རིན་ཆེན་རྒྱན་ཚོགས་འབུལ།། ༧ མཁྱེན་རབ་རྣམ་དཔྱོད་ལྕགས་ཀྱུ་ཡིས།། གདུལ་བྱའི་ཐར་ལམ་རིམ་པར་འདྲེན།། གཡུང་དྲུང་ཁམས་སུ་བརྟན་བཞུགས་ཕྱིར།། བློན་པོ་རིན་ཆེན་མཆོད་རྫས་འབུལ།། ༧ སྟོབས་བཅུའི་ཡོན་ཏན་མངའ་བརྙེས་ཤིང་།། ཉོན་མོངས་དཔུང་ཚོགས་བཅོམས་མཛད་པོ།། སེམས་དབུས་ཉི་ཟླ་རྣམ་གཉིས་ལ།། གླང་པོ་རིན་ཆེན་བརྟན་བཞུགས་འབུལ། ༧ འགྲོ་བའི་སྡུག་བསྔལ་ཁུར་པོ་ཆེ།། སྙིང་རྗེའི་ཤུགས་ཀྱིས་འདེགས་མཛད་པོ།། འཁོར་བའི་ཕ་རོལ་སྒྲོལ་མཛད་པའི།། རྟ་མཆོག་རིན་ཆེན་ལྷ་རྫས་འབུལ།། ༧ ཕྱིན་བཅུའི་གོ་ཆ་ཡོངས་སུ་རྫོགས།། ཉོན་མོངས་གཡུལ་ངོ་རྒྱལ་མཛད་པའི།། དཔོན་གསས་མཁན་སློབ་རྣམ་གཉིས་ལ།། དམག་དཔོན་རིན་ཆེན་མཆོད་པ་འབུལ།། ༧ བདག་སོགས་མི་འབྲལ་རྗེས་བཟུང་དང་།། དད་སྤྲོའི་ཤུགས་ཀྱིས་བསྐུལ་བ་ལས།། མི་འགྱུར་རྟག་ཏུ་བརྟན་པའི་ཕྱིར།། མཆོད་ཚིག་དད་པའི་སྣ་བདུན་བཤམས།། ༧ ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན།། ལྔ་སྙིགས་དུས་ཀྱི་གཉན་འཕྲང་དུ།། ཉམས་ཐག་འགྲོ་བའི་མགོན་གཅིག་པུ།། ཐར་པའི་ལམ་སྟོན་ཁྱེད་ལས་སུ།། ༧ དེ་ཕྱིར་དེ་རིང་རྟེན་འབྲེལ་དང་།། དད་གསུམ་ཡིད་ཀྱི་རོལ་མཚོ་ནས།། མི་འབྲལ་རྩེ་གཅིག་གསོལ་གཏབ་མཐུས།། དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །༢༠༡༦།༤།༡༦།

༧སྐྱབས་རྗེ་ལུང་རྟོགས་བསྟན་པ་ཉི་མ་རིན་པོ་ཆེའི་བརྟན་བཞུགས་ཤིས་སྨོན་འོད་ཀྱི་ཉག་ཐག

རྩོམ་པ་པོ་བསམ་གཏན་བཟང་མོ། ནང་བསྟན་སློབ་གླིང་།

༧ གནའ་ནས་གངས་ལ་ཕོག་པ་ཡི།། ས་མཐོའི་སྐར་མ་འོད་ཆེན་ཁྱེད།། རྩལ་ཆེན་གདོང་ལྔའི་ཁྲི་འཕང་དུ།། མི་འཇིག་རྟག་བརྟན་བཞུགས་སུ་གསོལ།། ༧ གཤེན་བསྟན་ཉིན་མོར་བྱེད་པ་ཡི།། བསྟན་པའི་ཉི་མ་འོད་པོ་ཆེ།། མཛད་འཕྲིན་མཁའ་མཐར་ཡོངས་ཁྱབ་ནས།། བསྟན་འགྲོའི་མགོན་དུ་རྟག་འཆར་ཤོག། ༧ མེས་པོའི་བླ་སྲོག་ལས་གཅེས་པའི།། བོན་བསྟན་མུན་པས་སྒྲིབ་ལ་ཁད།། ལྷ་སྲུང་བོན་སྐྱོང་དཔུང་བསྒྲིལ་ནས།། མུན་སེལ་སྒྲོན་མེ་ཁྱེད་ལ་བསྟོད།། ༧ དམུ་རྒྱལ་གཤེན་གྱི་བསྟན་པའི་དར།། འཛམ་གླིང་ཡོངས་ཀྱི་རྩེ་མོ་རུ།། ཀེར་རེ་བཏེགས་པའི་གྱད་ཆེན་དེར།། དད་བརྒྱའི་མེ་ཏོག་འཐོར་ལ་སྤྲོ།། ༧ མི་འགྱུར་སྐུ་ཚེ་ཁྲི་ལོར་ཤོག། མི་འགག་བོན་སྒྲ་རྟག་སྒྲོགས་ནས།། མི་འཁྲུལ་ཐུགས་རྗེའི་སྐྱབས་འོག་བདག། མི་འབྲལ་མགོན་དུ་བཞུགས་པར་སྨོན།། ༧ ཚད་མེད་སྙིང་རྗེའི་མཁའ་ཡངས་ལ།། བྱིན་རློབས་སྤྲིན་ཕུང་འཁྲིགས་པའི་དབུས།། ཟབ་གདམས་བདུད་རྩིའི་ཆར་འབེབ་པའི།། སྨན་རིའི་ཁྲི་འཛིན་མཆོག་ལ་འདུད།། ༧ སྙིགས་མའི་དུས་རྒུད་སེལ་བའི་གཉེན།། སྨྲ་དབང་ཡོངས་འཛིན་ཆེན་མོ་ཡི།། འཕྲིན་ལས་གོ་ལའི་ཁྱོན་ཁྱབ་ནས།། སྐུ་ཚེ་ཁྲི་ལོར་རྟག་བརྟན་ཤོག། ༧ ཨེ་མ་མི་མཇེད་འཛམ་གླིང་གི། ས་གསུམ་འགྲན་བྲལ་མི་དབང་མཆོག། ངེད་ཅག་བོན་འབང་ཡོངས་ཀྱི་མགོན།། མི་འགྱུར་བརྟན་པར་བཞུགས་སུ་གསོལ།། ༧ འཆད་ལ་ངལ་མེད་སྨྲ་བའི་སེང་།། རྩོད་པས་ཕས་ཀྱི་རྒོལ་ངན་འཇོམས།། རྩོམ་པ་ནོར་བུའི་བང་མཛོད་ཆེ།། གཤེན་འབངས་མགོན་དུ་རྟག་འཆར་ཤོག། ༧ ཐུགས་ཉིད་ཞི་དབྱིངས་ཆེན་པོའི་ཀློང་།། གཞན་ཕན་བདུད་རྩིའི་མཚོ་འཁྱིལ་བའི།། གཤེན་བསྟན་པད་དཀར་ཁྲ་ཚོམ་མེར།། གོ་ལའི་རྩེ་འདིར་བཞད་འདིར་བསྟོད།། ༢༠༡༦།༤།༡༠།

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་ལ་ཕུལ་བའི་བརྟན་བཞུགས་ཤིས་སྨོན་སྲིད་པའི་མཎཌལ།

རྩོམ་པ་པོ་བསམ་གཏན་བཟང་མོ། ནང་བསྟན་སློབ་གླིང་།

༧ ཁྲི་གཙུག་རྒྱལ་བའི་གདུང་ཚབ་དངོས།། འ་ཞ་གསང་བའི་བྱིན་རླབས་འཕོས།། གཙུག་གཤེན་རྒྱལ་བའི་གར་དུ་རོལ།། མཉམ་མེད་བླ་མར་གུས་ཕྱག་འཚལ།། ༧ ཚད་མེད་སྙིང་རྗེའི་མཁའ་ཡངས་ལས།། བྱིན་རློབས་སྤྲིན་ཕུང་འཁྲིགས་པའི་དབུས།། ཟབ་གདམས་བདུད་རྩིའི་ཆར་འབེབས་པའི།། སྨན་རིའི་ཡོངས་འཛིན་མཆོག་ལ་འདུད།། ༧ སྙིགས་མའི་དུས་རྒུད་སེལ་བའི་གཉེན།། སྨྲ་དབང་ཡོངས་འཛིན་ཆེན་མོ་ཡི།། འཕྲིན་ལས་གོ་ལའི་ཁྱོན་ཁྱབ་ནས།། སྐུ་ཚེ་ཁྲི་ལོར་རྟག་བརྟན་ཤོག། ༧ ཨེ་མ་མི་འཇེད་འཛམ་གླིང་གི། ས་གསུམ་འགྲན་བྲལ་མི་དབང་མཆོག། ངེད་ཅག་བོན་འབང་ཡོངས་ཀྱི་མགོན།། མི་འགྱུར་བརྟན་པར་བཞུགས་སུ་གསོལ། ༧ འཆད་ལ་ངལ་མེད་སྨྲ་བའི་སེང་།། རྩོད་པས་ཕས་ཀྱི་རྒོལ་ངན་འཇོམས།། རྩོམ་པ་ནོར་བུའི་བང་མཛོད་ཆེ།། གཤེན་འབངས་མགོན་དུ་རྟག་འཆར་ཤོག། ༧ བདག་ཅག་དད་པས་མཚོ་མོ་ལས།། བསྲུབ་པའི་རྣམ་དཀར་ལེགས་བྱས་གང་།། ཐུགས་རྗེའི་བྱིན་རླབས་ནོད་པ་དང་།། ཇི་སྲིད་བར་དུ་བརྟན་གྱུར་ཅིག། ༢༠༡༦།༤།༣།

སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་ཤིས་ཚིག་ཡིད་ཀྱི་དུང་སྒྲ།

རྩོམ་པ་པོ་གསལ་སྟོང་རང་གྲོལ། ནང་བསྟན་སློབ་གླིང་།

༧ སྲིད་ཁམས་གངས་རིའི་ལྗོངས་སུ་མི་འཇིག་གདོང་ལྔའི་ཁྲི་ཐོག་ཏུ་བསླབས་གསུམ་གྱི་བུམ་བཟང་ལ་བླ་མེད་ཕྱིན་བཅུའི་བདུད་རྩི་འཁྱིལ་བའི་སྨན་མཆོག་དེ་ཁྱེད་ལས་སུ། 

འཛམ་གླིང་བོན་གྱི་གཙུག་རྒྱན་ཁྱེད་རྣམ་གཉིས་ནི། གཤེན་བསྟན་གསལ་བའི་ཉི་ཟླ།  འགྲོ་བའི་མུན་སྟུགས་སེལ་བའི་སྒྲོན་མེ། སྐལ་ལྡན་གྱི་དད་ཡུལ། འདུལ་རྒྱུད་ཀྱི་སྡོང་པོ། སྔགས་རྫོགས་ཀྱི་ལྡེ་མིག ངེས་དོན་གྱི་རྣལ་འབྱོར་བ་ཁྱེད་རྣམ་གཉིས་ཀྱིས་གདུལ་བྱའི་བློ་ཚོད་དང་འཚམ་པའི་ཐེག་པ་རིམ་དགུའི་རྔ་བོ་ཆེ་དེ་སྲིད་གསུམ་བསྒྲགས་སོང་།    དུས་ཀུན་ཏུ་འགྲོ་བའི་མགོན་པོ་རུ་རིན་པོ་ཆེ་རྣམ་གཉིས་རྟག་དུ་བཞུགས་རོགས། 

དཔོན་གསས་བླ་མ་ལགས།  ཁྱེད་རྣམ་གཉིས་ནི། མཁས་མང་སྐར་ཚོགས་ཁྲི་འབུམ་གྱི་དབུས་ནས་ལྷམ་མེར་འཚེར་བའི་སྲིད་པའི་མིག་དང་འོད་དཀར་ཅན་དང་གཉིས་སུ་མ་མཆིས།  

བླ་མ་ལགས། ངས་སྙིང་དབུས་ཀྱི་བླ་མ་ཁྱེད་རྣམ་གཉིས་ནི་བོན་གྱི་བསྟན་པའི་རྒྱལ་མཚན་། བཀའ་ལ་འགྲེལ་བ་བཏབ་པའི་བཤེས་གཉེན་ཆེན་མོ། ལུང་གི་སྡེ་སྣོད་གཞུང་རྒྱ་འཛིན་པའི་དྲན་དབང།  རིག་པའི་རྣམ་དཔྱོད་གད་རྒྱང་ལྡིར་བའི་དཔའ་བོ།  ཁྱེད་གསུང་ཚད་གསུམ་གདོང་ལྔའི་ངར་རོས་ཕས་རྒོལ་ལོག་ལྟའི་མགོ་བོ་གཞོམ་པའི་སྐད་སོང་མཐོ་པོ་དེ་ས་ཆེན་གོ་ལའི་གཙུག་ཏུ་ནམ་ཡང་ལྡིར། རིན་པོ་ཆེ་རྟག་དུ་བཞུགས་རོགས།

ཁྱེད་རྣམ་གཉིས་ཀྱིས་ལེགས་བཤད་ཀྱི་སྨན་ཆར་དེས་གདུལ་བྱ་སྨིན་གྲོལ་གྱི་པད་མོ་ཕྱོགས་བཅུར་བསྐྱངས་བའི་བླ་མ་ལགས།  ལུས་ཅན་གྱི་འགྲོ་བ་ཡོངས་ཀྱི་ཨ་མ། ཁྱེད་ཀྱིས་བློ་གྲོས་གསེར་གྱི་ཐིག་ཤིང་དེས་སྲིད་པའི་གངས་རིའི་ལྗོངས་སུ་གཤེན་གྱི་ཚངས་ཐིག་གཏབས།རིན་པོ་ཆེ་རྣམ་གཉིས་དུས་རྟག་ཏུ་བདག་ཅག་གི་མགོན་དུ་བཞུགས་རོགས། 

བླ་མ་ལགས་ཁྱེད་ནི་རི་བོ་ཧི་མ་ལ་ཡའི་རི་རྩེ་ནས་རྣམ་དཔྱོད་ཀྱི་བ་དན་དཀར་པོ་ནམ་ཡང་ལྷབ་ལྷུབ་གཡོ་བའི་ནུས་ལྡན་དེ་ཁྱེད་ལས་སུ།

བླ་མ་ལགས།  ཁྱེད་རྣམ་གཉིས་ནི།  ཞང་བོད་ཀྱི་ཚིག་མཛོད་སྟེ་གཞུང་བརྒྱའི་བློ་འདྲི་ས། རིག་གཞུང་གི་དཔེ་སྒྲོམ་ཏེ་ལོ་རྒྱུས་རིང་མོའི་གཏམ་རྒྱུད་དེ་ཟབ། ལོ་རྒྱུས་ཀྱི་རྡོ་རིང་ཏེ་ད་ལྟའི་བར་ཀྲང་ངེར་འགྱིངས་བའི་སྲིད་པའི་བོན་རྒན་ངོ་མ། ཁྱེད་ཀྱིས་མཛད་བཟང་གི་གྲགས་དཀར་དེ་ཞི་བདེ་རྒྱ་མཚོའི་ངོགས་བཞིན་ཟབ། ཁྱེད་རྣམ་གཉིས་ཀྱི་མཛད་འཕྲིན་ནི་ནམ་མཁའ་བས་རྒྱ་ཆེ། རྒྱ་མཚོ་བའི་གཏིང་ཟབ་པས་བདག་དང་བདག་ལྟ་བུའི་མཛད་ཕྲིན་ག་ལ་གཞལ་ནུས། འོན་ཀྱང་བདག་ཡིད་དད་སྤྲོའི་དགའ་བ་འབུམ་གྱི་མངལ་རུམ་ནས་བརྟན་བཞུགས་གི་ཤིས་སྨོན་དབང་མེད་དུ་ཤོར་སོང་། 

ཅེས་པའི་གསོལ་བ་འདེབས་པ་པོ་ནི་སོག་ཏིང་རྔུལ་དགོན་གཡུང་དྲུང་ནོར་བུའི་གླིང་གི་གྲལ་མཐར་འཛིན་པ་གསལ་སྟོང་རང་གྲོལ་བདག་གི་མཇལ་འདོད་ཀྱི་མིག་ཆུ་དབང་མེད་ཤོར་བཞིན་དད་པའི་ཐལ་མོ་སྙིང་ཁར་ཟུམ་ཏེ་ བོད་ལྗོངས་ནང་བསྟན་སློབ་གླིང་ནས་ཕུལ།། ༢༠༡༦།༤།༥།

གྱེར་གྱི་དཔོན་གསས་ཆ་གཅིག

རྩོམ་པ་པོ། ཁྱུང་བསོད་བློ།

༧ དཔོན་གསས་བླ་མའི་སྐུ་ཡི་མཚན་དཔེ་པོད་ཀྱི་ཀློང་ནས་གར་དུ་བཞེངས།། མན་ངག་ཆབ་ཀྱི་གསུང་གི་གསེར་ནག་འཛམ་གླིང་ཡོངས་ལ་ཁྱབ་བདལ་མཛད།། འོད་ཆེན་ཐུགས་ཀྱི་གཞའ་ཡི་ཟེར་ཐག་གཤེན་བསྟན་རི་ལ་དམ་དུ་འཁྱུད།། གྱེར་ཆེན་ཚང་གི་བདེན་མཐའ་གསལ་བའི་སེར་པོ་གསེར་གྱི་དཔོན་གསས་ཆ།། ༧ སྟོང་རི་ཆེམ་པ་ཏིང་ཏིང་བརྡུང་སྟེ་ཆབ་ནག་སྲིད་པའི་བོན་སྒོ་གྱེར།། ཁྲི་ལོ་གནམ་གྲཌ་ཚིང་ཚིང་བཀྲོལ་ནས་ཆབ་དཀར་གསང་བའི་སྔཌ་སྒོ་ཕྱེས།། འཕར་པོ་འཕར་ཆུང་ཤེད་དུ་བུས་ནས་དཔོན་གསས་མན་ངག་བླ་མ་མཛད།། སྲིད་ཞི་གཉིས་ཀྱི་ཆགས་ཚད་གསལ་བའི་མཐོ་ཐོག་མཛོད་ཀྱི་མེ་ལོང་བརྡུང་།། ༧ སྒོར་མོའི་ཆེད་དུ་བླ་རྫུན་འཁྲབས་ནས་རང་བསྟན་རྫུན་མར་བསྒྱུར་མ་མྱངས།། མགོ་རྣའི་ཆེད་དུ་རུལ་སུངས་བྱས་ནས་གོ་སའི་ཁྲི་ལ་རྔམ་མ་མྱངས།། བཅུ་རིག་སྨྲ་བའི་མཁས་བརྒྱའི་ཁྲོད་ནས་མཁས་བཙུན་བཟང་པོའི་གསེར་རྟཌ་བླངས།། མཉམ་མེད་ཚང་གི་གྲལ་མཐའ་བགོམ་པའི་སྨན་རིའི་ཚང་གི་དཔོན་གསས་ཆ།། ༧ བསྟན་ལ་གཡོ་རྫུན་ཟོལ་གྱིས་མ་སླད་ལྷག་བསམ་འོ་མས་ཕྱི་ནང་བངས།། ཉམ་རེ་ང་བའི་ཉམ་ཆུང་མཐོང་དུས་སྙིང་དང་བརྩེ་བའི་སྤྱན་ཆབ་བཞུར།། ཕྱི་ནང་གསུམ་ལ་སྤྱན་མིག་གྲུང་ཡང་གྲྭ་རྐྱང་ཞིག་གི་འདུ་ཤེས་བརྟན།། བླ་རུ་འཕཌ་པའི་བླ་ཆེན་གྱུར་ཡང་འཇོད་འཇོད་བྱས་པའི་ལོ་རྒྱུས་མེད།། ༧ རྣམ་འདྲེན་བརྒྱད་པའི་བསྟན་པའི་དོད་དུ་སྐུ་སྲོག་དམར་པོ་འབན་དུ་བཙུཌ།། མཉམ་མེད་བླ་མའི་ཁྱིམ་གཞིས་ཆེད་དུ་ལོ་རབས་བརྒྱ་ཡི་སྨག་ནག་གཤགས།། འཁོར་ལོ་གསུམ་གྱིས་ལྡུམ་ར་བཀུག་སྟེ་རིན་ཆེན་འབྲུ་ཡི་ལོ་ཏོག་བཏབས།། ལུང་རྟོཌ་རིག་པའི་འཕྲུལ་འཁོར་བསྐོར་བའི་བཤད་སྒྲུབ་སྙེ་མའི་གྲ་ལོ་རྒྱས།། ༧ ས་མཐར་བྱོལ་བའི་གྲྭ་ཆུང་ཁྱུ་ཞིག་ལྟོ་ཆུང་ལྟོ་བས་མནར་ཉིན་མོར།། འཆད་རྩོད་རྩོམ་གྱི་མར་དཀར་པུ་ལུའི་ཐུད་ཀྱི་གྲོ་བརྒྱཌ་རུམ་ནས་བཏོན།། བུ་སློབ་སྟོང་གི་སེམས་ཀྱི་གསང་གུར་བཅུ་ཕྲག་རིག་པས་བལྟམས་པར་མཛད། དྲུང་མུ་གྱེར་གྱི་བདེ་སྡུག་ཞུ་སའི་བོན་གྱི་ཕ་མ་ཁྱེད་གཉིས་ཡིན།། ༧ སྐྱིད་སྡུག་དུས་ཀྱི་ཁུག་སོ་ཞིག་ལ་གངས་སུབ་རྫ་འཕྲང་གཤགས་ཉིན་མོར།། རྩམ་རྡག་བརྫི་སའི་ཁ་ཕོར་མེད་ཀྱང་ལྟ་གྲུབ་ཚད་མའི་བསྟན་ཕོར་བསྣམས། ཀོ་བ་སྨུག་པོའི་རྐང་ལྷམ་མེད་ཀྱང་ཤ་ལྷམ་རློན་པས་གངས་འཁྱགས་གཤཌ།། གྱེར་གྱི་པོད་སྒྲོམ་ཕྲག་ཏུ་བསྣམས་ནས་བསྟན་པའི་ཆེད་དུ་གྲྭ་སར་འགྲིམས།། ༧ གྲུབ་ཆེན་བརྒྱ་ཡིས་གྲུབ་རྟགས་ངོམ་ཉིན་གཡུང་དྲུང་བྲག་ལ་འཛུབ་རིས་བྲིས།། ལྟ་གྲུབ་སྟོང་གིས་བདེན་དོན་གླེང་ཉིན་ཆོས་ཀྱི་ཆུ་འགོའི་གཟེངས་རྟགས་ལོན།། གཡུང་དྲུང་བསྟན་ལ་ཁ་མཆུ་མེད་པའི་ཐེག་པ་རིམ་དགུའི་ཐོ་ཆེན་བཙུགས།། གཤེན་གྱི་རྒྱ་རྔ་ཤུཌ་ཀྱིས་བརྡུང་ནས་སྐད་གསང་མཁའ་ནས་འབྲུག་པར་མཛད། ༧ གསར་རྙིང་དུས་ཀྱི་ཁུགས་སོ་ཞིག་ལ་དཀའ་བརྒྱའི་འབད་པ་ལྷུར་དུ་བླངས།། སྐུ་སྲོག་དམར་པོ་བོན་ལ་བཅོལ་ནས་སོ་པའི་གསེབ་ནས་བསྟན་པར་གཅེས།། ཆོས་འགོ་གངས་རྒན་མེ་ལྕེས་བཞུ་གྲབས་བསྟན་ལ་ཉེན་ཚབས་ཆེ་ཉིན་མོར།། སངས་རྒྱས་བསྟན་པ་སེམས་ཀྱིས་བཅང་ནས་ཧི་མ་ལ་ཡི་སྒང་ཟེ་འགྲིམས།། ༧ གྲུབ་མཐའི་རྒྱལ་པོ་རྒྱལ་གཤེན་བསྟན་པའི་སེར་པོ་གསེར་གྱི་ཀ་རྒོད་ཆ།། རིན་ཆེན་ལྔ་སྟེ་སྒོ་བཞི་མཛོད་ལྔའི་དཀར་པོ་དངུལ་གྱི་དཔྱམ་གདུང་ཆ།། བཤེས་གཉེན་བརྒྱ་ཡི་གཤོག་དྲུག་རྒྱས་སའི་གནས་ལྔ་རིག་པའི་མཚོ་མོ་ཆ།། གྱེར་གྱི་དཔོན་གསས་སྐུ་ཚེ་བརྟན་པའི་བརྟན་བཞུཌ་ཤིས་ཚིག་ཅི་མི་འཐོར།། ༧ མཉམ་མེད་བླ་མའི་མཛད་འཕྲིན་སྐྱོང་བའི་ཞྭ་དཀར་ཚང་གི་དཔོན་གསས་ཆ།། ཁྲོ་ཕུར་ཡི་དམ་བཀའ་ཆེན་སྡེ་དགུས་སྐུ་ཚེ་བརྟན་པའི་སྡོང་གྲོགས་མཛོད།། མ་བདུན་བཙན་གསུམ་བསྟན་སྲུང་དྲུག་གིས་བསྟན་པ་འཛིན་ལ་བྱ་ར་མཛོད།། བོན་ལ་དད་པའི་བོན་འབངས་ཡོངས་ཀྱིས་བརྟན་བཞུཌ་མནྜལ་རྒྱས་འབུལ་ཞུ།། ཞེས་སྤྱི་ལོ་༢༠༡༦/ཟླ་//ཚེས/༡༦/ཉིན་ལུས་སེམས་དད་པའི་ཐལ་མོ་སྤྱི་གཙུག་ཏུ་སྦྱར་ནས་ཕུལ།

ཨ་སྔོན་དགུང་གི་ཉི་མ།

རྩོམ་པ་པོ། ཚངས་སྲས་དྲུང་མུ།

༧ སྤང་ལམ་མདོ་ཡི་སྤྱོད་ཚུལ་འཛིན།། བསྒྱུར་ལམ་སྔགས་ཀྱི་རིམ་གཉིས་གོམས།། གྲོལ་ལམ་ལྟ་བའི་ཕུགས་ཐག་ཆོད།། སྤང་སྒྱུར་གྲོལ་གསུམ་བདག་ཉིད་བ།། སྙིགས་དུས་སྒྲོན་མེ་གུས་པས་བསྟོད།། ༧ ཐུགས་ཉིད་ལྷ་ལམ་ཡངས་པོ་ནས།། སྲིད་ཞིའི་འཇིགས་པ་ཀུན་གཟིགས་ཏེ།། ལྔ་སྙིགས་དུས་ཀྱི་ཁུག་སོ་ན།། འཁྲུངས་ཏེ་འཛམ་གླིང་འཛིན་མའི་ཁྱོན།། མཚན་དཔེའི་འདབ་ལག་རབ་ཏུ་རྒྱས།། ༧ མཉམ་མེད་བླ་མའི་གདན་ས་རུ།། མཁས་མཛང་ཀུན་ལྡན་སེམས་དཔའི་དབུས།། རྒྱལ་བའི་བཀའ་དང་གསུང་རབ་ཀུན།། འཆད་ཉན་སྒོམ་སྒྲུབ་གནང་མཛད་དེ།། ཟབ་དོན་སྤྲོས་བྲལ་མངོན་དུ་སྟོན།། ༧ དུས་འགྱུར་རླུང་འཚུབ་དྲག་པོ་ཡིས།། རྒྱལ་བསྟན་སྤྱི་དང་ཁྱད་པར་དུ།། གྱེར་བསྟན་སྒང་ནས་ནུབ་ལ་ཁད།། རྒྱ་གར་འཕགས་པའི་གླིང་ཆེན་ན།། ཕེབས་ཏེ་མཛད་བཟང་རླབས་ཆེན་བསྐྲུན།། ༧ ཐབས་མཁས་ཐུགས་རྗེའི་བྱིན་རླབས་ཀྱིས།། ལས་ལྡན་བོན་འབངས་ཡོངས་སུ་གཟིགས།། སྨན་གྱི་རི་དང་ནོར་རྩེ་རུ།། བཤད་སྒྲུབ་བསྟན་པའི་མེ་ཆེན་སྤར།། རླབས་ཆེན་མཛད་བཟང་འདི་ཀོ་རྨད།། ༧ ཕན་བདེའི་འོད་སྣང་དཀར་པོ་ཡིས།། མ་འོངས་འགྲོ་བའི་དོན་ཕྱིར་དུ།། གླེགས་བམ་བཅུ་ཕྲག་ལྷག་པར་མཛད།། ཁྱེད་འདྲའི་ཡངས་པའི་ཁམས་འདི་རུ།། རྙེད་པར་དཀོན་པའི་ནོར་བུ་བཞིན།། ༧ མཚུངས་མེད་དྲིན་ཅན་བླ་མ་ཉིད།། འགྲོ་བའི་བློ་མུན་སེལ་བཞིན་དུ།། འཛམ་གླིང་ས་ཡི་གོ་ལའི་ཁྱོན།། འཇིག་པའི་བསྐལ་པ་མ་སྟོང་བར།། བསྟན་འགྲོའི་དཔལ་དུ་རྟག་འཆར་ཤོག། ཚངས་སྲས་དྲུང་མུ་ནས།

དད་འདུན་ཡིད་ཀྱི་མཆོད་མེ།

རྩོམ་པ་པོ། ཁྱུང་ཀུན་ཁྱབ།

༧ མྱི་ཆེན་ཞིག་གིས་མི་ཡུལ་མཐིལ་ལ་བརྩེ་བའི་འོད་ཆེན་སླར་སྤར་ནས།། ཁྲོན་ནང་འཁོར་མཐའ་འཁྱམས་པའི་སེམས་ཅན་ལུས་སེམས་བདེ་དགའི་ལས་ལ་གཟེང་།། མ་རིག་མུན་གཉེན་ཡེ་ཤེས་འོད་ཀྱིས་ཐར་ལམ་རིགས་བཞིའི་ཀ་བ་བསླངས།། མངོན་ལྐོག་བོན་རྣམས་གཅིག་ཏུ་བསྡུས་པའི་ཡང་དག་མཛོད་ཀྱི་སྒོ་མོ་ཕྱེས།། ༧ སྐུ་ཡི་ཆོ་འཕྲུལ་སྣ་ཚོགས་རེ་རེ་རིག་དྲུག་སེམས་ཀྱི་མིག་ལ་མཛེས།། གསུང་གིས་གྲེ་འགྱུར་དབྱངས་རྟ་རེ་རེ་རང་མཐུན་སྐད་ངག་རྣ་བར་སྙན།། ཐུགས་ཀྱིས་ཀུན་སྙོམས་མཁྱེན་པའི་ཡེ་ཤེས་འགྲོ་ཀུན་སྐྱོབས་པའི་ཉི་མ་འགྲན།། སྐུ་གསུང་ཐུགས་རྣམས་མ་འགག་ཆོ་འཕྲུལ་བོད་ཁམས་དགྱེས་པའི་འདོད་འབྱུང་གཏེར།། ༧ མི་རིགས་ཞིག་ལ་དགོས་པའི་ཤེས་བྱ་རིག་པའི་སྡོང་བུ་གྱེན་ལ་སློང་།། བཅུ་རིག་པད་མོ་ཁོ་ལག་རབ་འབུས་དཀར་དམར་མེ་ཏོག་རྣམ་པར་རྒྱས།། བསླབས་གསུམ་བསྟན་པའི་དྭངས་གཙང་སྤོས་དྲི་མཁའ་ཁྱབ་ཞིང་ལ་དངོས་སུ་ཐུལ།། མཁའ་ཡངས་གསལ་བའི་རིག་པའི་རྒྱལ་པོ་ཀུན་རྟོགས་ཉིད་ལ་གུས་ཤིང་གདུང་།། ༧ སྲིད་པའི་གངས་ལྗོངས་སྲིད་འདིར་འཕགས་པའི་ཐུན་མིན་ནོར་གྱི་ཞིང་ཁམས་ལ།། ཕྱི་ཡུལ་མགྲོན་པོས་སྲིད་དབང་བཀོལ་ནས་བོད་ཁམས་སིལ་བུ་མ་འཐོར་གོང་།། རང་ཚུགས་ཡོད་པའི་རྒྱལ་ཁམས་དེ་ཡི་མེས་པོའི་སྐད་ཡིག་དག་མ་སྟེ།། ཕྱི་རབས་བུ་ལག་གཅེས་སུ་བཞག་པའི་སྙིང་སྟོབས་ཅན་གྱི་མི་ལ་འཕྱན།། ༧ དཀའ་སྤྱད་བཀྲེས་སྐོམ་འཁྱགས་རོམ་ཁྲོད་ནས་བསྟན་པ་སྐྱོང་བའི་རྣམ་ཐར་ཡོད།། མདའ་མདུང་གོ་ལག་དམག་ཚོགས་ཁྲོད་ནས་ཞུམ་མེད་ཕ་མཐར་བརྒལ་རབས་ཡོད།། གླིང་གཞིའི་མི་ཡུལ་ས་ཕྱོགས་ཀུན་ལ་ཁྱེད་ཉིད་བསྐྱོད་པའི་ཤུལ་བཞག་རེས།། བོད་ཀྱི་ཁྱད་ནོར་ཀུན་ངོར་བཤམས་པའི་མི་སྣ་ཞིག་གིས་མཚོན་རྟགས་ཡོད།། ༧ ཐོས་པས་བུང་བ་རྩི་ལ་འཁོར་བཞིན་བུ་སློབ་དུ་མ་སྐྱེས་བསྲིངས་མཛད།། བསམ་པས་གནམ་འོག་ས་སྟེང་འདིར་ལ་ལྔ་རིག་འཕེལ་བའི་དགོངས་པ་ཟབ།། སྒོམ་པས་སྣང་སེམས་གཅིག་ཏུ་འདྲེས་པའི་དབྱིངས་ཉིད་བོན་གྱི་གསང་བ་འཚོལ།། ཐོས་བསམ་སྒོམ་སྒྲུབ་ལྷུར་གྱིས་བཞེས་པའི་ངེས་དོན་བླ་མ་ལྷ་བཞིན་བཀུར།། ༧ ཆ་མེད་བྱེས་ཀྱི་ནོར་འཛིན་མཐིལ་ལ་ཕུན་ཚོགས་དབྱིག་གི་ཁྱིམ་གཞིས་བསྐྲུན།། ན་ཆུང་བློ་གྲོས་རྩ་མདུད་གྲོལ་སའི་གཙུག་ལག་སློབ་གླིང་ཆེན་མོ་བཞེངས།། མཚན་སྙན་བ་དན་གནམ་ལ་ཀེར་བའི་བཤེས་གཉེན་དུ་མའི་ལམ་སྟོན་པ།། སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་འཛམ་གླིང་མི་ཡི་རྒྱན་དུ་ཆེ།། ༧ ཆུང་ནས་ད་བར་མི་ཚེ་ཧྲིལ་པོར་གངས་ཅན་པ་ཡི་བྲན་དུ་ཉུལ།། ཁྱད་པར་བསྟན་སྙིང་རིམ་དགུ་བོན་གྱི་བསྟན་པའི་དོན་དུ་འཛུམ་མེར་བཞུགས།། ད་དུང་མཛད་འཕྲིན་ཆུ་བོའི་རྒྱུན་བཞིན་གེགས་མེད་འགྲུབ་པའི་ཉག་ཐག་འདི།། ཟོལ་མེད་སེམས་ཀྱི་དྲན་གདུང་ཁྲོད་ནས་ཁྱེད་ལ་དུང་བའི་ཤིས་ཚིག་ཡིན།། ༧ ལྷག་པའི་བསམ་དཀར་ནང་ནས་འཕྱུར་བའི་གཟུ་བོར་མི་ཚོས་མཐུ་རྐྱེན་འོག། གཞི་བྱེས་བོན་འབངས་མཐུན་པའི་ལག་སྡང་གཅིག་ཏུ་སྦྲེལད་བའི་ནུས་མཐུ་ལས།། དངོས་འབྱོར་བསོད་ནམས་ཚོགས་ཆེན་ཕུལ་བའི་བཀྲ་ཤིས་དགའ་སྟོན་ཉི་མོ་ལ།། ལུས་ངག་ཡིད་ཀྱི་དད་གུས་མཚོན་ཕྱིར་གཡས་འཁྱིལ་སྒྲ་ཡི་མཆོད་པ་བསྟར།། ༧ སྐྱབས་གནས་བླ་མ་སྨན་རིའི་མཁན་སློབ་རྣམ་གཉིས་མཆོག། ད་ལྟ་བར་དུ་དཀའ་སྡུག་གི་འཕྲང་ལམ་བརྒལ་ནས་མི་རིགས་སྤྱི་དང་ལྷག་ཏུ་ཁ་བ་གངས་ཅན་པའི་རིག་གཞུང་མ་ཉམས་གོང་འཕེལ་གཏོང་ཆེད་དུ་འཛམ་གླིང་ཤར་ནུབ་ཀུན་ལ་ངལ་བ་འཁུར་དུ་བཞེས་ནས་ཕེབས་པ་འདི་ཆོས་ཕྱོགས་ནས་བཤད་ན་མཚན་སྙན་གྱི་གྲགས་པ་དཀར་བའི་ངེས་དོན་གྱི་སྐྱེས་བུ་དངོོས་དང་མི་རིགས་ཀྱི་ཆ་ནས་མགོ་ནག་བོད་པ་ཚང་གི་མིག་སྙིང་སྲོག་གསུམ་ལས་གཅེས་པའི་ཞང་བོད་ཀྱི་མདོ་སྔགས་རིགས་གནས་དང་སྐད་ཡིག་དར་སྤེལ་འཐད་ནས་མཛད་འཕྲིན་བསླུ་མེད་བསྐྱངས་པའི་བཀའ་དྲིན་སེམས་ལ་འཁོར་བཞིན་མཚོད་ཚིག་འདི་གདན་ས་ཁྲི་བརྟན་ནོར་རྩེའི་སློབ་གཉེར་བ་ཁྱུང་ཀུན་ཁྱབ་ནས་2016-4-19ཉིན་བྲིས།

ཉི་ཟླའི་འོད་སྣང་།

རྩོམ་པ་པོ། ཞང་ཚུལ་མི།

༧ ཚོགས་གཉིས་རབ་གསལ་མཁའ་དབྱིངས་ལས།། ལེགས་འཁྲུངས་གཤེན་བསྟན་འཛིན་པའི་དཔལ།། ཡོངས་འཛིན་ཉི་མ་གཞོན་ནུ་མཆོག། སྐྱེ་དགུ་འགྲོ་བའི་མགོན་དུ་ཤར།། ༧ གཞན་ཕན་བྱམས་བརྩེའི་འཛུམ་ཞལ་ཆེ།། མ་གྱུར་འགྲོ་ལ་རྟག་ཏུ་བསྲིངས།། མཁྱེན་གཉིས་འོད་ཀྱི་གུར་ཁང་ནས།། སྐུ་གཉིས་ཉི་རང་གཟུགས་ལྷང་ངེར་མངོན།། ༧ རྨད་བྱུང་བསླབ་གསུམ་སྡོང་བུ་ལ། སྐྱོན་བྲལ་ལོ་འབྲས་ཁུར་དུ་དུད།། དྲི་མེད་ཚུལ་ཁྲིམས་ཕུང་པོ་དག། རིན་ཆེན་གསེར་གླིང་སྐྱོད་པ་བཞིན།། ༧ གཡོ་མེད་ཏིང་འཛིན་རི་བོ་ལ།།  ཐབས་ཤེས་སྨན་གྱི་གེ་སར་བཞད།། ཉམས་དང་རྟོགས་པའི་དྲོད་ཚད་ཀྱིས།། དུག་ལྔའི་འདམ་དོང་སྐེམས་པར་མཛད།། ༧ བཀའ་རྒྱུད་འོ་མའི་མཚོ་རླབས་ཀྱི།། དགོངས་བཅུད་མར་གྱི་གོང་བུ་དག། ཐུགས་རྒྱུད་མུ་ཏིག་བུམ་བཟང་དུ།། མ་འདྲེས་ཀུན་ལྡ་བྱུ་བོར་གཏམ།།  ༧ རིམ་གཉིས་ལམ་གྱི་སྐས་ཐེམ་བརྒལ།། ཚོགས་གཉིས་མི་འཇིག་ཁྲི་ལ་འགྱིང་།། དོན་གཉིས་གཤོག་རླབས་མཁའ་ལ་བརྐྱངས།། རྐང་གཉིས་མི་ཡི་གར་དུ་བཞེངས།། ༧ སྐུ་ལས་མཚན་པའི་འཛུམ་ཚེར་བཀྲ།། གསུང་ལས་འཕྲུལ་ངག་ཚངས་དབྱངས་སྒྲོག།། ཐུགས་ལས་མཁྱེན་བརྩེའི་དཔལ་འབར་འཚེར།། ཀུན་ལས་དཔལ་གྱུར་སྨན་རི་བ།། ༧ འཆད་ན་ལུང་རིགས་རྔ་སྒྲ་ལྡིར།། རྩོད་ན་རིགས་འཕྲུལ་གློག་ཞགས་འཁྱུག། རྩོམ་ན་མཚོ་བྱུང་རྒྱུད་མང་འཁྲོལ།། སྲིད་ན་དཀོན་པའི་ཨུ་འབར་བཞིན།། ༧ གཤེན་གྱི་ཞལ་གསུང་བདུད་རྩིའི་ཆབ།། རྒྱུན་དུ་འགྲོ་ལ་སྤེལ་བཞིན་དུ།། འཕྲིན་ལས་གསེར་གྱི་འཁོར་ལོ་ཆེ།། ཡངས་པའི་ཞིང་ཁམས་ཀུན་ཏུ་བསྒྱུར།། ༧ རྒྱལ་བསྟན་གངས་རིའི་དབུ་རྩེ་ནས།། མཁྱེན་དཔྱོད་གཡུ་རལ་གསིག་བཞིན་དུ།། ལུང་རིགས་གདོང་ལྔའི་སྐད་གསངས་ཀྱིས།། ལྷོ་གླིང་མུ་ཁྱུད་འུར་གྱིས་བཀང་།། ༧ བསྟན་པའི་མཛད་རྗེས་རེ་རེ་ལ།། དམ་པའི་མཛད་སྤྱོད་ལམ་མེར་གསལ།། འགྲོ་བའི་སྡུག་བསྔལ་རེ་རེ་ལ།། ཕན་སྟེར་སྨན་གྱི་སྡོང་བུ་བཞིན།། ༧ བརྒྱ་ཕྲག་ལོ་ཡི་བང་རིམ་ནས།། དབུ་ལོ་གངས་ལས་དཀར་བཞིན་དུ།། སྐྱེ་དགུ་འགྲོ་བའི་དཔལ་མགོན་ལ།། ཡུན་དུ་བཞུགས་པར་གསོལ་བ་འདེབས།། ༧ དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོར་མཎྜལ་བརྟན་བཞུགས་རྒྱས་འབུལ་སྐབས། མེ་ཏོག་ཆུང་ཡང་ལྷ་རྫས་ཞེས་པའི་དཔེ་ལྟར་ཞང་ཚུལ་མིའི་སྒོ་གསུམ་གུས་པའི་ངང་ནས་འཕགས་ཤིང་གནས་ཀྱི་ཉེ་འགྲམ་དུ་2016;4:18ཉིན་བྲིས།

དུས་ཀྱི་སྟོན་པ་རྣམ་གཉིས།

རྩོམ་པ་པོ་བོན་ལྷུན། སྟེང་དགོན་བཤད་གྲྭ་བ།

༧ ཁྱེད་གཉིས་གཤེན་རབ་གཉིས་པའི་ཚུལ་བོན་བསྟན་སྤེལ་ལ་འགྲན་པ་བྲལ།། ཁྱེད་གཉིས་སེམས་དཔའ་ཆེན་པོ་དངོས་གཞན་དོན་མཛད་ལ་ཞུམ་པ་མེད།། ཁྱེད་གཉིས་ལས་ཀྱི་ཕ་མ་སྟེ་བྱམས་རྩེ་ཐུགས་ཁུར་གཞན་ལས་དྲིན།། ཁྱེད་གཉིས་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཆ་འགྲིག་གོ། ༧ ཁྱེད་གཉིས་གཤེན་ཞལ་གཙང་མ་ནས་གསུངས་པའི་བཀའ་རྣམས་འགྲེལ་བྱེད་པོ།། ཁྱེད་གཉིས་རྗེས་མཇུག་མཁས་པ་ཚོའི་ལེགས་བཤད་བདུད་རྩི་རོལ་བའི་ཞལ།། ཁྱེད་གཉིས་བོན་བསྟན་གཏེར་མཛོད་ལ་དགོས་རྒུ་མ་ལུས་བྱུར་བུར་སྤུངས།། ཁྱེད་གཉིས་དོན་གྱི་ནོར་བུ་སྟེ་ཅི་བསམ་ཕན་བདེའི་རེ་བ་བསྐོངས།། ༧ ཁ་བའི་ཤེས་རིག་ལོ་མའི་ཚལ་རེག་ཆོད་ཟོར་བས་བཅོམ་པའི་དུས།། གངས་ལ་གོམས་པས་བརྒལ་ནས་སུ་གངས་ཕྱིར་བསྟན་པའི་གཞིས་ས་བཙལ།། དད་པའི་བུ་ཆུང་ཇི་སྙེད་ཅིག་བསྡུ་དངོས་རྣམ་བཞིའི་གཅིག་བསྡུས་ནས།། གཤེན་བསྟན་དབུགས་རྒྱུན་ཕྲ་མོ་དེ་སླར་གསོའི་འོ་བརྒྱལ་ཕྲག་ཏུ་བཞེས།། ༧ བསྟན་པའི་གསལ་བྱེད་བཤད་སྒྲུབ་སྒོམ་གདན་ས་གཉིས་ལ་ཕྱག་བཏབ་ནས།། བཤད་པ་བོན་གྱི་སྒྲ་དབྱངས་ཀྱིས་མང་ཐོས་དྭངས་བ་བསྐྱེད་པར་བྱས།། སྒྲུབ་པ་མཐིལ་དུ་ཕབས་པའི་མཐུས་ཡི་དམ་ལྷ་ངོ་འཕྲོད་པར་བྱས།། སྒོམ་པ་གསལ་བའི་ཏིང་འཛིན་ཀློང་སྟོང་རིག་མ་བུ་འདྲེས་པར་བྱས།། ༧ རྣམ་གཉིས་ཐུགས་རྗེའི་གྲིབ་བསིལ་འོག་ཡུན་དུ་འཚོ་བའི་བུ་སློབ་ཅག། འཆད་ན་ཐོགས་བརྡུགས་མེད་པ་ཡིས་སྨྲ་སེང་སྐུ་ལྔའི་མགྲིན་པ་བརྩལ།། རྩོད་ན་རིག་པའི་རལ་གྲི་ལ་བཀའ་ལུང་ཚད་མས་རྣོ་ངར་ལྡུད།། རྩོམ་ན་མཁས་པ་ཕལ་མོ་ཆེས་བསྟོད་པའི་ཞལ་ཆབ་སིབ་སིབ་མཐོར།། ༧ དེ་ཙམ་མ་ཡིན་གོ་ལའི་ཁྱོན་རྣམ་གཉིས་ཐུགས་རྗེས་མདངས་འཕྲོས་པས།། ཞུང་བོད་ཤེས་རིག་སྐྱེད་མོས་ཚལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།། འབྲས་བུ་གཡུར་དུ་ཟ་བའི་བཅུད་ཀུན་གྱིས་རོལ་ཡང་མི་འཛད་པ།། ཁྱོན་ཀུན་བདལ་པའི་བུ་སློབ་ཚོས་སྦྲང་མས་རྩི་གསོག་བཞིན་དུ་བྲེལ།། ༧ པད་མའི་ཡལ་འདབ་གྲོལ་བ་བཞིན་མཚན་དཔེའི་གཟི་ཉམས་ཞིང་ན་མཛེས།། བུམ་པ་བཅུད་ཀྱིས་བལྟམས་པ་ལྟར་དངོས་འགྲུབ་བདུད་རྩི་འཕེལ་ཁ་ཡག། ལྟོ་དཀར་ཉ་མོའི་འཁྱུག་འགྲོས་བཞིན་རིག་གཞུང་མཚོ་མོའི་གཏིང་མཐའ་ཉུལ།། རྒྱལ་མཚན་ཐོག་མཁར་བརྩིགས་པ་ལྟར་མི་ནུབ་བོན་གྱི་བདེན་དཔང་བརླིངས།། ༧ དུང་དཀར་གཡས་འཁྱིལ་བཏང་བ་བཞིན་གྲགས་དཀར་སྲིད་གསུམ་ཀུན་ཏུ་ཁྱབ།། དཔལ་བེའུ་སྒྱུ་འཕྲུལ་དྲ་བ་ལྟར་གསང་གསུམ་མཛད་རིས་ལྷ་མིས་སྨོན།། འཁོར་ལོ་རྩིབས་སྟོང་བཀྲམ་པ་བཞིན་ལྗགས་རྩོམ་པོད་ཀྱི་འཕྲེང་བ་སྟར།། གདུགས་དཀར་རླུང་གིས་མ་གཡོས་ལྟར་གཡོ་མེ་གནས་ལུགས་ངང་ཐག་བསྲིངས།། ༧ ཨ་ཧོ་རྨད་བྱུང་རྒྱལ་ཀུན་གྱི་མཛད་པ་ཉིད་དུ་ཚུལ་བཟུང་ནས།། བོན་འབངས་འགྲོ་བའི་བསོད་ནམས་ཀྱིས་སྤྱི་བོར་བབ་པའི་ལྷ་སྐལ་ལ།། དགའ་དད་སྤྲོ་བའི་རབ་བལྟས་ནས་སྟོད་ཚིག་མཆོད་པ་ཕུལ་བས་དགེ། སྟོང་དང་འབུམ་དུ་འཕེལ་གྱུར་ནས་ཞབས་པད་གཡུང་དྲུང་ཁམས་བརྙེས་ཤོག སྟེང་དགོན་བཤད་གྲྭ་བ་བོན་ལྷུན་ནས།

ངེས་དོན་གྱི་རྒྱལ་སྲས་ཞིག་གི་མཛད་འཕྲིན་་གྱི་ཆ་ཤས་ལ་བསྟོད་པ།།

རྩོམ་པ་པོ། གནམ་འདེགས་ཀ་བ།

༧ བསྟན་པའི་སྙིང་པོ་གསང་ཆེན་ཟབ་མོའི་བོན།། འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ།། རྣམ་གྲོལ་མཁས་རྒུའི་གཙུག་རྒྱན་སྨྲ་བའི་སེང་།། དག་པ་གཤེན་གྱི་སྒྲོན་མེ་ཡོངས་འཛིན་བསྟོད།། ༧ གངས་ཅན་མདོ་ཁམས་རྔུལ་རྫ་སྒང་གི་སྟོད།། གྲུབ་བརྙེས་བྱེ་བའི་ཕ་གཞིས་ཁྱུང་གི་སར།། རྟེན་བཟང་སྐུ་མཚན་ཟླ་བ་མངོན་པར་འཛུམ།། མུན་པའི་དཔུང་ཆེན་བཅོམ་ལ་གུས་པས་འདུད།། ༧ གདན་ས་གོང་འོག་ཡོངས་འཛིན་རྣམ་གཉིས་གཙོས།། བཅུ་རིག་སྨྲ་བའི་མཁས་གྲུབ་མང་བསྟེན་ནས།། དམུ་རྒྱལ་བསྟན་པའི་གཞུང་ལུགས་མཐའ་དག་ལ།། རྨོངས་པའི་མུན་ཀུན་སངས་པ་ཁྱེད་ལ་འདུད།། ༧ རྨད་འབྱུང་འདུལ་འཛིན་ཚུལ་ཁྲིམས་མིག་ལྟར་གཅེས།། ངེས་དོན་ལུང་རིགས་ཟབ་མོའི་ཚུལ་གོས་ཀླུབས།། རྒྱལ་མཆོག་ཕྱག་ན་པད་མོས་བསྔགས་པའི་ཡུལ།། ཁ་བ་གངས་རིའི་ཚིག་མཛོད་ཁྱེད་ལ་འདུད།། ༧ ཁྱེད་ཀྱི་མཁྱེན་དཔྱོད་ཉི་མའི་འོད་སྣང་གིས།། རིམ་དགུ་ཐེག་པའི་པད་ཚལ་ལམ་མེར་བཞད།། ལྔ་སྙིགས་མཁས་ཀུན་དྲེག་པའི་ཀུ་མུད་ཟུམ།། མཁས་གྲུབ་བྱེ་བའི་གཙུག་རྒྱན་ཁྱེད་ཕྱག་འཚལ།། ༧ དེང་འདིར་ཚིག་ཟབ་ཙམ་ཡང་གླེང་བར་དཀོན།། དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།། ཚིག་དོན་ཀུན་ལ་ཕུལ་ཕྱིན་མཁས་པའི་ཏོག། ཞྭ་དཀར་བོན་གྱི་རྒྱལ་སྲས་ཁྱེད་ལ་འདུད།། ༧ ཁ་ཅིག་རིས་མེད་ཡིན་ཟེར་བསྟན་པ་བསླད།། ལ་ལ་སྒོམ་ཆེན་ཡིན་ཟེར་ཟོབ་རྫུན་འཁྲབ།། གྱེར་བསྟན་སྲོག་ལྟར་གཅེས་མཁན་ཉག་གཅིག་སྟེ།། ཀུན་གྲུབ་རྒྱལ་བའི་སྲས་པོ་ཉིད་ལ་འདུད།། ༧ ལ་ལས་འདུལ་བ་གཅེས་བཟུང་གསང་སྔགས་སྤང་།། ལ་ལས་སྔགས་པ་ཡིན་ཟེར་འདུལ་བ་སྨད།། ཐོད་དཀར་སྲས་ཀྱི་མདོ་རྒྱུད་ཐ་དག་ཀུན།། འགལ་མེད་ཐུགས་ལ་འབྱོང་བའི་ཡོངས་འཛིན་བསྟོད།། ༧ ལ་ལས་སྤྱོད་པ་གཙིགས་འཛིན་ལྟ་བ་འགོག། ལ་ལས་ཆོག་ཤེས་ལྟ་བས་སྤྱོད་པ་འདོར།། ལྟ་སྤྱོད་ཕན་ཚུན་གྲོགས་སུ་འཁྱེར་ནུས་ན།། དོན་ཡིན་དམ་པ་འདེམ་མཁན་ཁྱེད་ལ་འདུད།། ༧ འགའ་ཞིག་བཤད་པ་གཙོར་འཛིན་ཚིག་ལ་འཁྲེང་།། ཁ་ཅིག་སྒྲུབ་པ་གཙོར་འཛིན་ལྐུག་མཐར་ལྷུང་།། མཐའ་གཉིས་ཡེ་ནས་གྲོལ་བའི་ལུང་རྟོགས་བོན།། འཛིན་པར་གསལ་མཛད་གཞན་ཕན་ཉི་མར་བསྟོད།། ༧ ཕྱི་ནང་གཉིས་ལས་ནང་རྒྱུད་སྔགས་ཀྱི་འགྲེལ།། ཐེག་པ་དགུ་ལས་ཡོངས་རྩེ་བླ་མེད་ཐེག། སྒོ་བཞི་མཛོད་ལས་ཁྱད་པར་ཆབ་ནག་བོན།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱེད་ལ་འདུད།། ༧ མདོར་ན་དམུ་རྒྱལ་གཤེན་གྱི་བསྟན་པའི་གནད།། ལུང་རིགས་གཉིས་ཀས་ཆེས་ཆེར་གསལ་མཛད་ཅིང་།། གངས་ཅན་ཁ་བའི་བསྟན་འཛིན་ཐ་དག་གིས།། རྟག་ཏུ་བསྔགས་པར་འོས་པ་ཁྱེད་ལ་འདུད།། ༧ དེང་འདིར་འཛམ་གླིང་གོ་ལའི་ཁྱོན་ཀུན་ཏུ།། གྲུབ་མཐའི་རྒྱལ་པོ་དྲུང་མུ་གྱེར་གྱི་བསྟན།། སྙན་པའི་གྲགས་པ་ཆེས་ཆེར་འབར་བ་ནི།། བདག་ཉིད་ཁྱེད་ཀྱི་ཕྲིན་ལས་ཉག་གཅིག་གོ། ༧ དེ་ལྟར་གདུལ་བྱ་ལས་ཅན་གྲངས་མང་བས།། དེ་སྲིད་ཁྱེད་ཀྱི་མཛད་འཕྲིན་བརྗོད་མི་ལང་།། དཔག་མེད་ཡོད་ཕྱིར་བདག་ཉིད་ཆེན་པོ་མཆོག། སྐུ་ཚེ་བསྐལ་བརྒྱའི་བར་དུ་བཞུགས་སུ་གསོལ། གནམ་འདེགས་ཀ་བ་ནས་ཕུལ།   19 /5 /201

ཆོད་ཚིག་དད་པའི་མེ་ཏོག།

རྩོམ་པ་པོ། ཤེས་རབ་ཡེ་ཤེས།

༧ སྙིགས་མ་ལྔ་དུས་གྲུབ་མཐའི་འགྲན་རྩོད་ཁྲོད།། རྨད་བྱུང་གྲུབ་མཐའི་ཡང་རྩེ་གཡུང་དྲུང་བོན།། རྒྱལ་བའི་བསྟན་ལ་སྡང་ཟུག་མང་དྲག་པས།། བླ་ཆེན་དྲན་པ་སླར་ཡང་ཞིང་འདིར་ཕེབས།། ༧ བྱམས་བརྩེ་འོད་ཆེན་འཛམ་གླིང་ཡོངས་ལ་ཤར།། འགྲོ་བའི་མུན་སྒྲིབ་ཚད་མེད་བཞི་ཡིས་བསལ།། འཁོར་བའི་སེམས་ཅན་བདེ་བའི་ཞིང་དུ་བཀོད།། ཁྱེད་ནི་འགྲོ་དྲུག་འདྲེན་པའི་དད་དཔོན་དངོས།། ༧ ལྷན་སྐྱེས་ཤེས་རབ་རིག་པའི་མེ་ཆེན་འབར།། མཁྱེན་སྤྱོད་ཤེས་བྱའི་དཔལ་ལ་དོ་ཟླ་དབེན།། མདོ་བསྔགས་རིག་པའི་གཞུང་ལུགས་གྲུ་ཆར་བསྙིལ།། མཁས་མང་འདུས་པའི་དཀྱིལ་ནས་ཁྱད་དུ་འཕགས།། ༧ ཁྱེད་ཀྱི་མཛད་འཕྲིན་རླབས་ཆེན་བདུད་རྩིའིརྒྱུན།། ཟད་མེད་གང་འདོད་འབྱུང་བའི་ཡིད་བཞིན་ནོར།། བདག་གིས་དད་གུས་ཀློང་ནས་མི་དོར་བར།། སྐལ་བརྒྱའི་བར་དུ་ད་དུང་རབ་བརྟན་ཤོག། ཅེས་གསང་གསུམ་བོན་གྱི་མཛོད་འཛིན་བསླབ་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རིའི་བའི་སྨྲ་དབང་༸ཡོངས་འཛིན་ཆེན་མོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་ཞིང་སྒོ་གསུམ་གྱི་མཛད་འཕྲིན་གེགས་མེད་ལྷུན་འགྲུབ་ཡོང་བའི་ཆེད་དུ་གུས་ཤེས་རབ་ཡེ་ཤེས་ཀྱིས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་ནས་ཕུལ།

སེམས་ཀྱི་ཉི་ཟླའི་མཆོད་སྤྲིན།

སྦྲ་སྙུག་ཞགས།

༧ དབྱངས་སྙན་ཀུན་གྱི་མངའ་བདག་མ། །མ་གཅིག་མཚོ་བྱུང་ལྷ་མོ་ཁྱེད། །མ་འཆུག་དེ་རིང་ད་མ་གཡེལ། །དངོས་གྲུབ་རྩོལ་ཞིག་རམ་འདེགས་གནོངས་།། ༧ སྐུ་ཡི་གཟི་བརྗིད་རབ་ཏུ་འཚེར་ཞིང་མཚན་དཔེ་ཨུ་དུམ་ཝ་ར་བཀྲ། །གསུང་གི་བདུད་རྩིས་གདུང་བའི་ནད་གསོ་ནད་བརྒྱའི་སྨན་མཆོག་རྣམ་པར་རྒྱལ། །ཐུགས་ཀྱི་མཁྱེན་བརྩེ་མཁྱེན་རབ་ཟབ་མོས་འགྲོ་ཀུན་བུ་གཅིག་མ་ལྟར་བྱམས། །མི་མཆོག་གཙུག་རྒྱན་སེམས་ཀྱི་ཉི་ཟླའི་བཀའ་དྲིན་དྲན་བཞིན་དད་ཕྱག་འཚལ།། ༧ ཨ་སྔོན་དགུང་ལ་ཉི་ཟླ་ཆ་འགྲིག་འཛམ་གླིང་སྲིད་པའི་སྤྱན་མིག་ཤར། །དོག་མོ་ས་ལ་མཁན་སློབ་ཟུང་འབྲེལ་གཤེན་བསྟན་སྤེལ་བའི་མངའ་བདག་འཁྲུངས། །ཐུགས་རྗེའི་བྱིན་དང་གདུལ་བྱའི་རྐྱེན་གཉིས་ཐུགས་དམ་ཟབ་མོ་མ་འཆུགས་བས། །མི་འཇིག་སེང་ཁྲི་པད་ཉིའི་གདན་ལ་བསྐལ་བརྒྱར་བརྟན་པའི་རྗེས་དྲན་བསུ།། ༧ བསོད་ནམས་བཟང་པོའི་ཆུ་གཏེར་ལས་འཁྲུངས་ཆུང་ནས་དད་པའི་འཛུམ་བརྒྱ་བཞད། །གཞན་ཕན་ཐུགས་རྗེས་རང་རྒྱུད་བརླན་ཞིང་བསླབ་གསུམ་ནོར་བུའི་སྲོག་ཤིང་བརྟན། །གསང་གསུམ་བསྟན་པའི་དར་ཆེན་བསྒྲེངས་བས་རྒྱལ་བ་གཉིས་པ་སླར་ཕེབས་སམ། །བློ་ཚོད་མཐུན་པའི་ཐེག་དགུ་གསུངས་ཚེ་ཐེག་ཆེན་གཤེན་པོ་ཁྱེད་ཉིད་རྒྱལ།། ༧ ཆགས་སྡང་དུག་ཆུའི་རྦ་རླབས་ཆེན་པོས་རྒྱལ་བསྟན་སྒྲོན་མེ་འདའ་ལ་ཁད། །བསྟན་འགྲོའི་སླད་དུ་བསྟན་པའི་མེ་རོ་སླར་ཡང་སྤོར་མཁན་ཕ་རྒོད་དེ། །སུ་དང་གང་གིས་དོ་ཟླ་བྲལ་བའི་དྲང་སྲོང་ཆེན་མོ་སྨན་རི་བའི། །དོན་ལྡན་བཤེས་གཉེན་གཤེན་ཆེན་ཐུགས་སྲས་ཉི་ཟླ་ཟུང་འབྲེལ་ཁྱེད་གཉིས་ཤར།། ༧ ཤར་ནུབ་ཀུན་ཏུ་ཀུན་ལས་རྒྱལ་བའི་རྒྱལ་གཤེན་བསྟན་པ་སྐྱོང་ཐེངས་རེར། །སྐྱེ་འགྲོ་སྤྱི་དང་ཁྱད་པར་གཡུང་དྲུང་བོན་འབངས་ཡོངས་ཀྱི་བསོད་དེ་འཕེལ། །བརྗོད་དུ་མེད་པའི་མེས་པོ་གོང་མའི་རིག་གཞུང་ནོར་མཛོད་འཛིན་ཐེངས་རེར། །མཛེས་ལྗོངས་ཞིང་གི་ཞི་བདེའི་བདག་པོས་གངས་རིའི་ཚིག་མཛོད་མཚན་སྙན་བསྩལ།། ༧ འཚེ་མེད་ལས་ཀྱི་ལམ་བུའི་ངང་ནས་ངལ་བ་དང་བླངས་གྱེར་བསྟན་སླད། །རྒྱ་བལ་ཡུལ་གཙོས་རྒྱལ་ཁག་དུ་མ་བཤད་སྒྲུབ་སྒོམ་པའི་སློབ་གླིང་བསྐྲུན། །རླབས་ཆེན་མཛད་འཕྲིན་དེ་དང་དེ་བཞིན་གཞིས་བྱེས་གང་ལ་མུ་མཐའ་མེད། །མི་འགྱུར་སེམས་ཀྱི་ཉི་ཟླ་ཟུང་འབྲེལ་ས་སྟེང་འགྲོ་མགོན་ཡང་རྩེར་གྲགས།། ༧ གྲགས་སྙན་འབུམ་ཕྲག་ཀུན་ལས་རྒྱལ་བའི་གྲུབ་མཐའི་རྒྱལ་པོ་དགུང་དུ་བསྲིངས། །སྲིད་པ་སྔོན་ནས་དབང་ལུང་ཟབ་མོ་ཐོད་དཀར་སྲས་པོའི་རྒྱུན་ཐག་སྟེ། །ད་ལྟའི་བར་དུ་དུས་འགྱུར་ཆེ་ཡང་བྱིན་རླབས་ན་བུན་མ་ཆད་པར། །ཐབས་མཁས་ཐུགས་རྗེའི་ཉེར་ལེན་བརྟེན་ནས་སྲིད་འདིར་འདྲེན་པ་ཁྱེད་མིན་སུ།། ༧ འདམ་སྐྱེས་དྲི་མེད་ཨུ་དཔལ་བཅུད་ལ་བུང་བའི་ཁྱུ་ཚོགས་འཁོར་བ་ལྟར། །ཕྱོགས་གཞི་མཚམས་ཀྱི་ཕྱོགས་མཐའི་བུ་སློབ་བླ་མ་ཁྱེད་ལ་དེ་བཞིན་འཁོར། །དོན་གྱི་དེད་དཔོན་ཁྱེད་ཀྱི་མཁྱེན་བརྩེའི་འཕྲིན་ལས་རྣམ་བཞིའི་རྣོ་ངར་ཆེ། །ཁྱད་དུ་འཕགས་པའི་རྟགས་མཚན་མང་བས་མཁས་གྲུབ་བྱེ་བའི་གཙུག་ན་མཛེས།། ༧ རྩ་གསུམ་ཀུན་འདུས་དཔལ་ལྡན་བླ་མའི་དཔག་མེད་མཁྱེན་ཡོན་ནམ་མཁའི་མཐའ། །བདག་བློ་རྨོངས་པས་གཞལ་བྱར་མིན་ཡང་ཆ་ཙམ་མཐོང་བའི་སྐལ་བཟང་བརྟེན། །སྒོ་གསུམ་ཐལ་མོ་སྙིང་ཁར་སྦྱར་ནས་དད་པའི་དབྱངས་རྟ་འགྲོས་བསྡེབས་ཏེ། །ཚིག་སྦྱོར་མཁས་པའི་ཚིག་དོན་དབུལ་བས་སྙན་ངག་པ་ཚོ་སུན་ན་ཆོག། ༧ ཨེ་མ་དེ་རིང་དུས་ཀྱི་སྟོན་པའི་བཀའ་དྲིན་དྲན་པའི་མཆོད་སྤྲིན་སྤྲིངས། །ཨེ་མ་དེ་རིང་དུས་ཀྱི་སྟོན་པའི་མཛད་འཕྲིན་རྒྱས་པའི་གསོལ་འདེབས་དབྱངས། །ཨེ་མ་དེ་རིང་དུས་ཀྱི་སྟོན་པ་རྟག་ཏུ་བཞུགས་པའི་རྟེན་གསུམ་འབུལ། །ཨེ་མ་དེ་རིང་ལྷ་མི་གཤེན་གྱི་བསམ་དོན་སྨོན་ལམ་མྱུར་འགྲུབ་ཤོག། ༢༠༡༦//༡༩

བརྟན་བཞུགས་བསུ་བའི་གླུ་དབྱངས།

གྱེར་ཝེར་རོ།

༧ ཀུན་བཟང་རང་མཐུན་མི་ཡིས་གཟུགས་སུ་བཞེང།། ཚངས་པའི་གསུང་དབྱངས་འགག་མེད་སྨྲ་བའི་སེང་།། སྤྲུལ་པ་མ་ངེས་འགྲོ་འདུལ་ཐབས་མཁས་མཆོག། སྐུ་གསུམ་མངོན་གྱུར་སྨྲ་དབང་ཡོངས་འཛིན་རྗེ།། ༧ མགོན་མེད་ཚ་གདུང་སྐྱོབས་པའི་དབུ་ཡི་གདུ༵གས།། དུས་ཀྱི་འབྱུང་བ་འཁྲུག་པའི་གཡུལ་རྒྱ༵ལ་མཚན།། བོན་སྒོ་བརྒྱད་ཁྲི་གཏམས་པའི་བུམ༵་པ་བཟང་།། གནས་ལྔ་རྒྱ་མཚོས་བླན་པའི་གསེར་ཉ༵་དབུས།། ༧ བདེར་བར་གཤེགས་པ་སྟོང་རྩའི་དཔ༵ལ་བེའུ་ཐུགས།། རྒྱལ་བསྟན་ཁ་ལོ་བསྒྱུར་བྱེད་འཁོ༵ར་ལོའི་རྗེ།། སྙན་གྲགས་མཛད་པ་འཕྲིན་ལས་སྐྱེ་ལྔའི་དབྱངས།། བོན་བརྒྱད་འདམ་གྱིས་དབེན་པའི་ཨུ་དུམ༵་ཝར།། ༧ དེ་རིང་སྐལ་པ་བཟང་པོའི་ཚེས་བཟང་ཉིན།། རྒྱལ་བསྟན་བོན་ལ་ཕྱོགས་པའི་གཡུང་དྲུང་སྤུན།། དགའ་སྐྱིད་བསྟོད་ཚིག་གྱེར་ནས་ནོར་བུའི་རྩེར།། དཔལ་ལྡན་བླ་མའི་བཀའ་དྲིན་བསུ་རུ་འགྲོ།། ༧ དམ་ཅན་ལྷ་དང་སྲུང་མའི་ཐུགས་རྗེའི་སྟོབས།། གཤེན་རབ་མཐུ་དཔུང་བྱེད་པའི་ནུས་མཐུ་དང་།། འགྲོ་ཀུན་སྤྱི་ཡིས་བསོད་ནམས་ལས་མཐུན་གྱིས།། དཔལ་ལྡན་བླ་མ་བརྟན་བཞུཊ་རྒྱས་འབུལ་བྱུང་།། གུས་གྱེར་ཝེར་རོ་ནས་ཕུལ་ལོ།། །།

རྒྱུ་སྐར་དབུས་ཀྱི་ཟླ་གཞོན།

རྩོམ་པ་པོ། ཁྲ་སྣང་དགའ།

༧ མུན་པས་ས་ཆེན་གཡོར་བའི་སྒྲིབ་གཟུཊ་འོག། བོན་འབངས་ཡིད་ཁམས་སྐྱོབས་པའི་སྐད་ངན་དང་།། ཕ་ཆོས་འཇིག་ལ་ཉེ་བའི་སེམས་སྡུག་སྐབས།། བོན་གྱི་སྲོག་ཐག་སྔོན་པོ་ཁྱེད་ཀྱིས་བཟུང་།། ༧ ཡར་ཀླུང་ས་ཁུལ་དེ་ཡི་བོན་གཤེན་གྱིས།། བོན་དཔེ་ཕྲག་ཏུ་ཁུར་ནས་གཤེཊ་རྟིང་དུ།། འབྱོར་མེད་སྤྲང་པོ་ཞིག་གི་ཉམས་ཚུཊ་ཀྱིས།། བོན་གྱི་སྙིང་བཅུད་ཟབ་མོ་དོ་རུ་འཇུས།། ༧ རྒྱལ་ཁམས་འཁྲུགས་ཟིང་དེ་ཡི་གནོན་ཤུཊ་འོག། སྲོག་དམར་མདེལ་རྩེར་ཟག་པའི་དཔའ་བོ་བཞིན།། སྐུ་སྲོག་འབེན་དུ་སློང་བའི་ཉིང་དགོས་ནི།། རྒྱལ་གཤེན་སྐུ་གསུང་ཐུཊ་ལ་དུངས་པས་སོ།། ༧ དུས་ཀྱི་འཕྲང་དང་རི་ལུང་གངས་ཆུ་སོཊ།། གོམ་པས་བཅད་ཐབས་བྲལ་བའི་འགག་འཕྲང་དག། སྐུ་ངལ་ཚད་མེད་བསྐྱལ་བའི་ལོ་ཟླ་ཡི།། དེ་རུ་ཕེབས་པའི་སྐུ་དྲིན་དབྱངས་ལ་སྐྱོན།།། ༧ སྟོན་ནམ་དཔྱིད་ཉི་ཡུན་ལ་མི་དྲན་སར།། གཞན་ཡུལ་མགོ་སེར་ལུང་པའི་ཕང་བ་རུ།། འཚོ་གནས་སྙིང་པོ་ལོན་པའི་ཐབས་ཇུས་སམ།། ཁྱེད་ཀྱིས་མཛད་འཕྲིན་དེ་ལ་སྙིང་ནས་གུས།། ༧ སྐུ་དྲིན་སྨྱུག་སོར་བྲུས་པའི་མི་རྫོཊ་པས།། ད་ལན་བརྟན་བཞུཊ་འབུལ་བའི་དུས་བཟང་ཉིན།། བོན་ཕྲུག་བསོད་སྐལ་མ་ཆད་སྤྲོ་སྣང་ཡིས།། མཆོད་ཚིག་མེ་ཏོག་ཆུན་པོ་དབྱིངས་སུ་གཏོར།། ༧ ཞེས་བོན་འབངས་ཡོངས་ཀྱི་བསོད་སྐལ་དུ་བཞུཊ་པའི་སྐྱབས་གཅིག་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་དེ་ཉིད་ཀྱི་སྐུ་དྲིན་ལ་རྗེས་སུ་ཡིད་རང་དང་བརྟན་བཞུཊ་འབུལ་བའི་མཛད་རིམ་དང་བསྟུན་ནས་ཁྲ་སྣང་དགའ་མིང་དེས་ཁྱུང་པོ་སྟེང་ཆེན་དགོས་ནས་ཕུལ།     2016/4/22/ཉིན།

སེམས་ཀྱི་ཉི་ཟླ་ཆ་གཅིག

རྩོམ་པ་པོ། ཁྱུངཿཧྲི་ཙ།

༧ ལུ༵ང་རིགས་མགུལ་ཆུ་སྐྲས་པའི་བཤད་སྒྲུབ་ཀྱི་ཀ་ཆེན། །རྟོ༵གས་ལྡན་ལྷ་ཡུལ་འགྲན་པའི་སྨན་གླིང་གྱི་ཞིང་དུ། །བསྟ༵ན་མཆོག་གཟི་འོད་འབར་པ༵འི་འཆད་ཉན་གྱི་སྡེ་བར།། མུན་སེལ་ཉི༵་མ༵་གཞོན་ནུའི་དྲོད་ཁོལ་གྱིས་ཁྱབ་བཞིན། །སྐུ༵་གསུམ་འགག་མེད་ཀློང་དུ་མཁྱེན་བརྩེ་ཡིས་མཛོད་འཛིན། །གསུ༵ང་ངག་བོན་གྱི་སྦྲང་ཆར་མཐའ་མེད་དུ་སྟེར་མཁན།། ཐུ༵གས་དགོངས་ཡེ་ལྔ་ཀློང་ནས་གཙུག་རྒྱན་གྱི་རྒྱལ་སྲས།། ཁྱེད་ཀྱི་གསང་གསུམ་གེགས་མེད་ལྷུན་འགྲུབ་ཀྱིས་རྒྱལ་ལོ། །བསྟ༵ན་མཆོག་མདོ་སྔགས་རྫོགས་གསུམ་གཞུང་ལུགས་ཀྱི་རྒྱ་མཚོ། །འཛི༵ན་སྐྱོངས་སྤེལ་བའི་ལུང་རིགས་བཤེས་གཉེན་གྱི་དབང་སྐྱེས། །རྣ༵མ་མང་འཕྲུལ་ངག་བོན་གསུང་གཏེར་ཆུ་ཡིས་སྒྲ་དབྱངས། །དག༵་གསུམ་ཐོགས་མེད་ཀློང་ནས་འཁོར་འབངས་ལ་སྟེར་རོ། །སྐུ༵་མཆོག་མངོན་པར་མཛེས་པའི་དྲི་བྲལ་གྱི་འཁྲི་ཤིང་། །གསུ༵ང་གྱེར་ལོ་འབྲས་སྨིན་པའི་དགོས་འདོད་ཀྱི་གཏེར་སྒྲམ། །ཐུ༵གས་གསང་མི་ནུབ་ཚེ་ལྷའི་གུར་ཁང་ལས་བརྟན་ཏེ། །མི་འགྱུར་གཅན་ལྔའི་ཁྲི་རུ་བསྐལ་བརྒྱར་རུ་བཞུགས་མཛོད། །ཅེས་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཞགས་ཀྱི་མཆོད་ཀ་གུས་གཤེན་བཙུན་ཁྱུངཿཧྲི་ཙ་ནས། ༢༠༡༦     ༢༢ དགོང་མོ་ཕུལ་བ་འོ། །

མི་འགྱུར་གཡུང་དྲུང་ཁྲི་ལ་བརྟན་བཞུགས་གསོལ།

རྩོམ་པ་པོ། ཁྱུང་དཀར་ཤེས་རིག

༧ སྒྲིབ་གཉིས་དྲི་མའི་སྐྱོན་ཀུན་ཟད་པའི་གསང་གསུམ་བོན་གྱི་མཛོད་འཛིན་མཆོག། ཚོགས་གཉིས་ཟུང་གཞུག་རྒྱུད་ལ་འཁྲུངས་ཏེ་སྐུ་གསུམ་སངས་རྒྱས་ངོ་བོ་ཉིད།། བདེན་གཉིས་ལུང་རྟོགས་ནོར་གྱི་ཁེངས་པའི་ཁམས་གསུམ་ཐར་པའི་ལམ་བཀྲི་མཁན།། སྐུ་གཉིས་གེགས་མེད་གཡུང་དྲུང་ཁྲི་ལ་འཁོར་ལོ་རྣམ་གསུམ་སྐོར་བཞིན་བཞུགས།། ༧ བསྟན་པ་སྐྱོང་ལ་གཞལ་ཟླ་བྲལ་བའི་ཐབས་ཤེས་རྩལ་ཀུན་ལྷན་སྐྱེས་རྫོགས།། འཛིན་མེད་གཤིས་ལ་གཡོ་མེད་གཟིགས་བཞིན་མདོ་སྔགས་སེམས་སྡེའི་བདག་པོ་མཛད།། རྣམ་མཁྱེན་གཉིས་པ་ཡོངས་འཛིན་སྨྲ་སེང་མི་འགྱུར་གཡུང་དྲུང་སྐུ་འཁོར་གྱིས།། དག་པའི་མཛད་བཟང་ཀཻ་ལ་ཤ་རིའི་སྤོ་ནས་འོད་སྟོང་འཚེར་བཞིན་བཞུགས།། ༧ སྐྱོན་ལས་རྣམ་གྲོལ་ཞབས་ལ་པདྨའི་ཟེར་འབྲུ་འབུམ་ཕྲག་མཐའ་ཡས་འཁྲུངས།། གསང་གསུམ་མཛད་འཕྲིན་གཡས་འཁྱིལ་འཕར་ཆེན་རིགས་དྲུག་རང་རང་སྙན་འཇེབས་ཐོས།། བརྟན་བཞུགས་རྒྱས་འབུལ་ལྷ་ཀླུའི་རྒྱལ་མཚན་གནམ་ས་བར་གསུམ་ཀུན་ཏུ་བསྒྲེངས།། ཕྱི་ནང་དཀྱིལ་འཁོར་མཆོད་པ་བྱེ་བའི་དཔལ་བེའུ་རི་མོ་རྣམ་པར་བཀྲ།། ༧ དགུང་གྲངས་གོ་གཅིག་ལོ་ཡི་འཁོར་ལོ་སྟོང་གསུམ་བསྟན་འགྲོའི་མགོན་ཏུ་བསྒྱུར།། འཕྲིན་ལས་རྣམ་བཞིའི་རིན་ཆེན་ཉ་མོས་གཡུང་དྲུང་བོན་གྱི་རྒྱ་མཚོར་འཁྱུག། ཞལ་གདམས་བདུད་རྩིའི་བུམ་བཟང་ཁྲུས་ཆུའི་འགྲོ་ཀུན་ཉོན་ཤེས་དྲི་མ་བཀྲུས།། སྐུ་གསུང་ཐུགས་གསུམ་བརྟན་བཞུགས་གདུགས་དཀར་འཛམ་གླིང་བླ་མའི་དབུ་ལ་སྒྲོན།། ༧ ཁྱེད་ཉིད་སྐུ་མཆོག་རི་དབང་ལྷུན་ལྟར་གཡོ་མེད་རྟག་ཏུ་བརྟན་བཞུགས་གསོལ།། ཁྱེད་ཉིད་གསུངས་མཆོག་བརྒྱད་ཁྲིའི་བོན་ཆར་འགྲོ་ལ་སྩོལ་བཞིན་བརྟན་བཞུགས་གསོལ།། ཁྱེད་ཉིད་ཐུགས་ཉིད་ཀུན་བཟང་ཀློང་གྲོལ་བུ་སློབ་སྦྱིན་བཞིན་བརྟན་བཞུགས་གསོལ།། ཁྱེད་ཉིད་སྲིད་ཞིའི་བསྟན་འགྲོའི་དོན་ཆེན་གཅིག་ཆར་མཛད་བཞིན་བརྟན་བཞུགས་གསོལ།། ༧ སྐྱབས་གནས་ཀུན་འདུས་ཡོངས་འཛིན་བླ་མ་བསྐལ་བརྒྱའི་དཔལ་ལ་ཤར་བའི་དུས།། བོན་འབངས་ལྷ་སྐལ་བསོད་ནམས་དབྱར་མཚོ་མེར་བའི་ལྟས་བཟང་ཅི་ལ་མིན།། རྒྱལ་ཕྱི་རིས་མེད་ཕན་བདེའི་འོད་སྟོང་སྤྲོས་པའི་དུས་ཀྱི་སྟོན་པ་མཆོག། ཡོངས་སུ་གྲགས་པ་ཡོངས་འཛིན་བླ་མ་མི་འགྱུར་གཡུང་དྲུང་ཁྲི་ལ་བཞུགས།། ༧ ཞེས་ཤེས་བྱ་རིག་གཏེར་འབྱུང་བའི་བདག་ཉིད་ཆེན་པོ་སྐྱབས་མཆོག་རྒྱལ་བ་སྨན་རི་བའི་ཡོངས་འཛིན་བླ་མ་བསྟན་འཛིན་རྣམ་དག་རིན་པོ་ཆེ་བསྐལ་བརྒྱར་བརྟན་བཞུགས་གསོལ་བའི་ཉིན་གཉིས་པ་ཁྱུང་དཀར་ཤེས་རིག་འབོད་པ་དེས་སྟེང་དགོན་ནས་གསོལ་བ་བཏབ་པའོ།། །།

སྡེ་ཚན་རྗེས་མའི་ལེའུ་ཚན་༼    སྨ ད་ཆ་  ༽  ལ་གཟིགས་རྒྱུ་མ་བརྗེད་པར་གནོངས།

(སྤྱིའི་གཟིགས་གྲངས། 157 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནས་ཚུལ་མཁ…
error: རྩོམ་འདི་བདག་དབང་ཅན་ཡིན།