ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན། སྨད་ཆ།

རྗེ་སྨན་རི་བའི་༧ ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་། ༧ ཡོངས་འཛིན་སྨྲ་བའི་སེང་གེའི་རྣམ་ཐར་མ་བཅོས་བྱིན་རླབས་རང་འབར་བཞུགས།

 རྩོམ་པ་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། ཨ་རི།

༧ ལུང་རིགས་གཞུང་ཆེན་དཀའ་གནད་ཚང་ལ་མ་ནོར་བསྟན།། རྟོགས་ཚད་གདེང་ལྡན་བཤད་དང་སྒྲུབ་པས་བསྟན་པ་འཛིན།། ཉི་འོག་སྐྱེ་དགུའི་ཉམ་ཐག་གསོ་བའི་འཕྲིན་ལས་རྣམ།། མ་དང་བུ་གཉེན་ལྟ་བུའི་ཀུན་སློང་རྣམ་པར་དག། ༧ ལྔ་སྙིགས་དུག་ལྔའི་དབལ་ཁ་འཇོམས་པའི་གཉེན།། ལྔ་རིག་གཞུང་ཆེན་འཕྲུལ་གྱི་སྒྲོན་མེ་སྤར།། ཀུན་མཁྱེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་རྗེ།། ཀུན་མཁྱེན་༧ ཁྲི་འཛིན་དུས་ཀུན་རྣམ་པར་རྒྱལ།། ༧ གཞུང་ལུགས་རྣམ་པར་འབྱེད་པའི་ཤེས་རབ་རྣོ།། ཕྱོགས་བཅུར་བསྟན་པ་སྤེལ་བའི་ཐབས་ཚུལ་བཟང་།། ལྔ་བརྒྱའི་འདུལ་དཔོན་དྲན་པ་ནམ་མཁའ་རྗེ།། དྲིན་ཆེན་༧ ཡོངས་འཛིན་སྤྱི་བོའི་རྒྱན་དུ་མཆོད།། ༧ འཆད་རྩོད་རྩོམ་ལ་རྒྱལ་བ་གཉིས་པ་དངོས།། ཐོས་བསམ་སྒོམ་ལ་ཏ་པི་ཧྲི་ཙར་སྤྲུལ།། བསྟན་འགྲོའི་དོན་མཛད་འཁོར་ལོ་གསུམ་གྱི་ཚུལ།། སྐྱོང་མཛད་དྲིན་ཆེན་ཟུང་གི་ཡོན་ཏན་བརྗོད། ཅེས་རྩོད་ལྡན་ཚེ་ལོ་བརྒྱ་པའི་བསོད་ནམས་ཀྱི་བགོ་སྐལ་དུ་བབ་པ་རི་བོ་གངས་ཅན་པའི་བསྙོན་དུ་མེད་པའི་ས་སྐྱེས་རྡོར་སྐྱེས་ཀྱི་ཕ་ནོར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་བཅས་པའི་རིག་པའི་གཞུང་ལུགས་འདི་ཉིད་འགྲོ་བའི་སྡུག་བསྔལ་གྱི་རྩ་བ་མ་རིག་པའི་འཁྲུལ་རྟོག་གཏིང་ནས་འཇོམས་པར་བྱེད་པའི་ཐབས་ཆེན་དང་། ཟབ་མོ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་འོད་སྣང་གསལ་བྱེད་འདི་ལྟ་བུ་གཞན་ཞིག་འཇིག་རྟེན་གསུམ་ན་བཙལ་ཀྱང་རྙེད་དུ་མེད་ཅིང་། འགྲོ་མགོན་སྲིད་པའི་སྒྲོན་མེ་རྣམ་འདྲེན་བརྒྱ་པའི་མགོན་པོ་རྫོགས་པའི་སངས་རྒྱས་༧རྒྱལ་བ་གཤེན་རབ་མི་བོས་སྐྱེ་འགྲོ་བྱམས་ཀྱིས་བསྐྱངས་ཏེ་འདི་ཕྱིའི་མཐར་ཐུག་གི་སྡུག་བསྔལ་སེལ་བའི་བཀའ་ཐམས་ཅད་མདོ་འབུམ་རྒྱུད་མཛོད་བཞིའི་ཁོངས་སུ་བསྡུས་ཏེ་བསྟན་པ་རྗེས་སུ་བཞག་པ་ཕྱོགས་མེད་དུ་ལོངས་སུ་སྤྱོད་རྒྱུའི་བགོ་སྐལ་རྐང་གཉིས་འགྲོ་བ་མི་བུ་དག་ལ་ཡོད་ཀྱང་སྙིགས་མ་ལྔ་བདོ་བའི་དུས་ཀྱི་སྐྱེ་འགྲོ་སེམས་ཅན་དག་གི་བསོད་ནམས་དང་ལས་དབང་གིས་ཆོག་རྒྱུར་དཀའ། རང་ཡུལ་གངས་ཅན་ལྗོངས་སུ་ལོ་རབས་སྟོང་ཕྲག་དུ་མའི་རིང་བོད་མིའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཆགས་ཤིང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་ཆེད། ཕྱི་ལྟར་ན་འཆད་རྩོད་རྩོམ་གསུམ། ནང་ལྟར་ན་ཐོས་བསམ་སྒོམ་གསུམ། གསང་བ་ལྟར་ན་བསྙེན་སྒྲུབ་ལས་གསུམ་གྱི་བསྟི་གནས་དགོན་སྡེ་རི་ཁྲོད་དང་། དད་རྟེན་སྐུ་གདུང་དང་སྐུ་གཟུགས། བཀའ་དང་བཀའ་བརྟེན་ལ་སོགས་པའི་བསྟན་པ་རྣམ་གསུམ་གཙོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ནོར་བུ་རིན་པོ་ཆེ་གཡུང་དྲུང་བོན་རིན་པོ་ཆེ་འདི་དཀའ་བ་འབུམ་ཕྲག་གི་ཁྲོད་ནས་རིག་གནས་གསར་བརྗེ་དུ་མའི་འཕྲང་ལས་བརྒལ་བ་དང་། རུལ་དྲི་བྲོ་བའི་ཞི་དྲག་འདམ་རྫུབ་དུ་མའི་བསླུ་བྲིད་ཀྱི་བྱུང་རབས་དབུས་ནས་འདམ་སྐྱེས་པད་མ་ལྟར་གནས་ཐུབ་པ་བྱུང་ཡོད། དེ་ཡང་རང་ཚུགས་བརྟན་ཅིང་གཞུང་གཤིས་དྲང་བའི་ཞང་བོད་ཕ་མེས་ཚོས་གཙོར་བྱས་བོན་གཤེན་རིག་འཛིན་གྲུབ་ཐོབ་གྲངས་ལས་འདས་པའི་སྐུ་གསུང་ཐུགས་གསུམ་འགྱུར་མེད་གཡུང་དྲུང་གི་ཁྲི་རུ་བཞུགས་ཤིང་ལུས་སྲོག་ལོངས་སྤྱོད་ཡོངས་སུ་རྫོགས་པ་འདིའི་དོན་དུ་ཕང་མེད་བློས་བཏང་གིས་འགྲོ་བ་སྤྱི་ཡི་བདེ་དོན་ཆེད་དུ་རིག་གནས་གསར་བརྗེའི་རླུང་དམར་མ་འཚུབ་བར་ཞང་བོད་ཀྱི་ཞིང་དུ་རྒྱུན་མར་གནས་ཐུབ་པ་ས་རིས་ཐང་གསལ་དང་། ལོ་རྒྱུས་ཀྱི་དེབ་ཐེར་རྣམས་སུ་འཁོད་ཡོད་པ་ལྟར་དམ་པ་གོང་མ་རྣམས་ཀྱི་མཛད་རྗེས་ལ་རྗེས་སུ་ཡིད་རངས་དང་། བཀའ་དྲིན་རྗེས་སུ་དྲན་པར་བྱ་དགོས་པ་ནི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འགྲོ་བ་སྤྱི་དང་། ཁྱད་པར་དུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ལས་རྒྱུ་འབྲས་ཤིག་གི་ངོས་ནས་བལྟས་ན་སེམས་གདེང་ནས་དོན་དངོས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་བའི་དུས་ལ་བབ་ཡོད།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་ཤིན་ཏུ་ནས་དུག་ལྔ་ཁ་རགས་ཤིང་ཤར་ནུབ་ཡུལ་གྲུ་དུ་མར་ཆོས་ལུགས་དང་སྲིད་དོན། དཔལ་འབྱོར་སོགས་ཀྱི་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན་ནས་ནད་དང་མུག་གེ  མཚོན་དང་འཁྲུགས་པས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཕྱི་ནང་ཐམས་ཅད་སྡུག་བསྔལ་དང་ཐལ་རྡུལ་གྱིས་གང་བ་དང་། སྨྲེ་ངག་ངུ་སྒྲས་རིགས་དྲུག་གི་ཞིང་ཡོངས་སུ་ཁེངས་ཏེ་མི་རྣམས་ཧོན་འཐོར་དགོས་པ་ལྟ་བུའི་དུས་ངན་མུན་ནག་གི་ཁྲོད་དེར་ཤར་ཕྱོགས་ནས་དམར་པོའི་དུག་ཆར་དྲག་ཏུ་འབྲུག་པ་དང་། དཀྱིལ་ནས་གངས་ཀྱི་འཁྱགས་རིམ་དང་འདྲེས་པའི་བོད་ཀྱི་སྣོད་བཅུད་རིག་གཞུང་རྩ་ལག་དང་བཅས་པ་རྡུལ་ཁྲོད་དུ་བཞུར་ཏེ་དམར་པོའི་ཁྲག་ལམ་གྱི་ཁུང་བུ་བརྒྱུད་ནས་རྩ་ཡལ་དང་། འགྲོ་བ་མི་བུ་དག་གིས་ལག་ཏུ་འཛིན་མི་གཏུབ་པར་དྲི་ཆེན་ལྟ་བུར་འགྱུར་ལ་ཉེ་བའི་དུས་དེ་ནས་བཟུང་ཤར་ནུབ་གཉིས་སུ་བསྟན་པའི་འོད་ཆེན་ཉི་མ་རྒས་པོས་མི་ལོ་བརྒྱ་ཙམ་གྱི་རིང་ཤི་གསོན་ཡོད་ཚད་ནས་གསོན་པོའི་སྲོག་འཛིན་པ་དང་། ཤི་བོའི་བླ་བསྲུང་བ། ཁམས་གསུམ་སེམས་ཅན་སྤྱི་ཡི་དུ་ཁའི་གྲང་ལྷག་འཇོམས་པའི་དྲོད་ཆེན་ཞིག་ཏུ་བདག་གིར་བཞེངས་ཏེ་བསྟན་པ་རིན་པོ་ཆེ་སྤྱི་ཡི་ཐུགས་འགན་རྐང་བཞེས་གནང་བ་དང་།

དེ་བཞིན་རི་བོ་གངས་ཅན་པའི་ལྗོངས་སུ་རླུང་ལྟར་གྲགས་པའི་གདན་ས་བཀྲ་ཤིས་སྨན་རིའི་ཁྲི་རབས་སོ་གསུམ་པ་ཆེན་པོ་མཆོག ཡི་དམ་ཕྱི་ནང་གསང་གསུམ་དང་། སྲུང་མ་མ་བདུད་བཙན་རྒྱལ། རྗེ་སྨན་རི་བའི་༧ ཡོངས་འཛིན་རྣམ་གཉིས་དང་། གདན་ས་༧ གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་སོགས་ཕྱོགས་སོ་སོ་ནས་ཉེན་གཡོལ་དུ་ཕེབས་པའི་སྐྱེས་ཆེན་དུ་མ་དང་། དེར་འདུས་བོན་འབངས་ལྷ་མི་ཀུན་གྱིས་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཞུས་ནས་ད་བར་སློབ་འབངས་ཀུན་དང་གཅིག་གྱུར་གྱིས་འབྲས་རྡལ་ལ་སོགས་པའི་དཀར་ཟས་ཁོ་ནའི་འཚོ་བ་དཀྱུས་མ་དག་ལ་རོལ་ཏེ་བསྟན་དོན་གྱི་མཛད་འཕྲིན་དགུང་ལོ་དགུ་བཅུ་ལ་ཉེ་བའི་བར་སྐུ་ཟིལ་པ་ཁྲོམ་མེར་སྐྱོང་བཞིན་བཞུགས་པ་ནི་གུས་འབངས་ཚོའི་བསོད་ནམས་མ་ཟད་པའི་དན་རྟགས་དང་། ང་ཚོ་ཕྱི་རབས་པ་དག་གིས་བསྐལ་པ་མ་སྟོང་གི་བར་དུ་ཁྱེད་ཀྱི་བཀའ་དྲིན་རྗེས་སུ་དྲན་པར་བྱའོ། །དམ་པ་གང་ལ་ལྷ་བླའི་ལུང་རྟགས་བབ་པ་ནས་ཀུན་མཁྱེན་རྒྱལ་བ་གཉིས་པ་དངོས་སུ་ཕེབས་ཀྱང་དེ་ལས་ལྷག་པའི་མཛད་འཕྲིན་རྒྱས་ཐབས་མེད་པ་ལྟ་བུ་ཡིན་ཕྱིར་འཛམ་གླིང་གསལ་བའི་དྲོད་ཆེན་ཉི་མ་ཁྱེད་ནི་ཀུན་སྙོམས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་དང་བཀའ་དྲིན་གྱི་དཔལ་དུ་ཆེའོ། །ཁྱེད་ཀྱི་མཛད་འཕྲིན་ལ་གྲུབ་མཐའི་ཕྱོགས་ཞེན་གྱིས་ལྷད་པའི་བཅོས་ཐབས་བྲལ་བའི་འཕྲག་དོག་གི་ནད་ངན་ཕོག་པ་མང་པོས་ཐ་ན་སྐུ་ལ་བདོ་བའི་འགལ་རྐྱེན་བཟོད་དུ་མེད་པ་བཟོས་ཏེ་ཁྱེད་ཉིད་ཡུལ་བྱོལ་ནས་ཡུལ་བྱོལ་དུ་ཕེབས་དགོས་པའི་མཛད་དཀའ་ཇི་ལྟར་འཕྲད་ཀྱང་བསྟན་འགྲོའི་དོན་ཆེན་མཛད་རྒྱུར་ཐུགས་སྤོབས་ཇེ་ཆེ་རུ་ཕེབས་པ་མ་གཏོགས་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྣམས་དུས་ནམ་ཡང་ལྷོད་གཡེང་གནང་མྱོང་མེད། བསྟན་འགྲོའི་དོན་མཛད་གཡུང་དྲུང་བོན་གྱི་གཙུག་རྒྱན་རིན་པོ་ཆེ་ཁྱེད་ཉིད་བསྟན་སྐྱོང་མ་བདུད་གཉིས་དང་། རྗེ་སྨན་རི་བའི་ལྷ་མི་ཀུན་གྱིས་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཞུས་པ་ནས་གདན་ས་སྨན་རི་གཙོས་བོད་ཕྱི་ནང་གཉིས་དང་། རྒྱལ་ཕྱི་ནང་གཉིས་སུ་མཛད་འཕྲིན་དང་སྐུ་བསོད་རྒྱས་ཏེ་མཚན་དོན་མཚུངས་པའི་གཡུང་དྲུང་བོན་གྱི་གཙུག་རྒྱན་གཞན་འགྲན་མེད་པ་མ་ཟད། རང་རེ་བོན་འབངས་ཡོངས་ཀྱི་མ་བགོས་སྤྱི་ཡི་ཐུན་མོང་གི་མགོན་སྐྱབས་སུ་གྱུར་པ་དང་། ཁྱེད་ཀྱིས་རྗེ་བདག་ཉིད་ཆེན་པོའི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་རྒྱུན་སྐྱོང་དང་། གདན་ས་སྨན་རིའི་སློབ་གཉེར་བའི་འཚོ་བའི་མཐུན་རྐྱེན་དང་། འཛིན་སྐྱོང་གི་ཕྱག་ལས་གང་ཅིར་ཐུགས་འགན་གཙང་བཞེས་གནང་སྟེ་༧ ཡོངས་འཛིན་ཆེན་མོའི་མཛད་འགན་ལྷོད་དུ་གཏོང་ཐུབ་པ་བྱུང་ཡོད། ཁྱེད་ལྟ་བུའི་སྤྱི་རྗེ་འཇོན་ཐང་ཅན་གྱི་ཁྲི་འཛིན་ཞིག་ཕེབས་ཐུབ་མེད་ན་གཞིས་བྱེས་བོན་འབངས་ཡོངས་ལ་སྔར་ཡོད་ཀྱི་དཀའ་ངལ་མང་པོ་ཞིག་ད་དུང་ཡང་མུ་མཐུད་དེ་མགོ་ཐོག་ཏུ་ལྷག་ངེས་སུ་མཆིས། ཁྱེད་ནི་བོན་འབངས་ཕྱི་ནང་ཀུན་ལ་བཀའ་དྲིན་ཤིན་ཏུ་ནས་ཆེ་བ་ཡིན་ལ་ཁྱད་པར་དུ་དངོས་སློབ་ཏུ་གྱུར་པ་ང་ལྟ་བུའི་ལས་བསོད་ཅན་བརྒྱ་ཕྲག་མང་པོར་ཁྱེད་ཀྱིས་ཕྱི་ནང་མཁོ་མཐུན་གྱི་དཔལ་འབྱོར་ཡོ་བྱད་ཐམས་ཅད་མི་ལོ་བཅུ་ཕྲག་ནས་བཅུ་ཕྲག་རིང་མཐུན་རྐྱེན་སྦྱར་ཏེ་རྒྱལ་གཤེན་བསྟན་པའི་ས་བོན་འཛམ་གླིང་ཕྱོགས་བཅུར་སྐྱེ་བསྲིངས་གནང་བ་དག་ང་དང་སྐྱེ་འགྲོ་བསམ་ཡོད་ཅན་ཚོས་དུས་ནམ་ཡང་བརྗེད་མི་སྲིད་ཅིང་བཀའ་དྲིན་རྗེས་སུ་དྲན་ངེས་སོ། །ཁྱེད་ཀྱི་ལྷན་དུས་དང་རྣམ་པ་ཀུན་ཏུ་བསྟན་སྐྱོང་མ་བདུད་བཙན་རྒྱལ་བཞུགས་ཡོད་ལ་འདུས་སྡེའི་འཚོ་སྐྱོང་དཔལ་འབྱོར་དགོས་གལ་བྱུང་ཚེ་སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་དཀོར་བདག་རྒྱལ་ཆེན་ཤེལ་ཁྲབ་ལ་འཕྲིན་བསྐུལ་གནང་གི་ཡོད་པ་སྐབས་འདིར་ང་ལ་དམིགས་བསལ་ཐོལ་གྱི་ཕྱིར་དྲན་བྱས་བྱུང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་ནང་ཐོག་མར་གཞུང་འབྲེལ་གྱིས་བན་དྷེའི་སྤྱི་ཚོགས་ཁྲོད་དེ་སེ་འབྲས་དགའ་གསུམ་དང་། ས་སྐྱ་བཀའ་རྙིང་འདུས་པའི་འཇང་དགུན་ཆོས་ཆེན་མོའི་འདུ་ཚོགས་ཁྲོད་དུ་རིག་གཞུང་བརྗེ་ལེན་དང་། རིགས་ལམ་རྩོད་འགྲན་གྱི་ཆེད་དུ་ང་ཚོ་སློབ་གཉེར་བ་དྲུག་ཐེངས་དང་པོ་བཏང་གནང་བ་དང་། ང་ཚོས་ཀྱང་ཟླ་བ་གཅིག་ཙམ་གྱི་རིང་འཆད་རྩོད་ཀྱི་དུས་འདའ་བར་བྱས་ཏེ་ཟླ་གཅིག་ཙམ་གྱི་རྗེས་སུ་རང་དགོན་དུ་འབྱོར་སྐབས་རྩོད་རྒྱུགས་ཀྱི་ལམ་ནས་དམ་བཅའ་ཆེན་མོ་བཞག་པ་གནང་བ་སོགས་་སློབ་བུའི་སློབ་གཉེར་ཡར་རྒྱས་གོང་འཕེལ་ཡོང་ཆེད་ཐབས་བྱུས་སྣ་ཚོགས་ཀྱིས་ད་བར་གདན་ས་སྨན་རིའི་འཛིན་སྐྱོང་གི་ཐུགས་འགན་རྐང་བཞེས་གནང་སྟེ་རྒྱལ་བ་སྨན་རིའི་མཚན་སྙན་གྱི་དར་ཆ་མཐོན་པོ་འཛམ་གླིང་ཡང་རྩེར་སྒྲོན་ཡོད། ཁྱེད་ཀྱི་སྐུ་ཡི་མཚན་དཔེ་དང་གཟི་བརྗིད། ཚངས་པའི་གསུང་དབྱངས་དང་མཁྱེན་པའི་ཡོན་ཏན་ནི་བོད་ཀྱི་བླ་ཆེན་དབུ་ཁྲིད་ཀུན་གྱི་དབུས་ནས་མངོན་དུ་འཕགས་ལ་སྤྱི་ཚོགས་གཞན་དབུས་སུ་ཁྱེད་ཉིད་བསྟན་དོན་དུ་ཕེབས་སྐབས་རང་རེ་བོན་འབངས་རྣམས་བློ་བདེའི་དྲོད་ཁོལ་བ་དང་སྤོབས་པའི་མེ་འབར་གྱི་ཡོད།

མདོར་ན་ཁྱེད་ཀྱིས་རང་རེ་རྣམས་ལ་འདི་ཕྱིའི་དོན་དུ་བཀའ་དྲིན་བསྐྱངས་པའི་ཚད་ནི་སུས་ཀྱང་གཞལ་མི་ཐུབ་ལ་དེ་ལས་ལྷག་པའི་བཀའ་དྲིན་ཞིག་ས་སྟེང་དུ་གྲུབ་མྱོང་མེད། འཇིག་རྟེན་འདིར་ཆེ་བསྟོད་དང་གུས་བཀུར། བཀའ་དྲིན་རྗེས་དྲན་ཟེར་བའི་ཚིག་དོན་གཉིས་ཐད་ནས་གཞི་གྲུབ་པ་ཞིག་ཡོད་ཚེ་བདག་གི་འདི་ཕྱིའི་དྲིན་ཆེན་རྩ་བའི་བླ་མ་ཁྱེད་ཉིད་ལ་ཞུ་འབུལ་མ་འོས་པ་གཅིག་ཀྱང་མེད། འདི་ལོ་སྟེ་ཕྱི་ལོ་ ༢༠༡༦ ལོར་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཆོག་པར་ཁྱེད་ཀྱི་སྐུ་མཆོག་ཉི་མའི་དཀྱིལ་འཁོར་ལ་ཉེར་འཚེ་རྡུལ་གྱིས་སྒྲིབ་པ་མི་སྲིད་ཀྱང་སྙུང་གཞི་དྲག་པོ་བཞེས་ཏེ་ནུབ་ཕྱོགས་ཀྱི་གསོ་དཔྱད་སྨན་པར་བསྟེན་གཏུགས་གནང་དགོས་གྱུར་པ་ནི་ང་ཚོ་སྐྱབས་འབངས་རྣམས་བློ་འགྱོད་དང་སེམས་ངལ་རྒྱུན་མར་གནས་བཞིན་མཆིས།

ད་ནི་ཡི་དམ་ཕྱི་ནང་གསང་གསུམ་དང་། བོན་སྐྱོང་མ་བདུད་བཙན་རྒྱལ་ལ་འཕྲིན་བཅོལ་དྲག་པོ་ཞུ་བ་ནི། བདག་ཅག་རྣམས་ཀྱི་སྐྱབས་དང་མགོན་དུ་གྱུར་པ་༧ ཀུན་མཁྱེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་སོ་གསུམ་པ་དོན་གྱི་སླད་དུ་མཚན་དངོས་སུ་སྨོས་ན་༧ ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་སྐུ་གེགས་མཚན་མ་རྡུལ་ཙམ་ཡང་མི་བཞེས་པར་མཚན་དཔེའི་དཀྱིལ་འཁོར་མངོན་པར་རྒྱས་པའི་གསོལ་འདེབས་ལྷོད་མེད་ཞུ་རྒྱུ་ཡིན།འདི་ནས་མུ་མཐུད་དེ་བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ། དཀྱིལ་འཁོར་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་དོན་གྱི་སླད་དུ་མཚན་དངོས་སུ་སྨོས་ན་སྐྱབས་རྗེ་ ༧ ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་བསམ་བཞིན་དུ་སྲིད་པར་བཞེས་ཏེ་རྩོད་ལྡན་ཚེ་ལོ་བརྒྱ་པའི་མགོན་པོ་དང་གཉིས་སུ་མེད་པ་ལྟ་བུའི་རིག་པའི་གནས་ལྔའི་སྒོ་འབྱེད་ཀྱི་ལྡེ་མིག འཆད་རྩོད་རྩོམ་གསུམ་གྱི་གཏོ་ཡི་བཀའ་སྒྲོམ་ཆེན་མོ། ཐོས་བསམ་སྒོམ་སྒྲུབ་ཀྱི་གྲུབ་པའི་རྣལ་འབྱོར་ཆེན་མོ། ཕྱི་ནང་གསང་བ་ཡང་གསང་གི་བོན་དང་། མདོ་འབུམ་རྒྱུད་མཛོད་སོགས་མདོར་ན་བོན་སྒོ་མ་ལུས་པ་ཀུན་གྱི་དབང་ལུང་མན་ངག་གི་བདུད་བརྩིའི་བང་མཛོད་ཆེན་མོ། ལེགས་ཚོགས་ཀྱི་མཁྱེན་སྤྱོད་ཐམས་ཅད་འོད་སྟོང་འབར་བའི་ཆུ་ཤེལ་དང་གཉིས་མེད་ལྷན་ཅིག་ཏུ་འཇིག་རྟེན་གསལ་བའི་བོད་རིག་པའི་སྒྲོན་མེ་རུ་ཆས་ཏེ་འདི་ཕྱིའི་དོན་ལ་རྨོངས་ཆེན་སྨག་གི་ཐ་རམ་དང་འཆིང་རྒྱའི་རིགས་ཐམས་ཅད་འཇིག་རྟེན་དུ་གནས་མི་ཐུབ་པར་རྩ་བ་ནས་གཏོར་ཏེ་རི་བོ་ཧི་མ་ལའི་ཕྱི་ནང་གཉིས་གཙོའི་གོ་ལ་ཧྲིལ་པོའི་གླིང་ཆེན་ཁག་ཏུ་སྐྱེ་འགྲོའི་ཕན་བདེའི་གཞི་མ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས། ཕ་མེས་ཀྱི་བླ་སྲོག་གཡུང་དྲུང་གི་བོན་རིན་པོ་ཆེ་འགྱེལ་ས་ནས་བསླངས། གས་ས་ནས་སྦྱར། ཆད་ས་ནས་མཐུད། མེད་ས་ལ་གསར་བསྐྲུན་སོགས་འཛམ་གླིང་ཁྱོན་དུ་མི་རིགས་དང་སྐད་ཡིག  རིག་གཞུང་དང་གོམས་གཤིས། ཆོས་ལུགས་དང་ཆོས་ལུགས་མ་ཡིན་པ་སོགས་རྣམ་པ་གང་ཅིར་རིགས་མི་གཅིག་པའི་ཤར་ནུབ་ཀྱི་གླིང་དང་གླིང་ཕྲན་རྣམས་སུ་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟི་གནས་གསར་བསྐྲུན་དང་། འཆད་ཉན་གྱི་སྲོལ་རྒྱུན་གསར་འཛུགས། ཨ་སྙན་རྫོགས་གསུམ་ཐུགས་དམ་དུ་རྒྱུན་སྐྱོང་བའི་སློབ་ཚོགས་མི་རིགས་དཀར་ནག་སོགས་འདུས་པ་རྒྱ་མཚོ་ཤར་ནུབ་ཀྱི་ཕྱོགས་སོ་སོར་སྐྱོང་སྟེ་གཤེན་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཏུ་ཀུན་མཁྱེན་རྒྱལ་བ་གཉིས་པའི་མདོ་སྔགས་གཞུང་ལུགས་ཀྱི་ཕྱག་སྲོལ་འཆད་ཉན་སྒོམ་སྒྲུབ་གི་རྒྱུན་སླར་ཡང་གོ་ལའི་ཁྱོན་དུ་ཁྱབ་བདལ་དུ་འགྲོ་བཞིན་པ་འདི་ཁྱེད་ཀྱི་མཛད་འཕྲིན་དང་བསོད་ནམས། ཐུགས་སྟོབས། སྐྱེས་སྦྱོང་གི་མཁྱེན་བརྩེའི་ཡོན་ཏན་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལས་གྲུབ་པ་གཤེན་བསྟན་འཛིན་པ་ཀུན་དང་། ཐུབ་བསྟན་འཛིན་པ་ཚོས་ཀྱང་མཁྱེན་བཞིན་ཡོད་ལ་ཡིད་སྨོན་ཀྱང་ཞུ་བཞིན་ཡོད། དུང་གི་ཚེམས་ཕྲེང་གངས་རི་ར་བའི་ངང་ཚུལ་དུ་བཞུགས་ཤིང་དབུ་ཡི་ལྕང་ལོ་གངས་དཀར་ཏི་ཙེའི་ལོ་རྒྱུས་ལས་དཀར་བ་དང་། ཞི་དང་འཛུམ་གྱི་གསེར་ཞལ་ཉི་འོད་སེར་པོའི་དཀྱིལ་ནས་ཕན་བདེ་གཞི་མ་མདོ་སྔགས་སེམས་གསུམ་རིག་གནས་ཆེ་ཆུང་ཐམས་ཅད་འཆད་རྩོད་རྩོམ་གསུམ་དང་། དབང་ལུང་མན་ངག་གི་འོད་རླབས་ཀྱིས་སློབ་ཚོགས་འབུམ་གྱི་ལུས་ངག་ཡིད་གསུམ་ལ་ཤེས་བྱའི་བདེ་དྲོད་སྤར་སྟེ་འཛམ་གླིང་གོ་ལ་ཟླུམ་པོའི་ཁྲོད་དུ་བོན་སྒོ་ཕྱི་ནང་གསང་བ་ཡང་གསང་གི་བརྒྱུད་རིམ་ཐམས་ཅད་འཕྲོས་ཏེ་ད་ལྟའི་བོན་བརྒྱུད་ཕྱོགས་ཡོངས་ནས་དངོས་རྒྱུད་གང་རུང་ཁྱེད་ལ་མ་ཐུག་པ་ཕལ་ཆེར་མེད་པ་ཟུར་བལྟས་ལེབ་མཐོང་དུ་གྲུབ། དམ་པ་ཁྱེད་ནི་དུས་འགྱུར་རླུང་ནག་འཚུབ་ཆེན་གྱི་ཁྲོད་ནས་བསྟན་འགྲོ་སྐྱབས་པའི་དུས་རབས་ཀྱི་ཕོ་ཉ་རུ་བཞེངས་མེད་ན་ད་ལྟའི་ཉེར་གཅིག་པའི་བོད་ཕྱི་ལ་བཞུགས་པའི་བོན་པོའི་གནས་བབ་དང་། བོད་ནང་གི་བོན་པོ་ཚོའི་གནས་བབ་ག་བར་སླེབས་ཡོད་མེད་སུས་ཀྱང་བཤད་དཀའ་བར་གྱུར།

ཁྱེད་ནི་དུས་འགྱུར་རླུང་འཚུབ་འགོག་པའི་བོན་སྐྱབས་ཀྱི་གོ་ཆ་ཡིན་ལ་བོན་བསྟན་དཀྱིལ་འཁོར་བཞེངས་པའི་རྨང་རྡོའང་ཡིན། ཁྱེད་ནི་བདུད་བརྩི་རྒྱུན་ཆད་མེད་པའི་དབང་ལུང་མན་ངག་འབབ་པའི་ཆུ་འགོ་ཡིན་ལ་བོན་བསྟན་བཤད་སྒྲུབ་སྒོམ་པའི་སྲོག་ཤིང་ཡང་ཡིན། ཁྱེད་ནི་སྐྱེ་དགུའི་བདེ་སྐྱིད་གསོ་བའི་སྨན་མཆོག་ཡིན་ལ་བསྟན་རྒྱུན་ཡུན་རིང་བསྲིང་བའི་ཉག་ཐག་ཀྱང་ཡིན། ཁྱེད་ནི་བསམ་དོན་ཡིད་བཞིན་འགྲུབ་པའི་ནོར་བུ་ཡིན་ལ་འཛམ་གླིང་གོ་ལར་བོན་བསྟན་འོད་ཟེར་སྦར་བའི་ཉི་མའང་ཡིན། ཁྱེད་ནི་གཤེན་བསྟན་དར་ཆེན་གཡོ་བའི་མཁའ་རླུང་ཞིག་དང་མེ་ཆེན་སྤར་བའི་སྒྲོན་མེ་ཞིག་ཀྱང་ཡིན། ཁྱེད་ཀྱི་མཛད་པའི་འཕྲིན་ལས་ཐམས་ཅད་ལུས་ཅན་འགྲོ་བ་སྤྱི་དང་། བྱེ་བྲག་ཏུ་གཤེན་བསྟན་རིང་ལུགས་འཛིན་པ་ཡོངས་ཀྱི་བདེ་སྐྱིད་ཅིག་ཏུ་གྱུར་ཡོད། ཁྱེད་ནི་བསྟན་འགྲོའི་ཆེད་དུ་དོན་གྱི་དཔའ་བོ་ཆེན་པོ་སྟེ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་དགྲ་བོའི་མདའ་མཚོན་གྱི་དྲག་ཆར་འོག་ནས་སྐུ་ལུས་རྨས་མ་རུ་གྱུར་ཀྱང་ཇི་མི་སྙམ་པར་ཀུན་མཁྱེད་རྒྱལ་བ་གཉིས་པའི་སྐུ་གདུང་རིན་པོ་ཆེ་གཙོས་གྲངས་ལས་འདས་པའི་བསྟན་པ་རྣམ་གསུམ་ཁལ་འགེལ་དང་། མདུན་པང་རྒྱབ་ཁུར་གྱིས་སྲུང་སྐྱོབ་དང་གཏེར་སྦས་གནང་སྟེ་བཀའ་སྲུང་མ་བདུད་བཙན་རྒྱལ་ལ་གཉེར་གཏད་མཛད་ཡོད། བསྟན་འགྲོའི་དོན་དུ་ཁྱེད་ཀྱི་སྐུ་ཡི་མཚལ་ཁྲག་དང་རྔུལ་ཆུའི་ཐིག་པ་རེ་རེས་རི་བོ་ཧི་མ་ལ་ཡ་བརྒལ་ནས་འཛམ་གླིང་གོ་ལའི་ཁྱོན་དུ་བོན་བསྟན་རིས་སུ་བྲིས་ཡོད། ཁྱེད་ཀྱིས་གསེར་ལ་སོགས་པའི་རིན་ཐང་ཅན་གྱི་དངོས་རྫས་ཅི་ལས་ཀྱང་ལྷག་པའི་གཤེན་བསྟན་རིན་པོ་ཆེ་འདི་ཡི་ཆེད་དུ་སྤྱན་ཆབ་ཤོར་བ་ཐེངས་རེ་ཙམ་མིན་ལ། སྐུ་གསུང་ཐུགས་ལ་དཀའ་ཚེགས་ཇི་སྙེད་ཅིག་འཕྲད་པ་དེ་བས་གྲངས་ལས་འདས། འོན་ཀྱང་དེ་དག་ནི་དཀའ་ཚེགས་ཀྱི་ངོ་བོ་རུ་མ་སེམས་པར་ཐུགས་འགན་དུ་དང་དུ་བླངས་ཏེ་བཟོད་པའི་མི་ཤིག་གཡུང་དྲུང་གི་གོ་ཆ་རུ་བདག་གིར་བཞེས་པ་མ་ཟད། མི་ལོ་ཧྲིལ་པོ་དགུ་བཅུ་ཆ་ཚང་བསྟན་པ་དང་སེམས་ཅན་ཁོ་ནའི་དོན་དུ་ཕེབས་ཡོད། ཁྱེད་ཀྱི་སྐུ་ཚེ་ཧྲིལ་པོའི་ནང་བདག་སོགས་འགྲོ་བའི་དོན་དུ་མཛད་འཕྲིན་བསྐྱང་བར་དགོས་པའི་དུས་སུ་སེམས་ཉིད་མ་བཅོས་པའི་ཀློང་དུ་མི་བདུད་འབྱམས་པ་ཁྲག་མགོས་ལྷ་ཞལ་དངོས་སུ་སྟོན་པ་དང་། མ་མཆོག་སྲིད་པ་རྒྱལ་མོས་བརྡ་སྟོན་གྱི་གཡས་གཞོགས་གཡོན་འདེགས་ཀྱིས་བསྟན་པའི་བར་ཆད་སེལ་ཞིང་ཐུགས་བཞེད་ལྷུན་གྱིས་གྲུབ་ཡོད། གལ་ཏེ་ཁྱེད་ནི་དུས་ངན་རླུང་འཚུབ་དྲག་པོའི་ཁྲོད་དུ་འགྲོ་བའི་འདྲེན་སྟོན་ཆེན་པོ་དམུ་རིགས་རྒྱལ་སྲས་ཆེན་པོའི་རྒྱལ་ཚབ་ཏུ་དངོས་སུ་བཞེངས་ཏེ་ཉམ་ཐག་བོན་འབངས་རྣམས་ཀྱི་མགོན་དུ་ཕེབས་མེད་ན་བོན་འབངས་རྣམས་དཀའ་བ་འབུམ་གྱི་ཁྲོད་ནས་ཅི་བྱ་གཏོལ་མེད་དུ་ལྷག་ངེས་སུ་མ་ཟད། འཕགས་ཡུལ་དུ་བོན་གཞིས་ཐོབ་རྒྱལ་གསར་པ་ཞིག་དབུ་ཚུགས་ཐུབ་ཡོད་མེད་བསྐལ་དོན་དུ་གྱུར་ཡོད། བོད་མི་སྤྱི་ལ་བཟློག་ཏུ་མེད་པའི་ལས་འབྲས་དང་འགལ་རྐྱེན་ཞིག་གིས་རང་ས་རང་ཡུལ་དུ་བཞུགས་པར་གནས་བཟོད་མི་བདེ་བའི་དུས་ངན་དེར་སྐུ་ཡི་ཉེན་གཡོལ་དང་། ཕྱི་ཕྱོགས་སུ་བསྟན་སྲིད་རྒྱུན་སྐྱོང་གི་དགོངས་བཞེད་ཟབ་མོའི་འོག་ནས་ཀུན་མཁྱེན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་འཛིན་སོ་གཉིས་པ་དོན་གྱི་སླད་དུ་མཚན་དངོས་སུ་སྨོས་ན་སྐུ་མདུན་ཤེས་རབ་བློ་གྲོས་དབང་གི་རྒྱལ་པོའང་རྒྱ་གར་འཕགས་ཡུལ་དུ་དངོས་སུ་སྐུ་ཕྱྭར་བདེ་འཇགས་ངང་གདན་ཞུ་ཐུབ་པ་བྱུང་ཡོད། ཛ་དྲག་ལ་མི་བཟོད་པའི་དམག་འཁྲུག་གི་ཡོ་ལང་བར་ནས་སྐུ་མདུན་སོ་གཉིས་པའི་སྐུ་འཁོར་དང་བཅས་པ་ཉེན་གཡོལ་དང་སྲུང་སྐྱོབ་ཐུབ་རེ་བྲལ་ལ་ཉེ་བའི་སྐབས་དེར་ཁྱེད་ཀྱི་ཐབས་ཤེས་ཟབ་མོའི་ཀློང་ནས་མ་བདུད་བཙན་རྒྱལ་ལ་སྲུང་སྐྱོབ་ཀྱི་འཕྲིན་ལས་མྱུར་དགོས་པའི་བཀའ་བསྒོ་དམ་བདར་དང་། སྐུ་ཡི་ནབ་བཟའ་ཐམས་ཅད་བརྗེས་ཏེ་ར་བརྫི་རྒས་པོའི་ངང་ཚུལ་དུ་སྐྱ་ཆས་དཀྱུས་མ་ར་རྩག་གསོལ་ཏེ་ཕྱི་ཕྱོགས་སུ་ཕེབས་བསྐྱེལ་གནང་ཡོད། སྔ་ཕྱི་བར་གསུམ་གྱི་ཐུགས་ངོར་རྗེ་སྨན་རི་བའི་ཁྲི་འཛིན་ཞིག་ལ་ཡིད་མུག་པའི་ཡུལ་བྱོལ་གྱི་གནས་བབ་འདི་འདྲ་ཞིག་གྱར་འོང་བསམ་པ་ཡེ་ནས་མ་མྱོང་བའི་གནས་བབ་དེ་དག་བཟོད་ཐབས་བྲལ་ཀྱང་། བཟློག་མེད་ཀྱི་ཆག་སྒོ་ཆེན་པོ་ཞིག་དབུ་ནག་གངས་ཅན་པ་ཁྱོན་ཡོངས་ཀྱི་མགོ་ཐོག་ཏུ་བབ་ཡོད་པར་རང་སེམས་རང་གསོའི་ཚུལ་དུ་ངལ་མུག་གི་རྣམ་པ་རྒྱང་དུ་དོར་བ་དང་། བྱུང་ཟིན་པའི་གནས་སྟངས་དེ་དག་ཉམས་མྱོང་དུ་བཞེས་ཏེ། གནའ་མིའི་གཏམ་དཔེར། ཁ་ཧོ་བསྡམ་བྱ་དང་། སྐེད་རགས་བཅིངས་བྱ། ཟེར་བའི་དཔེ་ལྟར་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་བཅུའི་ནང་དབྱིན་ཡུལ་དུ་ཕེབས་ཏེ་ལོན་ཌོན་མཐོ་སློབ་ཏུ་དགེ་རྒན་གནང་ཞོར་དུ་དབྱིན་ཇིའི་སྐད་དང་ཡི་གེ་དཔྱིས་ཕྱིན་པ་སྦྱང་བརྩོན་གནང་། མི་ལོ་གསུམ་ཙམ་དབྱིན་ཡུལ་དུ་བཞུགས་རིང་གཅིག་ནས་སློབ་གཉེར་དང་སློབ་ཁྲིད་ཀྱི་མཛད་འགན་རྒྱ་ཆེ་བ་དང་། གཉིས་ནས་ནུབ་ཕྱོགས་པར་གཡུང་དྲུང་བོན་གྱི་ངོ་སྤྲོད་གནང་དགོས་ན་དབྱིན་ཡིག་ཐོག་ནས་མེད་ན་བོད་ཡིག་གིས་བྱ་བ་བསྒྲུབ་མི་ཐུབ་པའི་དཀའ་ངལ་ཆེ་བ་བཅས་ལ་བརྟེན་ནས་མདོ་དྲི་མེད་གཟི་བརྗིད་ནས་བོན་གྱི་ཐེག་དགུའི་རྣམ་བཤད་དབྱིན་སྒྱུར་ཞུས། དེ་ནི་བོན་གཞུང་ཕྱི་གླིང་པའི་སྐད་ཐོག་ཏུ་བསྒྱུར་བ་ལོ་རྒྱུས་ཀྱི་ཐོག་ནས་ཐེངས་དང་པོ་དེ་ཆགས་ཡོད།   དེའི་སྔོན་དུ་ནུབ་ཕྱོགས་སུ་འཁོད་པའི་་བོད་རིགས་ཁག་ཅིག་གིས་གྲུབ་མཐའི་ཆགས་སྡང་དབང་གིས་བོན་གྱི་གྲུབ་མཐའི་རིང་ལུགས་ཀྱི་སྐོར་ལྡོག་ཕྱོགས་ཀྱི་འགྲེལ་བཤད་ཁོ་ན་རྒྱབ་པ་ཡིན་སྟབས་ཁོང་རྣམ་པ་ཐོག་མ་དབྱིན་ཡུལ་དུ་འབྱོར་སྐབས་བོན་པོ་ཡིན་པའི་གནས་བབ་ངོ་འཕྲོད་པའི་ནུབ་ཕྱོགས་པ་དག་ཧོན་འཐོར་འཐོར་གྱི་ཚོར་བ་ཞིག་ངང་གིས་སྐྱེ་འགྲོ་བའི་ཁ་ལོ་ཆེན་པོ་བསྒྱུར་ཡོད། དགེ་རྒན་ཆེ་མོ་བདེ་གསལ་དགེ་རབ་སོགས་ཀྱི་རོགས་འདེགས་བཟང་པོ་ལ་བརྟེན་ནས་གོང་གསལ་དེབ་དེ་དབྱིན་བསྒྱུར་ཞུས་ནས་ནུབ་ཕྱོགས་པར་དོན་དངོས་ཀྱི་གཡུང་དྲུང་བོན་དེ་ཇི་འདྲ་ཞིག་ཡིན་མིན་གྱི་ངོ་གསར་པ་ཞིག་འཕྲོད་འགོ་ཚུགས་ཡོད་ལ་ལོ་རྒྱུས་ཐོག་ནུབ་ཕྱོགས་སུ་བོན་གྱི་མཆོད་རྟེན་དང་པོ་ཞིག་ཀྱང་དབྱིན་ཇིའི་ལུང་པར་བཞེངས་ཡོད། མཛད་པ་དེ་དག་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་བཅུའི་ནང་གི་ནུབ་ཕྱོགས་སུ་ཐོག་མར་ཆིབས་ཁ་བསྒྱུར་བའི་མཛད་འཕྲིན་གྱི་ཟུར་ཙམ་ཞིག་རེད། དེ་མིན་པའི་མཛད་འཕྲིན་དབྱིན་བོད་ཚིག་མཛོད་རྩོམ་སྒྲིག་ལ་སོགས་པའི་ཞིབ་ཕྲའི་མཛད་པ་ཐམས་ཅད་ཁོ་བོས་འདི་རུ་མི་ཞུའོ།།

གསུམ་ནས་སྐབས་དེར་ཁྱེད་ཀྱི་སྐུ་ཡི་མཛད་འཕྲིན་སྟོབས་ཆེན་དབྱིན་ཇིའི་ལུང་པར་བཞུགས་ཡོད་ཀྱང་ཐུགས་ཀྱི་མཛད་འཕྲིན་ནི་ཉིན་རེ་བཞིན་འཕགས་ཡུལ་དུ་ཉེན་གཡོལ་དུ་ཕེབས་པའི་རྒྱལ་ཚབ་ཁྲི་འཛིན་སོ་གཉིས་པ་ཆེན་པོ་མཆོག་དང་། དམ་པ་གང་གི་ཡོངས་འཛིན་ཆེ་མོ་སྟེ་ ༧ སྐྱབས་རྗེ་ཧོར་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ། གཡུང་གླིང་མཁན་རིན་པོ་ཆེ་སོགས་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་འདུན་རྣམ་པ་གཙོས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་འབངས་ལྷ་མི་ཀུན་གྱི་བདེ་སྡུག་ལ་ཐུགས་ཁུར་ཆེ་བཞེས་གནང་ཡོད། ཁྱེད་ནི་གདན་ས་གོང་འོག་གཉིས་ཀྱི་ཁྲི་འཛིན་རྣམ་པ་དང་། ཡོངས་འཛིན་བགྲེས་སོང་རྣམ་གཉིས་ཀྱིས་མ་འོངས་པའི་རྒྱལ་བསྟན་རིན་པོ་ཆེའི་ཆེད་དུ་རེ་བའི་སྤྱན་འབུར་གཏོད་ས་དེ་ཡིན་ལ། འཆི་མེད་ཚེ་ཡི་རིག་འཛིན་གྱི་ངོ་བོར་བཞེངས་ཏེ་གདན་ས་གོང་མ་ ༧ རྗེ་སྨན་རི་བའི་ཁྲི་འཛིན་ངོ་བཞུགས་བཞིའི་རིང་དུ་ཡོངས་འཛིན་དཔོན་གསས་ཀྱང་ཡིན། བྱེས་སུའང་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པའི་ཉམ་ཐག་བྱེས་འབྱོར་བོན་འབངས་ལྷ་མི་ཀུན་གྱིས་འདི་ཕྱིའི་བདེ་སྡུག་གི་རེ་བ་དེ་ཁྱེད་ཉིད་ལ་བཅོལ་བ་ཡིན་སྟབས་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་ལ་འདེགས་དཀའ་བའི་འགན་ཆེན་གྲངས་ལས་འདས་པ་ཞིག་ཡོད་པ་ཐུགས་ལ་འཁྲུངས་བཞིན་ཕྱི་ལུགས་ཀྱི་ཤེས་བྱ་རིག་པའི་གནས་ལ་སྦྱང་བརྩོན་གཡེལ་མེད་མཛད་པ་དང་ལྷན་དུ་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱ་སེར་ཡོངས་རྫོགས་མཉམ་གནས་གཅིག་གྱུར་དང་། བདེ་སྡུག་མཉམ་ཁུར་བདེ་བའི་རྟེན་གནས་འཛུགས་ཐབས་ལ་འབད་པ་ལྷོད་མེད་གནང་ཡོད། དེ་ལྟར་ཆ་ཚང་བ་ཞིག་སྒྲུབ་བྱེད་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་ནི་དཔལ་འབྱོར་ལ་རགས་ལས་ཡོད་པར་འཚོལ་བསྒྲུབ་འདང་ངེས་ཤིག་གནང་སྟེ་ཕྱི་ལོ་ ༡༩༦༤ ལོར་ཕྱིར་རྒྱ་གར་དུ་མཚོ་འགྲུལ་གྲུ་གཟེངས་ཀྱི་བརྒྱུད་ནས་ཆིབས་བསྒྱུར་བསྐྱངས་ཡོད། དུས་དེ་ནས་བཟུང་ཁྱེད་ཀྱི་ཐུགས་ལ་འཁྲུངས་པའི་བོན་གཞིས་ཐོབ་རྒྱལ་གསར་པ་ཞིག་དང་། གདན་ས་སྨན་རི་གསར་པ་ཞིག་དབུ་འཛུགས་ཐུབ་པ་བྱ་རྒྱུའི་དམ་བཅའ་ཐུགས་ལ་བཅངས་བཞིན་༧སྐྱབས་རྗེ་རྩ་བའི་བླ་མ་ཧོར་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག་དང་། གཡུང་གླིང་མཁན་རིན་པོ་ཆེ་སོགས་ལ་བཀའ་བསྡུར་དང་། དེ་བཞིན་གཞིས་ས་འཚོལ་སྒྲུབ་ཀྱི་མཛད་འགན་ཆ་ཚང་འཕྲག་ཏུ་བཞེས་ཏེ་དཀའ་ངལ་བརྒྱ་ཕྲག་མང་པོར་གདོང་ལེན་གནང་ཡོད། གཞིས་ས་ཉོ་རྒྱུར་བོད་མི་ནང་ཁུལ་ནས་གྲུབ་མཐའི་ཆགས་སྡང་དབང་གིས་ཕྱི་ཕྱོགས་སུ་བོན་པོའི་བསྟན་གཞིས་ཤིག་བཙུགས་ཡོང་བར་དོགས་ཏེ་གནོད་སྐྱེལ་དང་འགོག་ཐབས། བར་ཆད་བཟོས་པ། མདོར་ན་ས་སྟེང་བོན་པོ་ཡོངས་ཀྱི་དཀའ་ངལ་དང་། བར་ཆད་ཀྱི་རིགས་མང་པོ་ཞིག་དམ་པ་ཁྱེད་ཀྱིས་སེལ་ཐབས་གནང་དགོས་གྱུར་པ་སོགས་བོན་བསྟན་བསྲུང་སྐྱོབ་དར་སྤེལ་གྱི་ཆེད་དུ་ཚོགས་ཁག་ ༡༣ དང་མཉམ་སྦྲེལ་གྱི་ཐུགས་འགན་ཚུན་བཞེས་དགོས་གྱུར་ཡོད། བོད་དུ་བསྟན་དགོན་ཐམས་ཅད་ཐལ་རྡུལ་གྱི་ཁྲོད་དུ་བརླགས་ཟིན་ཀྱང་ཕྱི་ཡུལ་སྐྱབས་བཅོལ་དུ་ཕེབས་པའི་ཁྲོད་ནས་ཀྱང་ཆོས་ལུགས་གཅིག་མ་གཏོགས་གཉིས་པ་ཞིག་ཡོད་མི་ཆོག་པའི་བྱ་འགུལ་སྤེལ་བར་འདོད་པ་མེད་ཅིང་། རང་བསྟན་རིན་པོ་ཆེ་སྲུང་སྐྱོབ་ཀྱི་ཆེད་དུ་ཆོས་ལུགས་དང་། ལུང་ཚན་ཁག་ ༡༣ འུ་ཐུག་མེད་པོ་གཅེར་བུ་རྒྱབ་གཏུགས་ཀྱི་དཔེ་ལྟར་མཉམ་སྦྲེལ་བྱས་པ་ཞིག་ལས་དགའ་ཞིང་སྤྲོ་བའི་ངང་ནས་ཚོགས་ཁག་ ༡༣ ཡང་དབུ་ཚུགས་པ་ཞིག་ག་ལ་ཡིན། འོན་ཀྱང་ལས་དོན་དེའི་ནང་མཉམ་ཞུགས་གནང་བ་ལ་བརྟེན་ནས་བོན་པོ་ཙམ་མིན་པ་གྲུབ་མཐའ་གཞན་རྣམས་ལའང་ཕྱི་ཕྱོགས་སུ་སོ་སོའི་བསྟན་རྒྱུན་སླར་གསོ་དང་། སྲུང་སྐྱོབ་ཆེད་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཤེན་བསྟན་རིན་པོ་ཆེ་འདི་ཡི་ཆེད་དུ་ཁྱེད་ཀྱི་བཟོད་བསྲན་དང་བརྩོན་འགྲུས་ལ་དད་འདུན་ལྷག་ཏུ་འཕེལ་ཞིང་། ཉམ་ཐག་པའི་བོན་པོ་ཚོར་རྨ་འབབ་དང་མཐོང་ཆུང་། ཁྱད་བསད་ཀྱི་གནས་ཚུལ་གྲངས་ལས་འདས་པ་ཞིག་ཁྱེད་ཀྱི་སྐུ་གསུང་ཐུགས་ལ་དངོས་སུ་མྱོང་བ་དང་འཕྲད་པའི་ལོ་རྒྱུས་རྣམས་སེམས་ནས་རེ་རེ་བཞིན་དྲན་འོང་དུས་མུ་མཐུད་དེ་འབྲི་བར་དབུགས་ཧལ་ཏེ་མཚམས་འཇོག་དགོས་གྱུར་པ་དང་མིག་ཆུ་ཤོར་བར་རང་དབང་མི་འདུག མདོར་ན་ཁྱེད་ལ་དཀའ་ངལ་ཇི་ལྟར་འཕྲད་ཀྱང་བཟོད་བསྲན་དང་ཐབས་བྱུས་སྣ་ཚོགས་ཀྱི་སྒོ་ནས་གདོང་ལེན་གནང་སྟེ་བསྟན་པ་རིན་པོ་ཆེ་འཛུགས་སའི་བསྟི་གནས་དབང་ལྡན་གཞན་སུ་ལའང་བསྟུན་མི་དགོས་པར་བོན་པོ་རང་གིས་ཆོས་སྲིད་གང་ཐད་ནས་ཁྲིམས་འགོ་རང་བདག་རང་སྐྱོང་བྱེད་ཆོག་པའི་བོན་གཞིས་ཐོབ་རྒྱལ་གསར་པ་ཕྱི་ལོ་ ༡༩༦༧ ལོར་དབུ་འཛུགས་གནང་བ་དང་། རྒྱ་གར་གཞུང་གི་ཁྲིམས་མཐུན་དེབ་འགོད་ཡོད་པའི་ལོ་རྒྱུས་ཐོག་བོན་པོའི་ཚོགས་པ་ཟེར་བ་ཞིག་དབུ་བཙུགས་གནང་བ་དེ་ཁྲིམས་མཐུན་གྱི་བོན་པོའི་ཚོགས་པ་ཞིག་འཛམ་གླིང་གོ་ལའི་ཐོག་ཐེངས་དང་པོ་དབུ་བརྙེས་ཡོད། ཚོགས་པ་དེའི་འོག་ནས་བྱེས་འབྱོར་བོན་འབངས་སྐྱ་སེར་རྣམས་ཀྱང་མགོ་ཡར་བརྐྱང་དང་རྔ་མ་ཕྱི་བརྐྱང་གི་དཔེ་ལྟར་དབུ་ལ་དགོན་སྡེ་གྲྭ་ཚང་དང་། མཇུག་ཏུ་བཟོ་ཚོང་འཛུགས་བསྐྲུན་དང་། ཞིང་ལས་ཐོན་བསྐྱེད། ཤེས་རིག་གི་བསྟི་གནས་སློབ་གྲྭ འབྲོག་ལས་སོགས་གཞིས་མི་སོ་སོའི་ཁམས་དང་མོས་པ་དང་མཐུན་པའི་ལས་གཞི་དང་། འཚོ་བ་རང་སྐྱོང་གི་བོན་གཞིས་ཐོབ་རྒྱལ་གསར་པ་ཞིག་རིང་ནས་ཐུགས་ལ་བརྣགས་པ་ལྟར་དངོས་སུ་དབུ་འཛུགས་གནང་ཡོད། ཐོབ་རྒྱལ་གསར་པའི་གཞིས་ཆགས་ཤིག་དབུ་ཚུགས་པ་ཙམ་གྱིས་འགྲིགས་ཐབས་ག་ལ་ཡོད་དེ། དོན་གྱི་དམིགས་ཡུལ་གཙོ་བོ་ཐོབ་རྒྱལ་གསར་པའི་སྨན་རི་དགོན་ཞིག་ཡོད་དགོས་པ་མ་ཟད། གཡུང་དྲུང་བོན་གྱི་གཙུག་རྒྱན་རྒྱལ་ཚབ་ཁྲི་འཛིན་ཆེན་པོའི་ཞབས་ཀྱི་པད་མོ་གསེར་ཁྲི་རིན་པོ་ཆེར་འཁོད་དགོས་པ་དེ་ཡིན།

སྐབས་དེར་རྒྱལ་ཚབ་ཁྲི་འཛིན་སོ་གཉིས་པ་ཆེན་པོ་དངོས་སུ་འཕགས་ཡུལ་དུ་བསྟན་པའི་སྲོག་ཤིང་དུ་ཞབས་བཅག་ཐུབ་པ་བྱུང་ཡོད་ཀྱང་གདུལ་བྱ་སེམས་ཅན་གྱི་བསོད་ནམས་གུད་པའི་ཉེར་ལེན་ལ་བརྟེན་ནས་མཐར་དགུང་གྲངས་སོ་གཉིས་ཐོག་སྐུ་ཚེ་མ་ཟིན་པར་ཡིད་སྐྱོའི་གནས་ཚུལ་དུ་གྱུར། དེས་ན་ཁྱེད་ཀྱི་ཐབས་བྱུས་ལམ་སྟོན་བཟང་པོ་དང་། རྗེ་སྨན་རི་བའི་བོན་སྐྱོང་མ་བདུད་བཙན་རྒྱལ། དེར་འདུས་བོན་གྱི་བླ་སྤྲུལ་སྐྱ་སེར་ཕོ་མོའི་ཞབས་ཞུའི་མཐུན་རྐྱེན་བཟང་པོ་བཅས་ལ་བརྟེན་ནས་བོན་གཞིས་སུ་བཞུགས་པའི་སྐྱབས་རྗེ་༧ གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་དང་། རྗེ་སྨན་རི་བའི་༧ ཡོངས་འཛིན་དང་པོ་ཧོར་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་གཙོས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་འདུས་སའི་གཙུག་ལག་ཁང་ཆུང་ངུ་ཞིག་དང་། གྲྭ་ཤག་བཅས་ཡོད་པའི་ཐོབ་རྒྱལ་གསར་པའི་སྨན་རི་དགོན་ཞིག་ཁྱེད་ཀྱིས་དབུ་འཛུགས་ཐུབ་པ་བྱུང་ཡོད། དུས་འགྱུར་དབང་གིས་རྒྱལ་ཚབ་སོ་གཉིས་པས་བཀྲ་ཤིས་སྨན་རི་དགོན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་སྨན་རིའི་བདུད་བརྩི་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་སོ་གཉིས་པ་དེ་འཛུགས་རྒྱུའི་གོ་སྐབས་མ་རགས་པ་དང་། སྐུ་མདུན་གོང་མའི་གསེར་གདུང་རིན་པོ་ཆེ་བཞེངས་རྒྱུ་ཡང་ལྷག་ཡོད། བྱེས་སུ་སྐུ་དངོས་སུ་ཕེབས་ཐུབ་ཀྱང་སྒྲུབ་ཐེངས་སོ་གཉིས་པ་དེ་ཁྲི་འཛིན་སོ་གཉིས་པའི་སྐུ་དུས་སུ་དུས་རྐྱེན་ལྡོག་མེད་དབང་གིས་བཙུགས་མ་ཐུབ་པ་དེ་ཡང་ཁྱེད་ཀྱིས་གོ་སྒྲིག་གནང་ཡོད། དེ་བཞིན་བོན་འབངས་ལྷ་མི་ཀུན་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧ རྗེ་སྨན་རི་བའི་༧ ཁྲི་འཛིན་སོ་གསུམ་པ་ཞིག་མགྱོགས་ནས་མྱུར་དུ་ངོས་འཛིན་ཐུབ་དགོས་པའི་མོས་འདུན་གསོལ་འདེབས་ཞུས་པ་ལྟར་ཕྱི་ལོ ༡༩༦༨ ལོར་རྒྱལ་ཚབ་ཁྲི་འཛིན་སོ་གསུམ་པ་ངོས་འཛིན་བསྐོ་བཞག་གི་ཆེད་དུ་སྲོལ་རྒྱུན་ལྟར་བསྙེན་པའི་གཞི་མ་སྒོ་དགུ་དང་། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཆོངས་ཆེན་སྡེ་དགུའི་འཕྲིན་ལས་ཀྱི་མངའ་དབུལ་ཏེ་ཡི་དམ་བསྒྲུབ་པ་དང་། བོན་སྐྱོང་སྡེ་དྲུག་གི་གཞུང་བསྲང་སྟེ་སྔོན་དངོས་རྗེས་གསུམ་གྱི་རྟགས་བསྒྲིལ་གྱི་ལས་རིམ་ལ་ཞུགས་རྗེས་ལྷ་སྲུང་གི་མཐུ་རྟགས་དང་བཅས་ཏེ་འཇིག་རྟེན་མུན་པ་སེལ་བའི་སྒྲོན་མེ། ལྷ་མི་ཀུན་གྱི་གཙུག་རྒྱན་དུ་བདག་ཅག་གི་སྐྱབས་དང་མགོན་དུ་བཞུགས་པའི་༧ རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གསེར་ཁྲི་རིན་པོ་ཆེར་རྟགས་ཐོན་བྱུང་བར་བོན་འབངས་ལྷ་མི་ཀུན་གྱིས་དགའ་བའི་བཀྲ་ཤིས་པའི་ཕྱེ་མར་དང་། བསང་གསོལ་དུད་སྤྲིན་གྱི་ནམ་མཁའ་གང་ཞིང་ལྷ་རྒྱལ་ཀླུ་གསོལ་གྱི་འབྲུག་སྒྲ་གྲགས། ༧སྐྱབས་རྗེ་སོ་གསུམ་པ་ཆེན་པོ་མཆོག་སྐབས་དེར་ཡུ་རོབ་གླིང་དུ་བཞུགས་ཡོད་སྟབས་བྱེས་ཁྲོད་ཀྱི་བོན་འབངས་ལྷ་མི་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ཐོག་གཡུང་དྲུང་བོན་གྱི་སྐྱབས་མགོན་དུ་ཕྱིར་ཕེབས་ཡོང་བའི་གསོལ་འདེབས་རེ་ཞུས་ལྟར་དངོས་སུ་བོན་གཞིས་ཐོབ་རྒྱལ་གསར་པའི་སྨན་རི་དགོན་དུ་ཆིབས་ཞལ་བསྒྱུར་བ་དང་། ཕྱི་ལོ ༡༩༦༩ ལོའི་ ཟླ ༡༡ པའི་ཚེ་ ༥ ལ་ཁྲི་སྟོན་མཛད་སྒོ་དངོས་སུ་ཚུགས་ཏེ་གསེར་ཁྲིར་མངའ་གསོལ་དང་མཚན་དུ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུ་ཀུན་ཏུ་འབར་ཡོད། གལ་ཏེ་ཉམ་ཐག་བོན་འབངས་འདུས་སའི་རྟེན་གཞི་ཁེར་བདག་གི་བོན་གཞིས་ཐོབ་རྒྱལ་གསར་པ་འདི་དངོས་སུ་བསྒྲུབ་མ་ཐུབ་ཚེ་ང་ཚོའི་མི་མང་ཕལ་ཆེ་བ་ཁ་འཐོར་ཏེ་གཞན་སྡེའི་ཁྱབ་ཁོངས་སུ་བོན་པོའི་བརྒྱ་ཤོག་བཅུ་ཤོག་གི་ཚན་པ་རེ་ཡོང་སྲིད་པ་དེ་ཡང་མི་རིང་བར་རྫོགས་པ་ཆེན་པོའི་ཉམས་ལེན་མངོན་དུ་གྱུར་པ་ལྟ་བུའི་རང་ཞི་རང་གྲོལ་གྱི་ཚུལ་དུ་ཁོང་ཚོའི་གསེང་དུ་རང་བཞིན་གྱིས་ཐིམ་ཏེ་བོན་པོ་འདུས་པའི་ཕུང་པོ་ལྷག་མེད་དུ་ཕེབས་འགྲོ་བ་གདོན་མི་ཟ་བ་མ་ཟད། དགོན་སྡེ་རི་ཁྲོད་ཀྱི་ཆ་ཙམ་ཞིག་ཡོང་སྲིད་ཀྱང་ཆོས་ལུགས་གཞན་དང་མཉམ་དུ་རྔོ་མི་ཐོགས་ཤིང་དཔུང་པ་མཉམ་གཤིབས་ཐུབ་པའི་རྒྱ་ཆེ་བའི་འཆད་ཉན་སྒོམ་པའི་སྲོལ་འཛིན་གྱི་བཤད་སྒྲུབ་འདུས་སྡེ་ཞིག་དེ་བས་འབྱུང་དཀའ་བ་ང་ཚོའི་མིག་མཐོང་ལག་ཟིན་དུ་གྲུབ། རྒྱུ་མཚན་ནི། གཞན་སྡེའི་བསྟི་གནས་སུ་ཆགས་པའི་བོན་འབངས་མང་ཆེ་བ་ད་ཆ་ཁོང་ཚོའི་ཕ་མ་བོན་པོ་རེད་ཟེར་བའི་ལོ་རྒྱུས་བགྲངས་རྒྱུ་ཙམ་ལས་དེ་དག་གི་ཁོངས་ནས་རང་བསྟན་རིན་པོ་ཆེར་ཞབས་ཞུ་བསྒྲུབ་ཐུབ་མཁན་ཉིན་སྐར་ཙམ་གྱི་དཔེ་རུ་འཁུམས། དེ་ནི་དངོས་དོན་རིགས་པ་དང་ད་ལྟའི་མི་རབས་འདིའི་སྔུན་དུ་གྲུབ་པ་མ་ཟད་བོན་འབངས་ཤི་གསོན་ཀུན་དང་གཞན་སྡེས་ཀྱང་ཚོར་སྣང་བྱུང་ཡོད། ཛ་དྲག་ལ་སྐྱི་འཇིགས་པའི་དུས་ཟིང་ཡོ་ལང་གི་ཁྲོད་ནས་ཁྱེད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས་བྱེས་འབྱོར་བོན་འབངས་ཤི་གསོན་རྣམས་བླ་སྲོག་ཆགས་ས་ཞིག་དང་། བོན་བསྟན་མེ་རོ་གསོ་བའི་ཞིང་ས་གཤིན་པོ་སྟེ་ཉེར་གཅིག་དུས་ཀྱི་གཡུང་དྲུང་བོན་བསྟན་འབར་བའི་བསྟི་གནས་བོན་གཞིས་ཐོབ་རྒྱལ་གསར་པ་དབུ་བརྙེས་པ་དང་། བོད་མདོ་དབུས་ཁམས་གསུམ་ནས་བྲོས་བྱོལ་དུ་ཕེབས་པའི་བོན་འབངས་སྐྱ་སེར་ཕལ་ཆེ་བ་ཕྱོགས་གཅིག་ཏུ་འདུ་འཛོམས་བྱུང་ཞིང་བན་དྷེའི་ཁྱབ་འབངས་མི་ཉུང་བ་ཞིག་གིས་གཞིས་ཆགས་ཀྱི་མཐུན་རྐྱེན་ཞུས་པ་ལྟར་སྤྱི་མཚུངས་བཀའ་དྲིན་ཆེ་བསྐྱངས་གནང་ཡོད། བོན་སྲིད་གཉིས་ཐད་ཀྱི་མཛད་འཕྲིན་མང་པོའི་ཁྲོད་ནས་དུས་ཚོད་རགས་དཀའ་བའི་གནས་སུ་གྱར་ཡང་དགོངས་གཞི་དགོས་པ་ཆེན་པོས་ཤེས་ཡོན་གྱི་ལྟེ་གནས་བོན་གཞིས་སུ་སྐྱ་སེར་མཉམ་ཞུགས་ཆོག་པའི་སློབ་གྲྭ་དབུ་འཛུགས་གནང་སྟེ་བོན་ཕྲུག་ཕོ་མོར་བོད་ཡིག་འཆད་ཁྲིད་ཀྱི་ཐུགས་འགན་བཞེས་ཡོད།དེ་ཙམ་དུ་མ་ཟད་གཞིས་མི་སྐྱ་སེར་ཡོངས་ལ་འཚོ་རྟེན་གུར་ནས་ས་ཁང་དང་། སོ་སོའི་འདོད་པ་དང་མཐུན་པའི་ཚོང་ལས་དང་། བཟོ་ལས། ཞིང་ལས། འབྲོག་ལས་ཅི་རིགས་ཀྱི་རྟེན་རྩ་བཀའ་དྲིན་ཆེ་སྐྱོང་གནང་ཡོད་པ་མ་ཟད། འབྲུ་རིགས་དང་ཟ་སྣུམ་སོགས་མཐུན་རྐྱེན་མང་པོ་ཞིག་རོགས་སྐྱོར་གནང་ཡོད་ལ་སྐྱིད་སྡུག་ཇི་བྱུང་རང་མགོ་རང་ཐོན་མ་བྱུང་བར་ལམ་སྟོན་དང་ཐུགས་འགན་ཆ་ཚང་བཞེས་ཡོད། ཁ་དྲོ་ལ་བཀྲ་ཤིས་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་ཆགས་སུ་བྱིན་ཆེ་ལ་རྒྱལ་བསྟན་ཤེས་རབ་རྒྱས་པའི་བསྟི་གནས་ཐོབ་རྒྱལ་གསར་པའི་སྨན་རི་དགོན་ནམ། དཔལ་གཤེན་བསྟན་སྨན་རིའི་གླིང་དབུ་བཙུགས་ཏེ་དེར་འདུས་བྱེས་འབྱོར་སྐྱབས་གནས་བླ་སྤྲུལ་རྣམ་པས་ཐོས་བསམ་འཆད་ཉན་རྒྱུན་མཐུད་གནང་འགོ་ཚུགས་ཡོད། དེ་ཙམ་གྱི་ག་ལ་ཚད་དེ་འཛམ་གླིང་བོན་གྱི་གཙུག་རྒྱན་ཆེན་པོ་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ངོས་འཛིན་དང་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཞུས་སྟེ་ཕྱི་ལོ༡༩༧༨ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་དང་། བཤད་སྒྲུབ་ཀྱི་བཅའ་གཞི་དུས་ཚོད་རེའུ་མིག་དང་བཅས་པ་གཏན་ལ་ཕབ་སྟེ་ཐུགས་འགན་གཙང་བཞེས་གནང་།

ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་འཕགས་ཡུལ་དུ་བོན་འབངས་སྐྱ་སེར་ཡོངས་ལ་ཕྱི་ཡི་མཐུན་རྐྱེན་དང་། ནང་གི་ཤེས་ཡོན་གང་ཅིར་གདེང་ཚད་ལྡན་པ་ཞིག་གྲུབ་རྗེས་དམ་པ་གང་གི་སྐུ་ཚབ་ཏུ་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་རིན་པོ་ཆེ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་དུ་གསེར་ཁྲིར་མངའ་གསོལ་དང་། རག་ཤི་དགེ་བཤེས་སྐལ་བཟང་ཉི་མ་རིན་པོ་ཆེ་བོད་དུ་བཀྲ་ཤིས་སྨན་རི་དགོན་གྱི་དཔོན་སློབ་དུ་ཆེད་བཏང་གནང་ཡོད། བྱེས་ཁྲོད་དུ་གསར་འབྱོར་དང་གཞིས་ཆགས་ཟེར་བའི་སྡེ་ཚན་གཉིས་སུ་འབོད་སྲོལ་ཡོད་པའི་གྲས་ནས་རག་ཤི་དགེ་བཤེས་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་ནི་ལོ་རབས་བརྒྱད་བཅུའི་ནང་ནས་གདན་ས་ ༧ སྨན་རིར་གསར་དུ་ཕེབས་མཁན་དང་པོའི་ཁོངས་ནས་གཅིག་ཡིན། དམ་པ་ཁོང་ནི་རང་བཞིན་གྱི་མཛད་སྤྱོད་ཐམས་ཅད་ཞི་ཞིང་དུལ་བ་དང་། དུས་ཚོད་ཀྱི་འགྲོ་གྲོན་ཐོས་བསམ་འཆད་རྩོད་སོགས་དགེ་དོན་འབའ་ཞིག་ལ་གཏོང་བ་ལས་རྣམ་གཡེང་གི་ལས་གཞན་དུ་དུས་ནམ་ཡང་ཁ་ཕྱོགས་མྱོང་མེད། བན་བོན་གཉིས་ཀའི་ཁྲོད་ནས་གསར་འབྱོར་བ་ཞིག་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་མཁན་དང་པོ་ཞིག་ཀྱང་ཡིན་ལ་རྗེ་སྨན་རི་བ་ ༧ ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་། ༧ ཡོངས་འཛིན་སྨྲ་བའི་སེང་གེ་ཟུང་གི་ཐུགས་དགོངས་གཅིག་བསྡུས་ཀྱི་དགོངས་བཅད་འོག་ནས་བཀྲ་ཤིས་སྨན་རི་དགོན་དུ་དཔོན་སློབ་རིན་པོ་ཆེའི་གསེར་ཁྲིར་ཕེབས་ཏེ་དུས་འགྱུར་རྗེས་ཀྱི་ ༧ གདན་ས་བཀྲ་ཤིས་སྨན་རི་དགོན་གྱི་དགེ་བཤེས་མཛད་སྒོ་ཐེངས་དང་པོ་དེ་དབུ་བཙུགས་གནང་ཡོད།

ཕྱི་ལོ་ ༡༩༨༦ ལོ་སྟེ་ཡབ་ཡུལ་དང་ཁ་བྲལ་ནས་མི་ལོ ༤༦ གི་རྗེས་སུ་རང་ཡུལ་གངས་ཅན་ལྗོངས་སུ་ཐེངས་དང་པོ་ཆིབས་ཞལ་བསྒྱུར་ཞོར་བལ་ཡུལ་དུ་ཧི་མ་ལའི་བོན་འབངས་ཚོར་གཙོ་བོར་དམིགས་ཏེ་རྒྱལ་ས་ཀ་ཐ་མན་གྲུར་བོན་པོའི་ཚོགས་པ་ཁྲིམས་མཐུན་གྱི་དེབ་འགོད་གནང་སྟེ་གདན་ས་གསུམ་པ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བསྟི་གནས་གསར་དུ་བཏབ་པར་མུ་མཐུད་འཛུགས་བསྐྲུན་དང་། འཆད་ཉན་བཤད་སྒྲུབ་སྒོམ་པའི་བསྟན་པ་གསར་དུ་དབུ་འཛུགས་གནང་དགོས་པ་སོགས་བསྟན་དང་འགྲོ་བའི་དོན་དུ་ཡུམ་བུའི་རྒྱལ་ཁམས་བལ་ཡུལ་དུ་བཞུགས་གནས་གཙོ་བོ་མཛད་ཡོད། ཁྱེད་ས་ཕྱོགས་གང་དུ་ཕེབས་ཀྱང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་ཅིང་མཛད་པའི་འཕྲིན་ལས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འགྲོ་དོན་འཕེལ་ཞིང་རྒྱས་པ་སྟེ། རི་བོ་ཧི་མ་ལའི་གཡས་ཕྱོགས་གནས་མཆོག་འཕགས་པ་ཤིང་ཀུན་གྱི་ཉེ་འཁྲིས་སུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ངམ། གདན་ས་ཆེན་པོ་དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེའི་ཕྱི་ནང་གི་རྟེན་དང་བརྟེན་པ་རྒྱལ་ས་ཡུམ་བུའི་ཕྱོགས་མཚམས་གང་ནས་མཇལ་ཡང་མངོན་པར་འཕགས་ཤིང་ཡིད་སྨོན་ཤོར་བ་ཞིག་ཕྱག་བཏབ་གནང་བ་དེ་བལ་ཡུལ་དུ་ལོ་རྒྱུས་ཐོག་བོན་གྱི་འཆད་ཉན་གྱི་བསྟི་གནས་དགོན་སྡེ་བྱུང་བ་ཐེངས་དང་པོ་དེ་ཡིན། གཞན་ཡང་རྒྱལ་ས་དང་ཕྱོགས་མཐའ་ཁག་ཏུ་གཡུང་དྲུང་བོན་དང་། བན་དྷེའི་ཆོས་བརྒྱུད་ཁག་གི་དགོན་སྡེ་དང་རི་ཁྲོད། དེ་བཞིན་ཧིན་རྡུ་དང་ཡེ་ཤུ ཁ་ཆེ་སོགས་འཛམ་གླིང་དུ་གྲགས་ཆེ་བའི་ཆོས་ལུགས་ཁག་ཕྱི་ནས་བལྟས་ན་རྒྱ་ཆེ་ལ་དཔང་འཐུག་པ་གྲངས་ལས་འདས་པ་ཞིག་བཞུགས་ཡོད་ལ་ལོ་རྒྱུས་ཀྱང་ཧ་ཅང་གི་ཕུ་ཐག་རིང་མོ་བཞུགས་ཡོད། ནང་ལྟར་ན་ཐོས་བསམ་སློབ་གཉེར་སྒྲིག་འཛུགས་ཀྱི་ཐད་ནས་བོན་གྱི་གདན་ས་འདི་ཉིད་ཕྱི་ནང་སུས་ཐེངས་གཅིག་མཇལ་བའི་གོ་སྐབས་བྱུང་བ་དང་རང་བཞིན་གྱི་ཡིད་སྨོན་ཤོར་ཞིང་བསྟོད་པའི་དྲག་ཆར་ལྷུད་ལྷུད་དུ་འབབ་པར་འགྱུར། འདི་ནི་དང་པོ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མངོན་པར་འཕགས་ཤིང་མཚན་དོན་མཚུངས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན་པས་བསྟན་པའི་ས་བོན་དུ་གྲངས་ལས་འདས་པའི་བླ་མ་དགེ་བའི་བཤེས་གཉེན་དང་། གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ། གསོ་རིག་གཞུང་ལུགས་ལ་མངའ་བརྙེས་པའི་སྨན་པ་སོགས་བོད་ཀྱི་རིག་གནས་ཆེ་ཆུང་ཐམས་ཅད་ཀྱི་རྐང་འཛིན་འཛམ་གླིང་གང་སར་བཤམས་སྤྲུལ་ཐུབ་པ་བྱུང་ཡོད། དེ་བཞིན་ཉིད་ཀྱི་སློབ་མ་ཡོངས་ཀྱི་ཐུ་བོ་གདན་ས་༧ཁྲི་བརྟན་ནོར་བུ་རྩེའི་ཁྲི་འཛིན་༧མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། གཞུང་ལུགས་ལ་མངའ་བརྙེས་ཤིང་མཁས་པའི་བྱ་བ་གསུམ་གྱིས་ཕྱུག་པའི་༧ དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་པོ་དང་སློབ་དཔོན་མང་པོ་བོད་ཕྱི་ནང་གཉིས་སུ་བསྐོ་བཞག་གནང་བ་དང་། དེ་དག་གི་མཛད་པ་དང་འཕྲིན་ལས་ཐམས་ཅད་གཞན་འགྲན་བྲལ་ཞིང་ཉིན་རེ་བཞིན་འཕེལ་རྒྱས་ཀྱི་ཕྱོགས་སུ་ཆས་ཏེ་འགྲོ་དོན་བསྐྱངས་དང་སྐྱོང་བཞིན་པ་བོན་འབངས་ཡོངས་ཀྱི་ཐུགས་ལ་མངའ་བཞིན་བཀའ་དྲིན་འཁོར་བ་མ་སྟོང་གི་བར་དུ་བརྗེད་ཐབས་མེད་པ་ཞིག་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་ནང་ཁྱེད་ཀྱི་སྐུ་ཡི་མཁྲིས་པའི་སྙུང་གཞིའི་དབང་གིས་ཨ་མེ་རི་ཁར་སྨན་བཅོས་ཀྱི་ཆེད་དུ་ཆིབས་ཞལ་བསྒྱུར་ཡོད་ལ་སྐབས་དེར་ཨ་རིའི་གཞུང་ལ་ཁྲིམས་མཐུན་དེབ་འགོད་བྱས་པའི་བོན་པོའི་ཚོགས་པ་དབུ་འཛུགས་གནང་བ་དེ་ལོ་རྒྱུས་ཐོག་ནུབ་ཕྱོགས་སུ་བོན་པོའི་ཚོགས་པ་ཞིག་དབུ་བརྙེས་པའི་ཐོག་མ་ཡང་ཡིན། ཚོགས་པ་དེས་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་སྨན་རི་གཙོས་བོན་བསྟན་དར་སྤེལ་ལས་དོན་ལ་རོགས་འདེགས་མཐུན་རྐྱེན་ཅི་འབྱོར་གནང་དང་གནང་བཞིན་མཆིས།

དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་ནང་ཕ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་དང་། ལྷོ་བྱང་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ཏུ་བོན་ཁྲིད་གནང་བར་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ་གདུལ་བྱ་མང་པོ་འཁོར་དུ་བསྡུས་པ་དང་འཇིག་རྟེན་པ་མང་པོའི་སེམས་ཀྱི་ངལ་བ་དག་རྒྱང་དུ་བཏང་ཡོད། ནུབ་ཕྱོགས་པའི་མི་རིགས་འདྲ་མིན་གྱི་སློབ་མ་མང་པོས་དད་འདུན་གདུང་ཤུགས་དྲག་པོས་གསོལ་འདེབས་དང་སྦྲགས་རྒྱལ་ཁབ་སོ་སོར་ལོ་བསྟར་ཆགས་སུ་བོན་འཁྲིད་སྐྱབས་འཇུག་ཞུས་པ་ལྟར་ཐོག་མར་ཕ་རན་སིར་གཡུང་དྲུང་བོན་གྱི་ཚོགས་པ་ཞེས་ཕ་རན་སིའི་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དེབ་འགོད་ཞུས་པ་དེ་ཡུ་རོབ་ཕྱོགས་སུ་བོན་པོའི་ཚོགས་པ་དང་པོ་ཆགས་ཡོད། དེ་ནས་རིམ་བཞིན་རྒྱལ་ཁབ་སོ་སོར་བོན་པོ་ཚོགས་པ་བཙུགས་གནང་བ་མ་ཟད།

དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་པའི་ནང་དུ་གཤེན་བསྟན་དར་རྒྱལ་གླིང་ཞེས་ཡུ་རོབ་དང་ཨ་རི་ཕྱོགས་ཀྱི་གཡུང་དྲུང་བོན་གྱི་བསྟི་གནས་གཙོ་བོ་དེ་དབུ་འཛུགས་གནང་བ་དང་། རང་རེ་བོན་འབངས་ཡོངས་ཀྱི་སྐྱབས་ཀྱི་རྗེ་བོ་༧རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོའི་ཞབས་ཀྱི་པད་མོ་མངོན་པར་བཀོད་དེ་སྐྱབས་གནས་ཉི་ཟླ་ཟུང་འབྲེལ་གྱི་ཐུགས་རྗེའི་འོད་ཟེར་ཕྱོགས་གཅིག་ཏུ་སྐྱེ་འགྲོ་ཀུན་ལ་ཁྱབ་པར་མཛད་ཡོད།

སྐབས་དེར་རང་རེ་ཞབས་ཞུ་བ་གཙོས་སློབ་བུ་ཡོངས་ལ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོས་རྒྱལ་བའི་ཡུམ་ཆེན་ཤེས་རབ་བྱམས་མའི་བཀའ་དབང་ཟབ་མོའི་ཐུགས་རྗེའི་བྱིན་རླབས་ཆེ་བ་དང་། དུས་ཡུན་རིང་པོའི་རྗེས་སུ་སྐྱབས་གནས་ཉི་ཟླ་ཟུང་འབྲེལ་གྱི་གསེར་ཞལ་ལྷན་མཇལ་ཞུ་བའི་གོ་སྐབས་རིང་ཤོས་སུ་གྱུར་ཡོད། མ་འོངས་དེ་ལྟ་བུའི་དུས་བཟང་མང་པོ་ཞིག་ང་ལྟ་བུའི་བུ་སློབ་ཚོས་སེམས་ནས་ངང་སྒུག་ཞུས་ཡོད་ལ་རེ་སྨོན་ཡང་ཞུ་བཞིན་ཡོད། ༧རྗེ་ཡོངས་འཛིན་དཔོན་གསས་ཁྱེད་ཀྱི་སྐུ་ཚེ་ཧྲིལ་པོའི་ནང་མ་བཅོས་རང་བབས་སུ་བཞག་པའི་གནས་ལུགས་རྟོག་བྲལ་ཐིག་ལེ་ཉག་གཅིག་མ་གཡོས་པའི་ཀློང་ནས་བསྟན་དོན་འཁོར་ལོ་གསུམ་གྱི་ངང་ཚུལ་བསྐྱངས་པ་དང་།

ཁྱད་པར་དུ་གཡུང་དྲུང་བོན་གྱི་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པར་དཔྱད་པ་གསུམ་གྱིས་དག་ཐེར་མཛད་དེ་དོན་འགྲེལ་དང་དགོངས་འགྲེལ་སོགས་གཞུང་དོན་དཀའ་གནད་ཀྱི་མདུད་པ་ཁྲོལ་གྱིས་བཀྲོལ་ཏེ་ཕྱི་རབས་རྗེས་འཇུག་རྣམས་འཇུག་པ་བདེ་བའི་གསུང་འབུམ་བོད་ཡིག་གི་ལམ་ནས་པོད་གཟུགས་བཅུ་ཕྲག་གཉིས་ཡས་མར་དང་། ནུབ་ཕྱོགས་སུ་དབྱིན་ཡིག་ཐོག་དེབ་གཟུགས་སུ་གྲངས་བཅུ་ཕྲག་ལྔ་ཡས་མས་སུ་རྗེས་བཞག་བཀའ་དྲིན་ཆེ་བ་སོགས་མདོར་ན་ཁྱེད་ཀྱི་སྐུ་གསུང་ཐུགས་གསུམ་གཡོ་ཙམ་གནང་བ་ཐམས་ཅད་བསྟན་འགྲོའི་སྤྱི་དོན་འབའ་ཞིག་ཡིན་པ་དང་། ཐོ་ཅོ་དང་འུད་སྒྲོགས་ཀྱི་ཆ་རྡུལ་ཙམ་ཞིག་ཕྱི་ནང་གསང་བའི་མཛད་འཕྲིན་གང་དུའང་གཞི་མ་གྲུབ་ཅིང་ལུང་རིགས་ཚད་མས་བྱི་དོར་གནང་བ་ཁོ་ན་ཡིན། ལས་བསོད་ཞིག་གིས་ཁྱེད་ཀྱི་མདུན་ས་ནས་དུས་ནམ་ཡང་འབྲལ་མི་ཕོད་པའི་སློབ་བུ་ངས་དད་དམ་གཡོ་མེད་ཀྱི་ངང་ནས་རྒྱ་ཆེ་བའི་ཁྱེད་ཀྱི་མཛད་རྣམ་གྱི་ཆ་ཤས་ཕྲ་མོ་ཙམ་དུས་ཀུན་དུ་སེམས་ལ་གནས་པ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཡིག་ཐོག་ཏུ་ཕབ་པ་ཡིན། འཛམ་གླིང་གོ་ལར་གནས་པའི་སྐྱེ་འགྲོར་འོད་གསལ་གྱི་སྣང་བ་འབྱིན་པའི་ཉི་མ་དང་ཟླ་བའི་ངང་ཚུལ་དུ་སྐྱབས་རྗེ་རྩ་བའི་བླ་མ་༧རྗེ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་།

རྗེ་སྨན་རི་བའི་༧ཡོངས་འཛིན་ཆེན་མོ་༧སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཁྱེད་རྣམ་པ་གཉིས་དུས་ངན་མུན་པའི་དཀྱིལ་ནས་བསྐལ་བཟང་སངས་རྒྱས་སྟོང་གི་རྒྱལ་ཚབ་དང་། ཐུགས་རྗེའི་འོད་ཟེར་གྱི་ཕུང་པོས་འཇིག་རྟེན་སྣང་མུན་གྱི་ངལ་བ་སེལ་བའི་གཉེན་གཅིག་ཏུ་གྱུར་པ་མ་ཟད་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་རྒྱུན་སླར་གསོ་འབྱུང་བའི་གཞི་མ་ཡང་ཡིན། བསྟན་འགྲོ་སྐྱབས་པའི་འོད་ཆེན་ཉི་མ་སེར་པོས་འོད་ཟེར་མ་སྤྲོས་ན་འཇིག་རྟེན་གྱི་སྣང་མུན་འབྱེད་པའི་བདེ་སྐྱིད་ཅིག་མི་འབྱུང་ལ། གཤེན་བསྟན་ཟླ་བ་དཀར་པོའི་གྲིབ་བསིལ་གྱིས་སྡུག་བསྔལ་གྱི་ཚ་གདུང་མ་སེལ་ན་འཇིག་རྟེན་འདིའི་སྐྱེ་འགྲོའི་སྲོག་དབུགས་གནས་མི་ཐུབ་པས་དམ་པ་ཟུང་གི་ཐབས་དང་ཤེས་རབ། བསོད་ནམས་དང་མཐུ་སྟོབས། སྐུ་གསུང་ཐུགས་ཀྱི་མཛད་པ་དང་འཕྲིན་ལས། གཟི་བརྗིད་དང་བྱིན་རླབས། བྱམས་དང་སྙིང་རྗེའི་འཇིག་རྟེན་སྐྱོང་བ་རྣམས་དངོས་པོའི་གཟུགས་སུ་གྲུབ་ན་སྟོང་ལ་རྒྱ་མ་ཆད་པའི་ནམ་མཁའི་མཐོངས་སུ་ཤོང་མི་སྲིད་ལ་སྲ་ཞིང་འཁྲེགས་པའི་འཛིན་མའི་ལྟོ་བས་འདེགས་མི་ཐུབ། སྟོང་གསུམ་འཇིག་རྟེན་ཐམས་ཅད་འབྱུང་བ་རླུང་གིས་གཡོ་བསྐྱོད་སྐོར་གསུམ་གྱི་ལམ་དུ་རྒྱུ་བ་སྲིད་ཀྱང་ཁྱེད་གཉིས་ཀྱི་བཀའ་དྲིན་དང་མཛད་པའི་འཕྲིན་ལས་ཐམས་ཅད་གཟུགས་སུ་གྲུབ་ཡོད་ན་ཡངས་ཤིང་གཡོ་བ་རླུང་གི་མཚན་ཉིད་དེ་མ་ཉིད་དུ་འཇིག་པར་འགྱུར། བརྩི་ཤིང་ནགས་ཚལ་དང་། ས་རྡོ་རི་བྲག་སོགས་མདོར་ན་ས་སྟེང་དུ་གྲུབ་པའི་དངོས་པོ་རྡུལ་དུ་གྲུབ་པ་ཐམས་ཅད་དམར་འབར་མེ་ཡི་ངོགས་སུ་མི་འཚིགས་པ་མི་སྲིད་ལ་འབྱུང་བ་ཆུ་ཡིས་མ་བརླན་པ་མི་སྲིད་ཀྱང་། ཁྱེད་གཉིས་ཀྱི་བཀའ་དྲིན་དང་རླབས་ཆེན་གྱི་མཛད་འཕྲིན་དག་བསྐལ་པ་མེ་དུས་ཆུ་འཇིག་གི་ཀློང་ནས་ཀྱང་བྱིན་རློབས་ཇེ་འཐུག་དང་། ཐུགས་རྗེ་ཇེ་ཟབ་ཏུ་འགྲོ་ངེས་ཡིན། མདོར་ན་ཁྱེད་གཉིས་ཀྱི་བཀའ་དྲིན་དང་རླབས་ཆེན་གྱི་མཛད་འཕྲིན་རྣམས་ཚང་ལ་མ་ནོར་བ་ཞིག་ཡི་གེའི་གཟུགས་སུ་འབྲི་དགོས་ན་འཕྲུལ་གྱི་ཐོ་ཡིག་བཞི་བཅུའི་ཚིག་སྦྱོར་གྱིས་འདེང་ངེས་སུ་བརྗོད་དུ་མི་གཏུབ་ལ་དེ་བས་བདག་ལྟ་བུའི་སྐྱེས་སྦྱོང་གི་ཡོན་ཏན་དང་རྣམ་དཔྱོད་ཀྱི་རིག་རྩལ་གང་གི་ཆ་ནས་འགྲོ་བ་མི་མདུན་དུ་གང་བུའི་རྣམ་པར་ཐར་པ་ཞིག་བརྗོད་ནུས་ག་ལ་ཡོད། འོན་ཀྱང་དམ་པ་ཟུང་གི་ཞབས་རྡུལ་སྤྱི་བོར་ཡུན་རིང་བརྟན་པའི་ཐུགས་རྗེ་དང་བྱིན་རློབས་ཞུགས་པ་ཟུར་ཙམ་ཞིག་ཚོགས་གཉིས་བསགས་ཕྱིར་རང་སེམས་མེ་ལོང་གསལ་ངོར་རང་ཤར་དུ་གྲུབ་པ་དག་གཟུགས་སུ་བཀོད་པའོ།། །།

སྨྲས་པ། སྲིད་ཞིའི་གཙུག་རྒྱན་རྒྱལ་བ་ཡབ་སྲས་ཀྱི།། མ་བཅོས་ངོ་བོ་བརྗོད་པའི་རྣམ་དཀར་དགེས།། གང་སྐུ་ཚེ་ཡི་རིག་འཛིན་མངོན་གྱུར་ཏེ།། འགྱུར་མེད་གཡུང་དྲུང་སྐུ་རུ་གྲོལ་བ་ཤོག། ཅེས་པའི་ཚུལ་འདི་ནི་དམ་པ་ཟུང་གི་ཞབས་ཀྱི་པད་མོ་སྤྱི་བོར་ཡུན་རིང་བཀོད་ཅིང་ཐུགས་རྗེའི་བྱིན་རླབས་མི་དམན་ཙམ་རང་རྒྱུད་དུ་ཞུགས་པ་གཤེན་གྱི་དགེ་སྦྱོང་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་ཕྱི་ལོ ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ཌན་ཝེར་དུ་སྦྱར་བའོ།། །།

ཞབས་བརྟན།

རྩོམ་པ་པོ། དགེ་བཤེས་སྨོན་ལམ་མཐར་ཕྱིན། རྒྱ་གར།

ཕན་བདེའི་མཛོད་འཛིན་རྒྱལ་གཤེན་བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་ནམ་མཁའི་སྐར་ཚོགས་ཁྲོད།།

ངོ་བོ་རྒྱལ་བ་མཆོག་དང་མཉམ་ཞིང་བཀའ་དྲིན་རྒྱལ་ལས་ལྷག་པ་དུ་མ་ཕེབས་ཟིན་ཡང་།།

སྙིགས་ལྔའི་འདྲེན་མཆོག་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དྲིན་ཀུན་ལས་ཆེས་ཆེར་མངོན་འཕགས་པས།།

ཇི་སྲིད་བསྐལ་པ་རྒྱ་མཚོའི་བར་དུ་འགྱུར་མེད་མཚན་དཔེའི་གཟི་འོད་འཕྲོ་བཞིན་༸ཞབས་བརྟན་གསོལ།།

ཞེས་གུས་འབངས་སྐྱབས་འོག་པ་ཁྱུང་དཀར་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་འཕྲལ་མར་ཕུལ་བ་དགེའོ།། ཐ་ཚན་མུ་ཙུག་སྨར་རོ།། ༢༠༡༦།༤།༡༣

སྐུ་ཚེ་བརྟན་པའི་སྨོན་ལམ།

རྩོམ་པ་པོ། དགེ་བཤེས་ལུང་རིག་ཉི་མ། ལ་དྭགས།

༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་སུམ་པ་རིན་པོ་ཆེ་མཆོག་དང་།  གསང་གསུམ་བོན་གྱི་མཛོད་འཛིན་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་དངོས་འབྲེལ་གནས་དང་དུས་ཀྱི་སྐལ་པར་མཚམས་པའི་རྣམ་འདྲེན་བརྒྱད་པ་དམུ་རྒྱལ་སྲས་པོའི་རྒྱལ་ཚབ་བསྟན་པའི་གསལ་བྱེད་བསྟན་འགྲོའི་མགོན་དུ་འཇིག་རྟེན་མིའི་གཟུགས་སུ་མངོན་པར་བཞེངས་པ་ངེས་སྟེ། ཐོག་མར་བཙན་བྱོལ་དུ་བསྟན་དོན་ཁོ་ནར་དགོངས་གཞི་རྒྱ་ཆེ་གཟིགས་ནས་མཛད་ཕྲིན་དུ་མ་བསྐྱངས་དང་སྐྱོང་བཞིན་ལགས། མདོར་ན་བྱེས་སུ་རྒྱལ་བ་བྲུ་ཡི་རིང་ལུགས་གདན་ས་སྨན་རིའི་དགོན་དང་ཁྲི་བརྟན་ནོར་རྩེའི་དགོན་པ་གསར་བཞེངས་མཛད་ནས་བསྟན་དོན་གྱི་སྙིངཔོ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱིས་སློབ་ཚོགས་བསྐྱེད་བསྲིངས་ཟླ་མེད་ཐུགས་ཁུར་གནང་བ་དེ་ནི་རྣམ་པ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་མཐུས་ཁོ་ནས་བྱུང་།  དེང་འདིར་འཛམ་གླིང་གི་གདེང་ཆའི་ཐོག་ཁ་བ་གངས་ཅན་གྱི་ཕ་མྱེས་ཆོས་རིག་གཡུང་དྲུང་གི་བོན་རིན་པོ་ཆེར་ཕྱི་ཕྱོགས་གི་མཁས་དབང་མང་པོས་ཞིབ་འཇུག་དང་ཉམས་ལེན་གནང་མཁན་མང་ཞིག་ཡོད་པ་དེའང་བཀའ་དྲིན་སུམ་ལྡན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་ཐུགས་རྗེ་འོད་ཟེར་ལས་བྱུང་། འདི་ལོར ༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་སྐུ་ཚེ་གེགས་མེད་བསྟན་འགྲོའི་མགོན་དུ་འགྱུར་མེད་གཡུང་དྲུང་གི་ཁྲི་ལ་བཞུགས་སུ་གསོལ་བའི་མནཌལ་རྟེན་བཞུགས་འབུལ་པའི་སྐལ་བཟང་གི་གོ་སྐབས་དེར་རང་ཅག་སྐྱབས་འོག་པ་ཚོས་གཙོ་བོ་བླ་མ་ལྷ་ཡི་བཀའ་དགོངས་དང་སེལ་མ་ཞུགས་པའི་ཐོག་ཞབས་པད་ཡུན་དུ་གནས་པའི་ཞབས་རིམ་བརྩོན་པ་གལ་ཆེ། སྐབས་འདི་དང་བསྟུན་ནས་སྐྱབས་འོག་པ་རང་ཡང་བཀྲིན་རྗེས་དྲན་གྱི་ཚུལ་དུ་མཆོད་ཚིག་ཞིག་འབུལ་བར་སྤྲོ། ༧ རྒྱལ་བ་ཀུན་གྱི་དགོངས་པའི་བྱིན་རླབས་ངོ་བོ་གཅིག་བསྡུས་པ།། སྙིགས་དུས་ཕྱི་ནང་འགལ་རྐྱེན་དུ་མའི་འཕྲང་ལས་རབ་རྒལ་ནས།། གཤེན་བསྟན་རྟ་ལྗང་དབང་པོ་ཤར་རི་འཕྲག་ལས་འདྲེན་མཛད་པའི།། བསྟན་འགྲོའི་གཙུག་རྒྱན་སྐྱབས་རྗེ་རྣམ་གཉིས་ཞབས་པད་བརྟན་འགྱུར་ཅིག། ༧ ལུང་རིགས་རྣམ་པར་དག་པས་བསྟན་དང་འགྲོ་བའི་དོན།། རྟོགས་ལ་འཁྲུལ་མེད་སྡེ་སྣོད་མཛོད་འཛིན་རྒྱལ་བའི་ཚབས།། བསྟན་པའི་སྲོལ་འབྱེད་རྣམ་དག་འདུལ་བའི་རྒྱུད་འཛིན་རྗེ།། ཉི་མའི་འོད་བཞིན་མུན་སྨག་སེལ་མཛད་བསྟན་འགྲོའི་གཙུག། ༧ བྱེས་ཀྱི་དཔལ་ལྡན་སྨན་རི་དགོན་དང་ཁྲི་བརྟན་ནོར་རྩེ་ཞེས།། མཁས་པའི་བྱ་བ་དྲུག་གིས་སློབ་ཚོགས་ཕྱི་ནང་ཀུན་ཏུ་སྤེལ།། མ་རུང་ལོག་རྟོག་སེལ་བའི་བདེན་པའི་རང་སྒྲ་ཆེ།། གཡུང་དྲུང་བོན་ཞེས་སྙན་པའི་དབྱར་རྔ་སྒྲོག་དེར་བསྟོད།། ༧ དཔལ་ལྡན་བླ་མ་རིགས་བརྒྱའི་ཁྱབ་བདག་མགོན།། མཛད་པ་བསམ་ཡས་བསྟན་པའི་སྲོག་ཤིངབཙུགས།། འཆད་རྩོད་རྩོམ་པའི་བཤད་སྒྲུབ་འཕྲིན་ལས་ཀྱིས།། དུས་འདིར་གཤེན་བསྟན་གསོ་མཛད་རྣམ་གཉིས་འདུད།། ༧ རྒྱལ་བ་གཉིས་པའི་རྒྱལ་ཚབ་དཔོན་གསས་བླ་མ་ཁྲི་འཛིན་རྗེ།། ལྷ་དང་སྲུང་མའི་ནུས་མཐུས་བསྟན་འགྲོའི་བླ་ན་མངའ་གསོལ་བཞིན།། བསླབ་གསུམ་ངུར་སྨྲིག་འདུས་པའི་ཕྱི་ནང་འདུལ་བའི་བཅའ་ཁྲིམས་གཞུང་།། རྟག་ཏུ་མི་ཉམས་འཛིན་སྐྱོང་སྤེལ་མཛད་མཚུངས་མེད་བླ་མར་བསྟོད།། ༧ རྒྱལ་བསྟན་འཇིག་ལ་ཉེ་བའི་གཉན་འཕྲང་དུས་སྐབས་དེར།། ཟོལ་མེད་ལྷག་བསམ་དྲི་མེད་རང་བསྟན་སྲི་ཞུ་ཁུར་བཞེས་ཏེ།། མཁས་པའི་བྱ་བ་དྲུག་གིས་སློབ་ཚོགས་དུ་མར་ཤེས་རྒྱུད་བཀྲོལ།། རྒྱལ་བ་སྨན་རིའི་ཡོངས་འཛིན་ཁྱེད་ནི་བསྟན་པའི་གསལ་བྱེད་སྒྲོན།། ༧  རིང་ནས་དཔོན་གསས་བླ་མར་བསྙེན་བྱས་ནས།། རང་དོན་ཉམས་བཞེས་གཞན་དོན་འཆད་ཁྲིད་ཀྱིས།། རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་མེད་དེ།། རྒྱལ་བའི་སྐུ་ཚེར་བརྟན་པའི་སྨོན་ལམ་ཞུས། ཞེས་ཞང་ཞུང་ས་ཡི་ཆར་ལ་དྭགས་ནས་ལུང་རིག་ཉི་མས་ ༢༠༡༦//༣ ཉིན་གུས་ཕུལ།

སྙིང་ཁོངས་ནས་བརྡོལ་བའི་ཆབ་རྒྱུན།

རྩོམ་པ་པོ་དགེ་བཤེས་བསོད་ནམས་ཚུལ་ཁྲིམས། སྐྱངས་ཚང་དགོན།

༧ རྒྱལ་གཤེན་བསྟན་པ་མར་ཞིའི་ལྷུན་པོ་ལ།། མཁན་སློབ་ཉི་ཟླའི་གཟི་བྱིན་འོད་འབུམ་གཡོས།། སྨིན་གྲོལ་སྣང་བ་དཀར་པོ་འཇིག་རྟེན་ཁྱབ།། བསྐལ་བཟང་པད་ཚལ་རྒྱས་པའི་བཀའ་དྲིན་དྲན།། ༧ ཉི་ཤུའི་དུས་ཀྱི་གཉན་འཕྲང་ཐོག་སེར་གྱིས།། རྒྱལ་བསྟན་སྙེ་མའི་ཚལ་ཆེན་འཇོམས་པའི་སྐབས།། འཆི་གསོན་ཁྲོད་ནས་གཤེན་བསྟན་མེ་རོ་བསླངས།། རྔུལ་ཆུས་ཐིག་པས་བོན་ཕྲུག་ས་བོན་གསོས།། ༧ མཐོང་ན་མི་འདོད་ཐོས་ན་མི་སྤྲོ་བའི།། གཤེན་བསྟན་རྒྱལ་སྲས་སྤྲང་ལ་འཁྱལ་བ་དེ།། སླར་ཡང་གདོང་ལྔའི་ཁྲི་ལ་རབ་བཏེགས་མཁན།། དོན་གྱི་འཛངས་བློན་མཁན་སློབ་ཉི་ཟླ་གཉིས།། ༧ ཐེག་པ་རིམ་དགུའི་ནོར་བུ་རྡུལ་ཁྲོད་ནས།། ལེགས་བླངས་སྲི་ཞུ་བསྐུར་སྟི་ཆེན་པོ་ཡིས།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རྩེར་བཀོད་དེ།། སྨིན་གྲོལ་མཆོག་གི་དངོས་གྲུབ་ཆར་དུ་བསྙིལ།། ༧ ཐོབ་གསར་སྨན་གྱི་རི་ལ་སེང་ཆེན་འགྱིང་།། མཁྱེན་རྩེ་ནུས་པའི་རྩལ་གསུམ་ལུས་ལ་རྫོགས།། ལུང་རིག་གཡུ་རལ་ཁུར་བའི་སེང་ཁྱུ་ཡིས།། ཕྱོགས་ཀྱི་རྒོལ་ངན་རི་སྐྱེས་ཟིལ་གྱིས་ནོན།། ༧ ཀླུ་རིའི་དཔག་བསམ་ཤིང་ལ་ཁྱུང་ཆེན་ལྡིང་།། དོན་གཉིས་ཕུན་སུམ་ཚོགས་པའི་རྭ་དབལ་རྣོ།། བླ་མེད་ལྟ་བའི་གཤོགས་རླབས་འུར་རྒྱང་གིས།། ཐེག་དམན་ལྟོ་འགྲོའི་རིགས་རྣམས་ཀླད་པ་འགེམ།། ༧ རྒྱ་བལ་གདུལ་བྱའི་ཞིང་ས་གཤིན་པོ་རུ།། བོན་བསྟན་འབྲུ་སྙེའི་ས་བོན་རབ་བསྐྲུན་ནས།། འཛམ་གླིང་ལས་ཅན་གཏན་བདེའི་ལེགས་སྐྱེས་སུ།། སྦྱིན་པའི་བདག་པོ་མཁན་སློབ་ཐུགས་རྗེ་ཅན།། ༧ མདོར་ན་ཉེར་གཅིག་དུས་སུ་བོན་བསྟན་གྱི།། ཡོད་ཚད་དངོས་ཤུགས་རྒྱུད་གསུམ་གང་ནས་ཀྱང་།། མཆོག་ཟུང་མཛད་རྗེས་དག་ལ་མ་འབྲེལ་མེད།། གྱེར་ཚང་དྲོད་ཁོལ་སྦྱིན་པའི་ཕ་མ་ཉིད།། ༧ མཁན་སློབ་མཛད་རྗེས་རྒྱ་ཆེ་ནམ་མཁའ་དང་།། མཁན་སློབ་མཛད་རྗེས་འདོད་འབྱུང་ས་གཞིའི་གཏེར།། མཁན་སློབ་མཛད་རྗེས་རྒྱུན་མེད་ཆུ་བོའི་རླབས།། མཁན་སློབ་མཛད་རྗེས་གསལ་བའི་ཉི་ཟླ་འོ།། ༧ མ་འོངས་སྲིད་པ་འཁོར་བ་མ་སྟོང་བར།། བསྟན་པའི་མངའ་བདག་མཁན་སློབ་ཉི་ཟླ་ཟུང་།། གཡུང་དྲུང་སྐུ་ལ་རྡོ་རྗེའི་ཚེ་སྲོག་བརྟན།། མི་འགྱུར་མི་ཤིག་རྟག་ཏུ་བརྟན་པར་ཧྲུན།། ༧ ཞེས་མཚུངས་བྲལ་རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་བརྟན་བཞུགས་སྐབས་སུ་མདོ་སྨད་ཤར་སྐྱངས་ཚང་དགོན་གྱི་བཤད་སྒྲུབ་འདུས་སྡེ་ཡོངས་ཀྱི་གསོལ་བ་བཏབ་དོན་བཞིན་དགེ་མིང་པ་བསོད་ནམས་ཚུལ་ཁྲིམས་ཀྱིས་སོར་བཅུའི་འདབ་མ་བདེ་འཁོར་ལ་སྦྱར་ཏེ་ཕུལ།།

དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།།

རྩོམ་པ་པོ། དགེ་བཤེས་འཕགས་མཆོག་སེམས་དཔའ།

༧ མཐོ་སྒང་དབལ་སོ་ར་བའི་ནང་ལོགས་ན།། རབ་བརྒྱད་སྟོན་པ་ཕེབས་པའི་ལོ་རྒྱུས་སྣང་།། གྲོལ་ཐོབ་སྐྱེས་ཆེན་དུ་མའི་གྲགས་སྙན་འབར།། ཡིན་ཡང་བགྲེས་སོང་ཟུང་གི་མཛད་རྗེས་དྲན།། ༧ ཐེག་ལྡན་ས་གཞི་ཆེན་མོའི་ཡོངས་རྩེ་དང་།། གོ་འབྱེད་ནམ་མཁའ་སྔོན་པོའི་མར་འོག་ན།། བཤད་ན་མི་ཚར་བརྗོད་ཀྱང་མི་ལོངས་བའི།། ལོ་ལོན་བགྲེས་སོང་ཟུང་གི་རྟོགས་བརྗོད་ཡོད།། ༧ ཟོལ་མེད་གཏམ་གྱིས་ཆ་ཙམ་གླེང་བ་ལ།། རང་མཐོང་ཅན་གྱི་ཁེངས་པ་མ་སློང་ཞིག། ཚུལ་འཆོས་ཅན་ཚོའི་མཚང་ལ་མ་ཕོག་ཅིག། རང་རང་གང་མོས་ཕྱོགས་སུ་གང་དགའ་མཛོད།། ༧ མ་མཇལ་ཡི་དམ་ཞལ་མཐོང་གསུངས་མྱོང་མེད།། མ་མཐོང་ལྐོག་གྱུར་མངོན་ཤེས་བཤད་མྱོང་མེད།། མ་གྲུབ་གྲུབ་ལོས་རྫུན་མགོ་སྐོར་མྱོང་མེད།། དྲང་བདེན་ལམ་ནས་ཡོང་བའི་བགྲེས་སོང་ཡིན།། ༧ ཆེ་བའི་རུས་རིགས་སྣེ་ལ་འཇུས་མྱོང་མེད།། བཟང་པོའི་གོང་མའི་རྣམ་སྤྲུལ་རྔམ་མྱོང་མེད།། མཐོ་པོའི་གོ་གནས་ཐོབ་ཐང་རྩོད་མྱོང་མེད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ གཡོག་འཁོར་འབངས་བཅས་ཁྱིམ་གཞིས་སྐྱོང་མྱོང་མེད།། དཔའ་དང་དཔུང་གིས་དབང་ཤེད་བྱས་མྱོང་མེད།། གཡོ་དང་ཐབས་ཀྱིས་བསླུ་བྲིད་བྱས་མྱོང་མེད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ ནོར་དང་ལོངས་སྤྱོད་ཆེད་བསྙེགས་བྱས་མྱོང་མེད།། སྙན་དང་གྲགས་པའི་རྗེས་སུ་འབྲང་མྱོང་མེད།། གཉེན་དང་ཉེ་འབྲེལ་ངོ་སྲུང་བྱས་མྱོང་མེད།། དྲང་བདེན་ལམ་ནས་བསྙེགས་པའི་བགྲེས་སོང་ཟུང་།། ༧ མཐོ་པོའི་དཔོན་ལ་སྤྲེལ་ལད་འཁྲབ་མྱོང་མེད།། དམའ་མོའི་གཡོག་ལ་རྡུང་རྡེག་གཏོང་མྱོང་མེད།། བར་གྱི་སྡེ་ལ་གཉའ་ཁྲལ་བཀོལ་མྱོང་མེད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ བསྟན་དང་འགྲོ་བའི་ཆེད་དུ་ཞུམ་མྱོང་མེད།། འཛིན་སྐྱོང་སྤེལ་བའི་དོན་ཆེན་བརྗེད་མྱོང་མེད།། རྣམ་ཀུན་བཅས་པའི་ཁྲིམས་ལས་འདའ་མྱོང་མེད།། དག་པའི་ལམ་ནས་ཡོང་བའི་བགྲེས་སོང་ཟུང་།། ༧ སྔོན་བསགས་བཟང་པོའི་ལས་འཕྲོ་སད་ནས་ཡོད།། མཚན་ལྡན་བཤེས་གཉེན་ཚུལ་བཞིན་བསྟེན་ནས་ཡོད།། ཟབ་མོའི་གཞུང་ལ་ཐོས་པ་བྱས་ནས་ཡོད།། དྲང་བདེན་ལམ་ནས་ཡོང་བའི་བགྲེས་སོང་ཟུང་།། ༧ བསམ་པས་བླང་དོར་མ་རྨོངས་ཕྱེད་ནས་ཡོད།། སྒོམ་པས་གྲུབ་མཐའི་སྙིང་པོ་དབབ་ནས་ཡོད།། ཐོས་བསམ་སྒོམ་པའི་ཤེས་རབ་རྒྱས་ནས་ཡོད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ འཆད་པས་དཀའ་བའི་གནད་དམིག་ཁྲོལ་ནས་ཡོད།། རྩོད་པས་རྒོལ་ངན་ལོག་རྟོག་འཇོམས་ནས་ཡོད།། རྩོམ་པས་རྒྱལ་བསྟན་གསལ་བྱེད་ནུས་ནས་ཡོད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ བྱམས་དང་སྙིང་རྗེས་ཐུགས་རྒྱུད་བརླན་ནས་ཡོད།། སེམས་བསྐྱེད་མ་བཞིས་ལས་ལ་ཞུགས་བཞིན་ཡོད།། གཞི་མ་སྟོང་པའི་རྒྱས་གདབ་མཁྱེན་ནས་ཡོད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ སྐུ་ཚེར་བསྟན་པའི་ཞབས་ཞུ་འབྱོར་ནས་ཡོད།། གསུང་གིས་འཆད་ཁྲིད་ཆུ་རྒྱུན་མ་ཆད་ཡོད།། ཐུགས་གཏད་རིག་པ་རང་བབ་སྐྱོང་ནས་ཡོད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ ལུང་དང་རིག་པའི་གོ་ཆ་བགོས་ནས་ཡོད།། ཉོན་མོངས་འཁོར་བའི་གཡུལ་ངོ་བཟློགས་ནས་ཡོད།། མྱང་འདས་བཙན་པོའི་རྒྱལ་ས་ཟིན་ནས་ཡོད།། དྲང་བདེན་ལམ་ནས་ཕེབས་པའི་བགྲེས་སོང་ཟུང་།། ༧ བསྟན་པའི་པད་ཚལ་རྒྱས་པའི་ཉི་མ་ཟུང་།། བསྟན་འཛིན་མཁས་གྲུབ་གཙུག་རྒྱན་རྣམ་དག་ཟུང་།། བསྟན་མཆོག་གཡུང་དྲུང་བོན་གྱི་མཛེས་རྒྱན་དང་།། བསྟན་དད་བོན་འབངས་མགོན་དུ་རྟག་བརྟན་ཤོག།

དུང་ཟླ་དཀར་པོའི་གཟི་བྱིན་སླར་ཡང་གླེང་།།

རྩོམ་པ་པོ་དགེ་བཤེས་བླ་འཕུར་ལྷུན་འགྲུབ་རྒྱ་མཚོ། ཨ་རི།

༧ རྒྱལ་ཀུན་གསང་གསུམ་འོད་ཀྱི་འཁོར་ལོ་གཅིག་ཏུ་འཛུམ་པའི་གོང་བུ་ལས།། མཁྱེན་དཔྱོད་ཟླ་དཀར་རླབས་ཀྱི་ཕྲེང་བ་སྐྱེ་རྒུའི་ཕྲག་པར་འཛུམ་པའི་གཟི།། གསོ་བྱེད་སྨན་གྱི་ལོ་མས་མཛེས་པའི་དབེན་པའི་གནས་ཀྱི་རྩེར་འཕགས་ཏེ།། བཀའ་གསུང་བོན་གྱི་སྒོ་བརྒྱ་འབྱེད་མཛད་སྨྲ་སེང་བླ་མར་བརྟན་བཞུགས་གསོལ།། ༧ སྙིགས་མའི་རྒུད་པ་གདོང་དུ་ཕྱོས་པས་རྒྱལ་གཤེན་མིག་ཆུས་སྦང་བའི་སྐབས།། བརྩོན་འགྲུས་ལྕགས་ཀྱི་རྟ་ཕོར་ཞོན་ཏེ་ཨུ་ཚུགས་ལ་རྒྱས་སྲབ་ལ་འཐམས།། མཐའ་ཡངས་ཤེས་བྱའི་ཐང་ཆེན་བརྒལ་ནས་གཞུང་ལུཊ་བརྒྱ་ཡི་གསང་བ་རྟོལ།། སྨྲ་བའི་སེང་གེའི་མཚན་གྱི་ཅོད་པཎ་ལྷ་ཆེན་ཚངས་པས་ཁྱེད་ལ་གཏད།། ༧ སྐལ་བཟང་དཔྱིད་དཔལ་མེ་ཏོག་ཕྲེང་བས་གནམ་ས་སྦྲེལ་བའི་དུས་བཟང་འདིར།། ལྷ་དང་བཅས་པས་འགྲོ་བ་ཀུན་གྱིས་བཀའ་དྲིན་གཞལ་མེད་གསེར་རིའི་ཕྲེང་།། དད་གསུམ་སྙིམ་པའི་རྩེ་མོར་མངོན་བཞིན་ཀི་བསྭོ་དབྱངས་ཀྱིས་སྣེ་དྲངས་ཏེ།། སྲིད་གསུམ་རྒྱལ་བའི་ཅོད་པཎ་ཆེན་པོ་སྟོང་གསུམ་མཆོད་པའི་ཡོན་ཏུ་འབུལ།། ༧ གང་སྐུ་ཟླ་དཀར་འོད་ཀྱི་དཀྱིལ་འཁོར་འགྲོ་ཀུན་རྒྱ་མཚོའི་དཔལ་ཡོན་དང་།། ཁྱད་པར་རང་ཅག་བོན་འབངས་བྱེ་བའི་སྙིང་གི་ཁུང་བུར་བཞུགས་པའི་བླ།། ཚེ་ཡི་རྒྱལ་པོའི་ཐུགས་རྗེས་མ་ཆུང་དཔོན་གསས་བླ་མའི་སྐུ་གསུང་ཐུགས།།། གཏན་དུ་མི་འགྱུར་གཡུང་དྲུང་ཁམས་སུ་རྟག་ཏུ་འཛུམ་པའི་བཀྲ་ཤིས་ཤོག། བལ་ཡུལ་རྒྱལ་ས་ནས་ཆུ་ཚོད་གཅིག་གིས་སླེབས་པའི་གནས་ཆེན་ན་གྷར་ཁོར་ཏྲི་ཞེས་པའི་ནགས་སུལ་ནས་བྱ་འཕུར་བླ་མིང་བས་ཐུན་མཚམས་སུ་བསྡེབས་ཏེ་དྲ་ཐོག་ཏུ་ཐད་ཀར་བཀོད་པའོ། །

ཁྱེད་ཡིན།

རྩོམ་པ་པོ་དགེ་བཤེས་ཤེས་རབ།  ཀོ་རྒྱལ་དགོན།

༧ ས་རིམ་པ་བཅུ་ཕྲག་གི་གོང་དུ།། གཤེན་རྒྱལ་བའི་དཀྱིལ་འཁོར་རྣམས་གྲོས་དུས།། ལས་དག་པ་སྐལ་བཟང་གི་མེ་ཏོག། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ གནམ་རིམ་པ་བཅུ་གསུམ་གྱི་མཚམས་སུ།། ལྷ་ཆེན་པོ་བརྒྱ་བྱིན་སོགས་གྲོས་དུས།། རྗེ་བླ་མའི་རྗེས་འཇུག་ཏུ་བབ་པ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ ས་རིམ་པ་དུ་མ་ཡི་འོག་ཏུ།། ཀླུ་ཆེན་པོ་གཙུག་ན་སོགས་གྲོས་དུས།། བོན་ཟང་མ་གཡུང་དྲུང་གི་བདག་པོ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ ས་གོ་ལ་ཧྲིལ་པོ་ཡི་སྟེང་འདིར།། ཤེས་ཡོད་མེད་བརྒྱ་སྟོང་ཞིག་གྲོས་དུས།། ཚེ་འདི་ཕྱིའི་རེ་ལྟོས་ཀྱི་ལྷ་གཅིག། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ གནས་དག་པ་མཁའ་སྤྱོད་ཀྱི་ཞིང་དུ།། མ་མཁའ་འགྲོའི་བརྡ་ལུང་ལ་གཟིགས་དུས།། རྗེ་རྒྱལ་བ་གཉིས་པ་ཡི་རྒྱལ་ཚབ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ བོད་མདོ་དབུས་ཁམས་གསུམ་གྱི་ཁུལ་དུ།། བོན་འཆད་རྩོད་རྩོམ་གསུམ་ཞིག་དར་ཏེ།། དགོན་བཤད་སྒྲུབ་འདུས་སྡེ་རུ་ཆགས་པ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ རྒྱལ་ཕྱི་ནང་མི་རིགས་ཀྱི་བར་དུ།། མགོ་སེར་ནག་སེར་མོ་བར་མཛད་དེ།། བོན་གཡུང་དྲུང་དབྱངས་རྟ་རུ་ཡོད་པ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ ད་དུས་རབས་ཉེར་གཅིག་པའི་ནང་དུ།། བོན་བསྟན་པའི་ཀ་ཆེན་དུ་བཞེངས་ཏེ།། དགེ་བཤེས་གཉེན་གསེར་རི་བཞིན་བསྟར་བ།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ གཤེན་ཁྲི་གཙུག་རྗེས་འཇུག་གི་ནང་ལ།། སྔོན་གཙུག་གཤེན་རྒྱལ་བ་དང་མཚུངས་པ།། སྡོམ་རྨ་མེད་འཛིན་པ་ཡི་དྲང་སྲོང་།། དཔལ་རྒྱལ་བ་སྨན་རི་བ་ཁྱེད་ཡིན།། ༧ ངའི་གཙང་ཁྲིམས་ཉེར་ལྔ་ཡི་ཟེར་ཐག། མགོན་ཁྱེད་ཀྱི་འོད་ཁང་ནས་དྲངས་ཡོད།། ཁྱེད་གསང་གསུམ་མི་འཇིག་གི་གཡུང་དྲུང་།། རྟག་རྟེན་འབྲེལ་ངང་བརྟན་པའི་བཀྲ་ཤིས།། ༢༠༡༦  ༤ ༡༢ ཉིན་ཕུལ།

ཁྱེད་མཁྱེན།   

རྩོམ་པ་པོ་དགེ་བཤེས་ཤེས་རབ། ཀོ་རྒྱལ་དགོན།

༧ ལྷ་གཅིག་ཐུགས་ཀྱི་བསྟན་གཙོ་བླ་ཆེན་གྱི་དྲན་པའི།། སྐུ་གཅིག་གསུང་གི་བསྟན་འཛིན་རྨ་མེད་དུ་འཁྲུངས་པ།། རྗེ་གཅིག་མཉམ་མེད་ཆེན་པོའི་རིང་ལུགས་ཀྱི་རྐང་འཛིན།། སྐྱབས་གཅིག་སྙིགས་མའི་དེད་དཔོན་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་སྲས་ཀྱི་ཚུལ་དུ།། བདེན་གཉིས་བོན་གྱི་སྒྲ་བརྒྱ་ལྷ་ལམ་ནས་ལྡིར་བ།། ཚོགས་གཉིས་ཀློང་གི་ལྷ་མིའི་མདོངས་མཐའ་ལ་ཐིམ་ཞིང་།། བརྒྱད་གཉིས་ལང་ཚོའི་དཔལ་འབར་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ ཚད་གསུམ་བདེན་པའི་བཀའ་སྒྲོམ་འགུལ་བ་ཞིག་བྱས་ཏེ།། གསང་གསུམ་འཕྲུལ་གྱི་པོ་ཏི་ཡང་ཡང་དུ་བརྩེགས་ཤིང་།། བསླབ་གསུམ་བསྟན་པའི་སྒྲོན་མེ་ཐེངས་གཅིག་ཏུ་སྤར་མཁན།། ཁམས་གསུམ་རྨོངས་པའི་མུན་སེལ་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ ལས་བཞི་ལྷུན་གྱིས་གྲུབ་པའི་དགོངས་པ་ཡི་སྟོབས་ཀྱིས།། སྒོ་བཞི་མཛོད་ལྔའི་བསྟན་དོན་ཝ་ལེར་ངང་གསལ་བས།། ཚིག་བཞི་བོན་གྱི་འཁོར་ལོའི་གདམས་ངག་གི་བདུད་རྩིས།། སྐྱེ་བཞི་སྡུག་གི་དུག་འཇོམས་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ སྐུ་ལྔ་རྒྱལ་བའི་རྒྱལ་ས་དང་པོ་ལ་ཕེབས་ཀྱང་།། དུག་ལྔ་རྨོངས་པའི་འདོམ་རྫོབ་འཁོར་བ་ལ་བརྩེ་ཞིང་།། ལམ་ལྔ་ས་བཅུའི་ཡོན་ཏན་ལྷུག་ལྷུག་ཏུ་རྡོལ་བ།། རིགས་ལྔའི་ལྷ་ཡི་ལྷུན་པོ་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ གཞི་དྲུག་གཤིས་ཀྱི་ཡིན་ལུགས་སོ་མ་རུ་ཁུམས་ནས།། ལམ་དྲུག་སྒོམ་པའི་འོད་གསལ་རིས་མེད་དུ་འཆར་བའི།། འབྲས་དྲུག་བདེན་པའི་རྡོ་རིང་སྲིད་རྩེ་རུ་འགྲེང་བ།། རིགས་དྲུག་འདྲེན་པའི་འགྲོ་མགོན་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ སྡེ་བདུན་ཚད་མའི་དགོངས་རྟོགས་གསེར་རི་ཡི་ཟོམ་དུ།། ཁྲི་བདུན་རྒྱལ་གྱི་བརྗིད་ཆགས་ལི་ཁྲི་ཡི་ཐིག་ལེའི།། མཚོ་བདུན་གཏིང་གི་ཟབ་ལྟར་ཐུགས་རྗེ་ཡི་འོད་ཞགས།། ས་བདུན་ཡན་མན་འཁྱུད་པའི་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཟིལ་གནོན་གྱི་ཆེད་དུ།། མཐའ་བརྒྱད་སྐྱོན་གྱིས་དབེན་པའི་གཉུག་མ་ཡི་ཀློང་ནས།། དལ་བརྒྱད་འབྱོར་བཅུའི་མི་ལུས་གཙང་མ་ཞིག་བཞེས་ཏེ།། ཁམས་བརྒྱད་བོན་གྱི་རྒྱལ་པོ་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ ཐེག་དགུ་ལྟ་བའི་བྱང་ཆུབ་འཁྲི་ཤིང་གི་རྩེ་མོར།། འདོད་དགུ་གཏེར་གྱི་དངོས་གྲུབ་ཕུང་ཕུང་དུ་གཡོ་ཞིང་།། རབ་དགུ་སྟོན་པའི་དོན་ལས་རྔམ་བརྗིད་ཅུང་ཆེ་བ།། སྐྱེ་དགུར་བདེ་བའི་དབུགས་འབྱིན་ཡོངས་འཛིན་མཆོག་མཁྱེན་ནོ།། ༧ བསྟན་ལ་དཀར་བའི་གང་སྐུ་འཛམ་གླིང་གི་ཉི་མས།། འཛིན་སྐྱོང་སྤེལ་བའི་འཕྲིན་ལས་མཁའ་ཁྱབ་ཏུ་བདལ་བ།། རྣམ་གསུམ་བསྟན་པའི་མཛེས་རྒྱན་རྨ་མེད་དུ་གྱུར་ནའང་།། དག་པའི་སྐྱེས་བུར་ལྷ་སྲུང་སྡོང་གྲོགས་གང་མ་གཡེལ།། ༧ མི་ཤིགས་ལྷ་ཡི་སྲུང་གུར་དཀར་པོ་ཡི་ནང་དུ།། མི་འགྱུར་གསེར་གྱི་ཀ་ཆེན་གྱེན་ལང་བཞིན་བྱས་ཏེ།། མི་ནུབ་ཚེ་ཡི་རྒྱལ་མཚན་བསྐལ་བརྒྱ་ཡི་བར་དུ།། མི་འགྲིབ་བརྟན་པའི་ཚེ་དབང་རིག་འཛིན་དུ་གྱུར་ཅིག། ༢༠༡༦ ༤ ༡༡ ཉིན་ཁྱུང་ཤེས་རབ་ནས་ཕུལ།

ཉི་ཟླ་ཟུང་ལ་བརྟན་བཞུགས་ཞུ།

རྩོམ་པ་པོ། འོལ་མོ་གླིང་།

༧ དུས་རླུང་འཚུབ་མའི་སྐལ་ངན་དུ།། འཛམ་བུར་ཏོག་གི་རྒྱན་གཅིག་པུ།། མཁན་སློབ་ཉི་ཟླའི་དྲོད་རླབས་ལས།། འབངས་འཁོར་རང་དགའི་གནས་མལ་བསྐྲུན།། ༧ དུས་ཀུན་བརྣག་པའི་དགོངས་དབྱིངས་ལས།། ནགས་ཤོད་ལྷོ་མཐར་གནས་བཅས་ཏེ།། ཉག་ཕྲའི་བསྟན་པར་དབུགས་རྒྱུ་མཐུད།། སྐལ་ཁུག་གཅིག་གི་སྒྲོན་མེ་ཆེ།། ༧་སྐུ་ཚེ་གཅིག་གི་མཛད་བཟང་དུ།། བསྟན་དང་འགྲོ་བར་དམིགས་པོ་ཆེས།། ལུང་རྟོགས་བསྟན་སྲོག་བདག་གིར་བཞེས།། འཆད་རྩོད་རྩོམ་གྱི་འཚོ་བ་རོལ།། ༧ དགོངས་བཞེད་མཁྱེན་ཡོན་མ་མ་ལས།། བྱམས་བརྩེ་ས་ཁྲིད་སློབ་ནར་སོན་པའི།། བསྟན་འཛིན་སློབ་བུའི་སྐར་ཚོགས་བཞད།། མཁྱེན་ཡོན་སྟོང་གི་བྱིན་རླབས་འཁྱིལ།། ༧ དུས་མཐའི་མཉམ་མེད་བསྟན་པ་ཆེར།། བདག་གིར་བཞེས་པ་མཁན་སློབ་ཟུང་།། འདུལ་ཁྲིམས་སྔགས་སེམས་སྡོམ་པ་ཀུན།། མཁས་བཙུན་བཟང་འཛོམས་ཉིན་སྐར་ཙམ།། ༧ མདོ་སྔགས་སེམས་ཀྱི་གཞུང་ལུགས་ལས།། བཤད་བཀྲོལ་ཤིང་རྟའི་སྲོལ་འབྱེད་ཆེ།། མཁན་སློབ་ཟུང་གི་དགོངས་རླབས་ལས།། གང་སར་འཆད་རྩོད་གྲུ་ཆར་འཇོ།། ༧ བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་ལས།། ལྷ་སྐུ་ཕྲ་ཆེར་རྒྱན་རྫོགས་ཀུན།། བདེ་སྟོང་རླུང་སེམས་རྟ་བསྐྱོན་ནས།། ཟུང་འཇུག་སྒྱུ་མའི་སྐུ་བོར་བཞེངས།། ༧ བཀག་སྒྲིབ་ཅིར་ཡང་ལྟོས་མེད་ལམ།། འཇིག་རྟེན་གསུམ་པོའི་སྣང་ཡོན་ཀུན།། འབད་མེད་ལྷུན་གྱིས་རབ་རྫོགས་པ།། སྣང་སྟོང་མྱོང་གསུམ་རྫོགས་པ་ཆེ།། ༧ དགུང་གི་ཉི་ཟླ་ས་ལ་འཕོས།། ས་ཡི་རྩི་བཅུད་དགུང་ལ་འཕྱུར།། བར་གྱི་བསྟན་སྙིང་འབྲས་བུ་དུད།། དེང་གི་སྐལ་བཟང་བརྟན་བཞུགས་ཞུ།།

སེམས་ཀྱི་ཉི་ཟླ་རྣམ་གཉིས་རྗེས་སུ་དྲན།

རྩོམ་པ་པོ། ཧི་ལ་ཡི་རྒྱལ་སྲས།

སྐུ་ཡི་གཟི་མདངས་ཉི་ཟླའི་འོད་ཀྱིས་གླིང་བཞིའི་རྨོངས་པའི་སྨག་རུམ་སེལ། །

གསུང་དབྱངས་འགག་མེད་དཔྱིད་ཀྱི་དཔལ་མོས་འགྲོ་དྲུག་སེམས་ལ་བདེ་དགའ་སྦྱིན། །

ཐུགས་དགོངས་སྒྲིབ་མེད་འོད་གསལ་ལྟ་བས་སློབ་ཚོགས་བྱེ་བར་རང་ངོ་སྤྲོད། །

སེམས་ཀྱི་ཉི་ཟླ་གོ་ལའི་ལྗོངས་འདིར་བསྐལ་བརྒྱའི་བར་དུ་བརྟན་བཞུགས་གསོལ།

སེམས་ཀྱི་ཉི་ཟླ་ཆ་གཅིག

རྩོམ་པ་པོ།   ཞུ་ཚང་སྐལ་བཟང་རྒྱལ་མཚན།    (སྤུ་རྒྱལ་རིག་སློབ་ཁང་)

༧ མཐོ་སྒང་ཟུངས་ཁྲག་རྒྱུ་བ་ཆད་ལ་ཉེ་སྐབས། །གངས་ཀྱི་རུས་པ་དཀར་བའི་ཁྱེའུ་ཆ་ཞིག །སྲིད་པའི་གཏམ་རྒྱུད་འཆད་བཞིན་དོག་ལ་ཕེབས་དུས། །གྱེར་ཆེན་བསྭོ་ཡི་རང་སྒྲ་ཤུགས་ཀྱིས་གྲགས་སོང་།། ༧ པོ་ཏི་སྔོན་པོ་ཁུར་བའི་སྐྱེས་ཆེན་ཞིག་གི །གསེར་གྱི་སྐུ་གདུང་སེར་པོའི་མགུལ་ཆུ་དེ་ལ། །གཡུ་ཡི་གཡུང་དྲུང་རི་མོའི་བཀྲ་ཞིག་རྒྱབ་དུས། །སྲིད་པའི་རྔ་བོ་ཆེ་དེ་རྡུང་མཁན་སུ་ཡིན། །༧ གངས་ཀྱི་མུ་ཁྱུད་བྱས་པའི་ལྷ་ཁང་དེ་ལ། །བསད་དུད་སྤོས་དཀར་མཆོད་པས་དབུ་འཕང་བསྟོད་དུས། །རྒྱལ་གཤེན་དགྱེས་པའི་དྲི་བཟང་ཐོལ་གྱིས་འཕྱུར་བས། །གཤང་གི་ཅོང་བརྡ་ཐང་གསུམ་དཀྲོལ་བ་ཡིན་འདུག། ༧ དུང་ཤོག་གཡུ་རིས་བྲིས་པའི་ཡིག་འབྲུ་རེ་རེར། །སྲིད་པའི་གཏམ་རྒྱུད་སྙན་མོ་བསྟིམ་ནས་ཡོད་དུས། །མྱེས་པོ་གཡུ་རལ་ཅན་དེས་འཛུམ་མདངས་ཕྱུང་བ། །ཏི་སེ་གངས་དཀར་ཆེན་པོས་བདེན་དཔང་མཛད་འདུག། ༧ གནམ་སའི་འབྲེལ་ཐག་སྣེ་ཁ་ཆད་ལ་ཉེ་དུས། །འོད་ཀྱི་རྨུ་ཐག་དཀར་པོ་ལྷར་ཡང་མཐུད་པས། །གནམ་གྱི་ཀ་བ་གྲུ་བཞི་ས་ལ་ཟུགས་འདི། །དུས་ཀྱི་སྟོན་པ་ཟུང་གི་བྱིན་མཐུ་ཡིན་པ།། ༧ དུས་ཀྱི་རླུང་ཚུབ་དྲག་པོའི་སྟོབས་ཤུགས་འོག་ནས། །གསེར་གྱི་ལྷ་ཁང་གདུང་མ་འགྱེལ་ལ་ཁད་དུས། །ལྷོ་མཐའི་ནགས་འདབས་ཤིག་ནས་ཤུགས་ཀྱིས་འདེགས་པའི། །གསེར་གྱི་རི་བོ་ཁུར་བའི་གྱད་མི་ཟུང་གཅིག། ༧ འོད་ཀྱི་ཞགས་པ་སེར་པོ་གཡུག་ཐེངས་ཤིག་ལ། །མུན་པའི་ཁང་ཆུང་དེ་ཉིད་ཝལ་གྱིས་བསལ་བས། །གནམ་སའི་རྒྱ་ཁྱོན་གཞལ་བའི་ཤེས་རབ་བསྣམ་སྟེ། །རྒྱལ་ཁམས་ཏི་སེའི་འོད་ཀྱིས་བཀང་བར་གྲགས་སོ།། ༧ སེམས་ཀྱི་ཉི་ཟླ་ཟུང་གི་འོད་ཆེན་དེ་ཉིད། །དགྱེས་འཛུམ་བརྩེ་བ་ཆེན་པོས་ཀླད་ནས་འཆར་དུས། །མི་ནུབ་གཡུང་དྲུང་ལང་ཚོ་རྟག་ཏུ་འཆང་སྟེ། །བསྐལ་པའི་མཐའ་རུ་བརྟན་པའི་རེ་སྨོན་ཞུ་འོ། །

ཡིད་ཀྱི་རོལ་པ།

རྩོམ་པ་པོ། ལྡོང་སྐལ་བཟང་།

༧ གང་ཉིད་དེ་ལ་དང་བས་ཕྱག་བགྱི་ནས།། ས་གསུམ་མཆོད་པའི་ཡོན་ཆབ་ཆེར་བཏེགས་ཀྱིས།། བླ་མེད་བློ་ཡིས་དགྱེས་པའི་ཚིག་གི་གཏེར།། གློག་འཕྲུལ་ཟླ་བའི་རྡུལ་གྱིས་སྟེང་ཀ་བཤམས།། ༧ རྒྱལ་གཤེན་བསྟན་པའི་ཞལ་བསུངས་ངད་པོ་ཆེ།། དྲི་བྲལ་རིག་པའི་ལམ་ནས་ཆེར་དྲངས་ཤིང་།། མི་བཟད་གོ་ལའི་ཕྱོགས་མཐར་བདལ་བ་ཡི།། རྗེ་གཅིག་སྨན་སློབ་ཡིད་ཀྱི་རོལ་པ་མཆོག། ༧ བརྒྱད་ཅུ་སྤུངས་དང་དགུ་བཅུ་བརྩེགས་པ་ལྟའི།། བསོད་ནམས་མར་མེ་བརྒྱ་མཆོད་འོད་དཀར་ཅན།། སྐྱེ་རྒུ་འགྲོ་བའི་མཁའ་རུ་འཆར་བ་འདི།། གངས་ཅན་བདེ་བའི་དཔལ་དུ་ལེགས་པར་གསོལ།། ༧ འགྱུར་མེད་སྐུ་མཆོག་དགུ་བཅུའི་ཚེམས་འཕྲེང་དགོད།། སྒྲིབ་མེད་ལང་ཚོ་བརྒྱད་ཅུའི་དཔེ་བྱད་རྫོགས།། བཅུ་དྲུག་གཞོན་ནུའི་ཁེང་པ་སྙེམ་བྱེད་པའི།། རྗེ་གཅིག་སྨན་སློབ་ཡིད་ཀྱི་རོལ་པ་མཆོག། ༧ གངས་རིའི་ཕྲེང་བསྟར་མཛེས་པའི་མཁའ་དབྱིངས་སུ།། མཁན་སློབ་ཉི་ཟླའི་ཟེར་བརྒྱ་ཡུན་བརྟན་པ།། གཡང་རྟེན་དགུ་ར་དགུ་འཁྱུད་ལྡན་པ་ཡི།། བསོད་ལྡན་བོད་མིའི་དཔལ་དུ་ལེགས་པར་གསོལ།། ༧ མཆོད་པ་རྣམ་ལྔའི་གྲངས་དང་ལྡན་པ་ཡི།། ཡིད་ཀྱི་རོལ་པ་ངག་གིས་བརྒྱན་པ་འདི།། སྲོལ་རྒྱུན་ཚིགས་སུ་བཅད་པའི་ལམ་འགྲོས་ཀྱིས།། མཛུབ་མགོའི་མཆོད་པར་ཕུལ་འདི་དགེ་འགྱུར་ཅིག། བཀྲ་ཤིས། ཞལ་དྲོ། བྱིན་ཆེ། དགེ་འོ།།  རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་ཟབ་མོ་འགྲུབ་པའི་སྨོན་འདུན་བོན་འབངས་ཡོངས་ཀྱིས་འདེབས།། 2016/4/9

བཀའ་དྲིན་སྙིང་ནས་ཆེ་ཞུ།།

རྩོམ་པ་པོ། རིག་ཁུག

༧ ཚུལ་གྱིས་གཙུག་གཤེན་རྒྱལ་བའི་སྤྱོད་པ་འཛིན།། ཁྲིམས་ཀྱིས་ཁྲི་གཙུག་རྒྱལ་བའི་ནང་ཁྲིམས་འཆང་།། གསང་ཆེན་གསང་བ་འདུས་པའི་ལྟ་དགོངས་ཅན།། རྒྱུད་གསུམ་མདོ་འཛིན་རྒྱལ་བ་སྨན་རིར་འདུད།། ༧ བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་དགོས་ཞེས།། ཞང་ཞུང་མཁས་པའི་བཀའ་ཡི་ལུང་བསྟན་འདིས།། དུས་གསུམ་བོན་ལ་ལུང་སྟོན་བྱས་པ་བཞིན།། ང་ཚོས་ང་ཚོར་སྐྱོང་བ་ལམ་གྱི་གནད།། ༧ ཞིབ་འཇུག་མཁས་པས་དངོས་ཁམས་རིག་པ་བདར།། གནའ་རྫས་རྙིང་པས་དོན་དངོས་སྐད་ཅ་བཤད།། ཕ་དང་བོན་ལ་ཞེ་རྩ་འཁྲུག་ན་ཡང་།། བདེན་པའི་བསྭོ་སྒྲ་མ་ཉན་རང་ཉན་རེད།། ༧ ཤར་ཕྱོགས་དུང་རིའི་འདབས་ནས་མཁྱེན་དཔྱོད་འབར།། ལྷོ་ཕྱོགས་ཧིམ་ལའི་གསེང་དུ་གདན་ས་བཟུང་།། བྱང་ཕྱོགས་བོད་མིའི་བུ་སློབ་འདུས་སྡེ་བསྐྱངས།། ནུབ་ཕྱོགས་རྒྱལ་ཁམས་ཡུལ་ནས་མཐུན་རྐྱེན་བཙལ།། ༧ ཁྱེད་ནི་བདེན་པ་བོན་གྱི་ཉི་མ་སྟེ།། ཤར་ནུབ་བོན་པོའི་འོད་ཀྱིས་ཁྱབ་པར་བྱས།། ཁྱེད་ནི་ཞི་བསིལ་གཤིས་འཇམ་ཟླ་བ་སྟེ།། སྐྱེ་དགུ་སྡུག་གི་ཚ་གདུང་སེལ་བར་བྱས།། ༧ ཞི་བའི་གསུང་གིས་གདུལ་བྱར་སྤྲོ་བ་སྐྱེད།། འཛུམ་པའི་ཞལ་གྱིས་ཐུགས་ཀྱི་བྱམས་བརྩེ་མཚོན།། བསྟན་དོན་སྐྱོ་བ་མེད་པའི་མཛད་པ་ཅན།། བོན་གྱི་སྟོན་པ་རྒྱལ་བ་སྨན་རི་བ།། ས་སྟེང་སྟོན་པ་མཆོག་གི་ཞབས་བརྟན་ཤོག  །རིག་པའི་ཁུ་བྱུག་གིས་སྤྱི་ཟླ་༠༤པའི་ཚེས༡༠གཟའ་ཉི་མའི་སྔ་དྲོར་བྲིས་ཏེ་དཔལ་ཁྲི་བརྟན་ནོར་རྩེའི་རང་ཤག་ནས་བཏེགས།།

མཁའ་དབྱིངས་ཀྱི་ཉི་ཟླ།

རྩོམ་པ་པོ། ཁྱུང་གཤོག

མཁའ་དབྱིངས་ནས་འོད་མཚེར་བའི། ཉི་ཟླ་ཟུང་། ཁྱེད་གཉིས་ཀྱི་ཐུགས་སྟོབས། དཀའ་སྡུག་གི་ལོ་ཟླའི་ཁྲོད། གྲང་ངར་གྱི་ལྷག་རླུང་ཅི་ལྟར་རྒོད་ཀྱང་། ཞུམ་པ་མེད་པའི་ངེས་དོན་གྱི་དཔའ་བོ།

ཉི་ཟླ་ཟུང་། ཁྱེད་གཉིས་ཀྱི་ཐུགས་དབྱིངས་ནས། བྱམས་རྩེའི་འོད་མདངས་འཕྲོས་པས། ཤེས་རིག་གི་ཟེར་ཐག་དེས། འཛམ་གླིང་གི་མུན་པ་སེལ།

ཉི་ཟླ་ཟུང་། ཁྱེད་གཉིས་ཀྱི་ཐུགས་རྒྱུད་ལ་མངའ་བའི། གདམ་ངག་གི་གྲུ་ཆར་ནི། གཤེན་བསྟན་གྱི་པད་མོའི་རྒྱན། ཅི་འདྲའི་ཉམས་དགའ་བ་ལ།

ཉི་ཟླ་ཟུང་། ཁྱེད་གཉིས་ཀྱི་སྐུ་མཆོག་མཚན་དཔེའི་མེ་ཏོག་གི ཟེའུ་འབྲུ་ལ་འཁོར་བའི་རྐང་དྲུག་གི་ཁྱུ་ཚོགས། གནས་ལྔའི་རྩི་བཅུད་ཀྱིས་བཟི་ནས། ཟ་ཟིར་གྱི་གླུ་སྒྲ་ཤར་ནུབ་ཀུན་ལ་སྒྲོག་པ་འདི། ཅི་འདྲའི་ངོ་མཚར་ཆེ་བ་ལ།

ཉི་ཟླ་ཟུང་། ཁྱེད་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན། སུས་ཀྱང་མི་དཔོག་ལ། གང་གིས་ཀྱང་གཞལ་མི་ནུས་ན་ཡང་། དད་འདུན་གྱི་སྨོན་ཚིག་འབུལ་ལ་སྤྲོ།

ཉི་ཟླ་ཟུང་། རང་ཅག་བོན་འབངས་ཡོངས་ཀྱི། རེ་བའི་ཐལ་མོ་སྙིང་ཁར་སྦྱར་ཏེ། ཡིད་རངས་མཆོད་པའི་སྤྲིན་ཚོགས་བཏེགས་ནས། གསོལ་བ་ཕུར་ཚུགས་སུ་འདེབས་སྙིང་། ཁྱེད་གཉིས་སྤྱིར་འཇིག་རྟེན་གྱི་ཁམས་འདིར། སྡུག་བསྔལ་གྱིས་མནར་བའི། ཉམས་ཐག་གི་སེམས་ཅན་དག འཁོར་བ་ལས་སྒྲོལ་བ་དང་།

སྒོས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཕྱིར། བསྟན་འགྲོའི་མགོན་དུ་ངལ་བ་མེད་པར། ཇི་སྲིད་སེམས་ཅན་གནས་ཀྱི་བར། དེ་སྲིད་འཁོར་བ་མ་སྟོང་གི་བར་དུ། མི་འགྱུར་གཡུང་དྲུང་གི་ཁྲི་རུ། སྐུ་ཚེ་བསྐལ་བརྒྱའི་བར་དུ་བཞུགས་པའི་ཤིས་སྨོན་ཞུ།།

མཁན་སློབ་རྣམ་གཉིས།

རྩོམ་པ་པོ། ལྡོང་མེ་སྟག

༧ མདོ་ཁམས་ཡུལ་ནས་ལང་ཚོའི་འདབ་ལོ་རྒྱས།། དབུས་གཙང་ཞིང་ནས་བཅུ་རིག་འབྲས་བུ་སྨིན།། འཕཌ་པའི་ཡུལ་དུ་འཕྲིན་ལས་དྲི་བསུང་འཐུལ།། འགྲན་པའི་ཟླ་བྲལ་མཁན་སློབ་གཉིས་ལ་འདུད། ༧ བན་བོན་གྲུབ་མཐའི་ཆཌ་སྡང་མི་རྩོད་ཅིང་།། དམར་སེར་གོས་ཀྱི་བཟང་ངན་མི་གླེང་ནས།། ཁ་བ་གངས་རིའི་ལྗོངས་ཀྱི་རིག་གཞུང་འདི།། མི་ཉམས་གོང་འཕེལ་གཏོང་བའི་སྐྱེས་ཆེན་ཡིན།། ༧ རིགས་དང་རུས་པས་གོང་དུ་བཀུར་བ་མིན།། ཐོབ་དང་གོ་སས་བཙན་ས་བཟུང་བ་མིན།། དཔལ་དང་འབྱོར་བས་ཁྲི་ལ་འཁོད་པ་མིན།། བཅུ་ཕྲག་རིག་པའི་རྒྱལ་ས་ཟིན་པ་ཡིན།། ༧ ཁྱེད་ནི་སེམས་ཀྱི་ནོར་བུ་ཆ་གཅིག་ཡིན།། ཁྱེད་ནི་དགུང་གི་ཉི་ཟླ་ཆ་འགྲིག་ཡིན།། ཁྱེད་ནི་ས་ཐོབ་སངས་རྒྱས་རྣམ་གཉིས་ཡིན།། ཁྱེད་ནི་དོག་མོའི་སྟག་སེང་ཁ་སྤྲོད་ཡིན།། ༧ དུས་ཀྱི་འཚུབ་རླུང་ཇི་ལྟར་རྒོད་ན་ཡང་།། མེས་པོའི་ཕ་ནོར་སྲུང་ཞིང་སྐྱོབས་པའི་ཆེད།། ཚེ་སྲོག་འབེན་དུ་བཙུག་པའི་རྗེ་རྣམ་གཉིས།། སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་འདེབས།། ༢༠༡༦༠༣༠༦ཉིན་བྲིས།

བརྟན་བཞུགས་སྨོན་ཚིག་ཡིད་ཀྱི་མཆོད་པ།

རྩོམ་པ་པོ་དགྲ་ཟུན་ལྟ་བའི་ཟུར་མིག གཡུང་དྲུང་གླིང་།

༧ སྐུ་མཆོག་རི་རྒྱལ་ལྷུན་པོ་བསྟན་ཞིང་བརྗིད་ལ་དུས་ངན་ཤར་རླུང་ནག་པོས་ཆ་ཤས་ཙམ་ཞིག་གཡོ་བ་དབེན།། གསུང་མཆོག་འཕྲུལ་ངག་བོན་སྒྲ་སྙན་ཞིང་འཇེབས་ལ་ཤར་ནུབ་མི་རིགས་མང་པོའི་ཡུལ་གྲུ་ཀུན་དུ་འུར་འུར་གྲགས།། ཐུགས་མཆོག་བདེ་སྟོང་ལྷ་ལམ་ཡངས་ཤིང་བདལ་བས་ཟླུམ་གཟུགས་གོ་ལ་ཧྲིལ་བོར་མཚེ་མེད་ཞི་བདེའི་ལམ་ཆེན་བསྐྲུན།། བོན་གྱི་གོང་ས་ཆེན་པོ་མཁན་སློབ་ཉི་ཟླ་ཟུང་གི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ལང་ཚོའི་འཕྱོར་སྒེག་ངོམ་དུས་འདིར།། སྲིད་གསུམ་འཇིག་རྟེན་ཁྱོན་ན་ལྷ་མིའི་མཆོད་རྫས་གང་གིས་བཀྲ་ཤིས་དགུ་རྩེག་འབུམ་གྱིས་བསུ་བ་དེ་རིང་ཞུ།། བསྐལ་ཁུག་སྟོན་པ་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱའི་བར་དུ་མི་འཇིག་གདོང་ལྔའི་ཁྲི་རུ་བཞུགས་པར་གསོལ་སྨོན་འདེབས།། ཅེས་རུ་ལག་གཡུང་དྲུང་གླིང་གི་འདུས་སྡེའི་གྲལ་མཐའ་ནས། དགྲ་ཟུན་ལྟ་བའི་ཟུར་མིག་གིས་གུས་པས་ཕུལ།

དུས་ཀྱི་སྟོན་པ།

རྩོམ་པ་པོ། སྨྲ་ལྕེ།

༧ གཤེན་རབ་སྟོན་པ་ཡི་ཏིང་འཛིན་གཞུང་ན།། སྙིང་རྗེའི་མིག་ཀོང་གི་ཟླ་བའི་ཁ་འབྲས།། འཕྲུལ་གཤེན་ཡེ་ལྷ་ཡི་ཨ་ཡིག་ནང་གི། གཡུང་དྲུང་བརྡ་ཆད་ཀྱི་བོན་པོ་སྔོན་པོ།། ༧ ཆབ་ཀྱི་ཟེ་བ་ཡི་བདུད་རྩི་གཏོར་བའི།། གནས་ལུཊ་ཨ་དཀར་གྱི་འགྲོན་བུ་གདག་པའི།། རྒྱལ་གཤེན་བསྟན་པ་ཡི་པོ་ཏི་སྣོམ་པའི།། འཁོར་བའི་སྒལ་གཞུང་གི་ཡིད་ཀྱི་ཁྱེའུ།། ༧ སྲིད་པའི་རི་སུལ་གྱི་སྒང་ན་འོང་སྟེ།། འཁོར་བའི་ལ་ལུང་གི་མུན་པ་གཅོད་པའི།། ལམ་གྱི་ཐེམ་པ་ཡི་སྐས་ཀ་སྲིང་བའི།། སྲིད་པ་བོན་པོ་ཡི་ཉི་ཟླ་ཁྱེད་ཡིན།། ༧ བོན་གྱི་པེའུ་ཙེ་ཡི་རོལ་མོ་དཀྲོལ་ཏེ།།

བཀའ་པོད་གསེར་ཡིག་གི་འབྲུ་མ་ཐོགས་པའི།། བོན་གྱི་བོན་པོ་ཡི་རྔ་བོ་ཆེན་མོ།། སྲིད་པའི་འགྲོ་བ་ཡི་མགོན་སྐལ་ཡིན་པ།། ༧ ཏི་ཙེའི་རི་བོ་ཡི་རྒྱབ་ན་བཞེངས་པའི།། གཡུང་དྲུང་ལག་འཁྱུད་ཀྱི་ཆག་ཤིང་ཐོགས་པའི།། སྲིད་པ་དམུ་སྐས་ཀྱི་སྣེ་ནས་འོང་བའི།། བོན་གྱི་རྔོག་མ་འདི་ད་ཡང་གསོན་ཞིག། 2016 4 5

བསྟོད་ཚིག་དད་པའི་རང་མདངས།   

རྩོམ་པ་པོ། ཁྲི་གངས་ཆར།

༧ སྐུ་མཚན་པད་མ་དཀར་པོ་ལྷོ་གླིང་འཛིན་མའི་ཁྱོན་དུ་བཞད།། འགག་མེད་ཚངས་དབྱངས་དྲུག་ཅུས་ལས་ཅན་དུ་མ་ཕན་བདེར་བཀོད།། ཐུགས་ཀྱི་བརྩེ་བས་མ་དོར་ཉམ་ཐག་འགྲོ་ལ་རྟག་ཏུ་གཟིགས།། བསྟན་དང་འགྲོ་བའི་དོན་བྱེད་རྒྱལ་སྲས་རྣམ་གཉིས་སྐྱེ་དགུའི་དཔལ།། ༧ མཁས་བཙུན་བཟང་གསུམ་མངའ་བས་རྒྱལ་བསྟན་སྲིད་པའི་མཁའ་རུ་བསྒྲེངས།། གཞན་དོན་ལྷུར་བླངས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད།། གསང་གསུམ་མཛད་ཕྲིན་བསམ་གྱིས་མི་ཁྱབ་སོ་སྐྱེའི་བློ་ཡུལ་མིན།། བོན་གྱི་ཀ་ཆེན་རྒྱལ་སྲས་རྣམ་གཉིས་སྲིད་ཞིའི་དཔལ་དུ་བསྔགས།། ༧ གང་སྐུ་གསེར་རི་ལྷུན་པོ་རྣམ་གཉིས་ཞབས་ཟུང་པད་དཀར་འཁྱིལ་བའི་དྲུང་།། ཟབ་དོན་མན་ངག་ཧུབ་ཀྱིས་བཏུང་བའི་སློབ་བུ་གྲངས་མེད་ཅིག། རབ་འབྱམས་ཆེན་མོའི་མཚན་རྟགས་དངོས་སུ་སྤྱི་བོར་བསྩལ་གནང་ནས།། འཛམ་གླིང་ཤར་ནུབ་ཡོངས་ལ་བོན་བསྟན་མེ་རོ་སྤར་བ་རྣམ་གཉིས་དྲིན།། ༧ ལྷ་མིའི་བསྔགས་འོས་མཁས་པའི་མཆོག་གྱུར་འཛམ་གླིང་གོ་ལའི་རྒྱན།། ཤེས་རིག་ནོར་བུའི་བང་མཛོད་ས་སྟེང་མི་ཡིས་དོ་ཟླ་བྲལ།། བོན་གྱི་སྦྱིན་པ་ཞིམ་མངར་བདུད་རྩིས་སྐལ་ལྡན་བློ་མུན་སེལ།། རྒྱལ་བའི་བསྟན་བདག་རྣམ་གཉིས་མཛད་ཕྲིན་མཐའ་རུ་ཕྱིན་པར་ཤོག། ༧ བླ་མའི་ཡོན་ཏན་གཏིང་མཐའ་བྲལ་བ་མཐའ་ཡས་རྒྱ་མཚོའི་གཏིང་།། བདག་བློ་ཙ་མོ་ཉ་ཡིས་དཔོག་པར་འགྱུར་བ་མ་ཡིན་ཡང་།། འོན་ཏང་སྒོ་གསུམ་དད་པས་ཀུན་ནས་སློང་པའི་བསྟོད་ཚིག་འདི།། དྭངས་གཙང་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་མཆོད་པ་འབུལ།། ༧ བགྲང་བྱ་བཅུ་ཕྲག་དུ་མའི་རྟེན་འབྲེལ་ཉི་འོད་ཕྱོགས་མཐར་ཁྱབ།། རྒྱལ་བསྟན་པད་མོའི་ཚལ་ཆེན་རང་མདངས་མངོན་པར་རབ་ཏུ་བཞད།། བོན་འབངས་ཡིད་སེམས་དགའ་སྤྲོའི་སྣང་བས་བཀྲ་ཤིས་རྟེན་འབྲེལ་ཞུ།། མཁའ་མཉམ་འགྲོ་བའི་དོན་དུ་བསྐལ་བརྒྱར་བཞུགས་པའི་ཤིས་སྨོན་ཡིན།།

ཤིས་ཚིག་རྫ་བྱ་གོང་མོའི་མགྲིན་གླུ།

རྩོམ་པ་པོ་ཁྲི་ལྡེ།   ཀོ་རྒྱལ་དགོན།

༧ ཇི་ལྟར་ཇི་སྙེད་འཁོར་འདས་ཡོ་ཀ་དུས་གཅིག་སྒྲིབ་མེད་ས་ལེ་མཁྱེན།། མཁྱེན་རབ་སྤང་རྟོགས་མཐར་ཐུག་ཁྱེད་ཉིད་བརྒྱད་ཟུང་མཚན་དཔེ་རྟག་ཏུ་མཛེས།། མཛེས་པའི་ལྷ་གཅིག་ཟུར་ཕུད་ལྔ་པ་འགྲོ་ལ་རྗེས་ཆགས་བརྩེ་བའི་འཛུམ།། འཛུམ་མདངས་ཤིག་སེ་ཤེས་རབ་རལ་གྲིས་བདག་མགྲིན་རྩ་མདུད་བཀྲོལ་དུ་གསོལ།། ༧ ཀ་དག་གཡོ་མེད་དག་པའི་ཞིང་ན་སྐལ་སྟོན་སེམས་དཔའི་རྒྱལ་སྲས་ཉིད།། ཁ་དོག་མཚན་དཔེའི་གདོས་གར་བསྒྱུར་དུས་ཁ་བ་ཅན་གྱི་ཁ་འཛིན་བྱོན།། ག་ས་གང་དུ་རྒྱལ་བསྟན་སྤེལ་ཆེད་རྒྱལ་བ་གཉིས་པའི་རྒྱལ་སར་ཕེབས།། ང་ཅག་དུག་ལྔའི་ཚ་གདུང་སེལ་མཛད་བྱམས་བརྩེའི་གྲིབ་བསི༵ལ་སྨན་རི་བ།། ༧ ཅ་དངོས་སྒོར་མོའི་དུས་རབས་འདི་ལ་ཡོད་ཚད་ཅལ་འདྲོག་བྱེད་པའི་སྐབས།། ཆ་མེད་གྲོང་དང་གྲོང་ཁྱེར་གསེབ་ན་ཆོ་འཕྲུལ་སྣ་ཚོགས་སྟོན་པའི་རྗེས།། ཇ་ཁུའི་མདངས་འཛིན་ཟིལ་ཁུས་སྨྱོས་པའི་སྨྱོ་གར་བཤམ་སྟོན་བྱེད་པའི་དུས།། ཉ་གང་ཟླ་བའི་འོད་འཕྲེང་འཛུམ་པའི་རྡུལ་བྲལ་པ༵ད་དཀར་སྨན་རི་བ།། ༧ ཏ་ཐའི་རིག་གཞུང་རྒྱ་མཚོའི་འཇིང་ལ་མ་འདྲེས་སྤྱན་གྱིས་ས་ལེར་གཟིགས།། ཐ་སྙད་རྣམ་དཔྱོད་མེ་ཆར་རེ་རེས་མཐའ་འཛིན་ལོག་ལྟ་རྡུལ་དུ་བཏང་།། ད་གཟོད་གསུང་གི་བདུད་བརྩི་ཟབ་མོས་བཤེས་གཉེན་བརྒྱ་ཕྲག་ཐུགས་རྒྱུད་གསོས།། ན་གའི་མཛོད་ལ་འགྲན་ཟླ་འོས་པའི་གཞུང་བརྒྱའི་བཅུད་བུ༵མ་སྨན་རི་བ།། ༧ པ་ཕ་བ་མའི་རིགས་གཞུང་ཟབ་མོ་གནའ་བོའི་གཤེན་གྱི་བསྟན་པ་ཉིད།། ཕ་མེས་རྣམ་དཔྱོད་རྩལ་ལས་འཁྲུངས་པའི་ཕྱི་ནང་གསང་བའི་གོང་རིམ་ན།། བ་གམ་སྲས་མཁར་དགུ་ཐོག་མཚུངས་པའི་ཐེག་དགུ་ལྟ་བའི་ཡང་རྩེ་ལ།། མ་བཅོས་གཉུག་མའི་རང་རྩལ་རྫོགས་པའི་དོན་གྱི་རྒྱལ་མཚ༵ན་སྨན་རི་བ།། ༧ ཙ་རིའི་ཞིང་ནས་རྩལ་གསུམ་རྫོགས་པའི་ཙམ་ཟན་གངས་རིའི་སེང་ཆེན་ཁྱེད།། ཚ་རུམ་འཕགས་པའི་ཕ་ས་དེ་ན་མཚན་སྙན་ལྷ་ཡི་རྔ་བོ་ལྡིར།། ཛ་དྲག་དུས་ཀྱི་འགག་འཕྲང་རྒྱུད་དེ་ཛ་ཡའི་གླེགས་བམ་ཐུགས་ལ་སྦས།། ཝ་ལེར་མཁས་རྒུའི་ངར་རོ་གཞོམ་མཛད་ཚངས་དབྱངས་གཡས་འཁྱི༵ལ་སྨན་རི་བ།། ༧ ཞྭ་དཀར་བསྟན་པའི་སྤྱི་རྗེ་ཁྱེད་ཉིད་ཞང་བོད་རིག་པའི་རྒྱན་དུ་མཛེས།། ཟ་ཧོར་ལ་སོགས་དཀར་ནག་རྒྱ་ཡི་དབུ་ན་འགྱིང་པའི་ལྷུན་པོ་བཞིན།། འ་ཅག་གངས་ཅན་སྐྱེ་བོ་ཀུན་གྱིས་སོར་བཅུའི་ཐལ་མོ་ཁྱེད་ལ་ཟླུམ།། ཡ་མཚན་རྣམ་བཞིའི་མཛད་འཕྲིན་བསྟར་བའི་དཔལ་ཏྲའི་རིས་ཅན་སྨན་རི་བ།། ༧ ར་བ་གངས་ཅན་པ་ཡི་ཕ་ནོར་རབ་དཀར་གཤེན་གྱི་བསྟན་པ་འདི།། ལ་ལུང་ངེས་མེད་ཀུན་དུ་སྤེལ་མཛད་འགྲོ་ཀུན་ལམ་འདྲེན་སེམས་དཔའ་ཆེ།། ཤ་ཚས་འགྲོ་ལ་རྟག་ཏུ་འཁྱུད་པའི་བྱམས་སེམས་འོ་མའི་རྒྱ་མཚོ་ལས།། ས་ལེ་སྦྲམ་གྱི་གཟི་བྱིན་འབར་བའི་སྨོན་འཇུག་གསེར་ཉ༵འི་ཉམས་འགྱུར་ཅན།། ༧ ཧ་ལམ་སྲིིད་འདིར་དཀོན་པའི་ནོར་བུ་བསྟ༵ན་དང་འགྲོ་བའི་མིག་ཅིག་པོ།། ཨ་དོན་སྐྱེ་མེད་དགོངས་པ་མངོན་འགྱུར་ཨ་དཀར་བསྟན་པ༵འི་མཛོད་འཆང་བ།། ཁྱེད་སྐུ་ཉི༵་གཞོན་འཛུམ་པའི་དཀྱིལ་འཁོར་བདག་སེམས་དེད་པའི་མཁའ་དབྱིངས་སུ།། མཐའ་ཡས་འགྲོ་ཀུན་མ༵་གྲོལ་བར་དུ་དབང་བསྒྱུར་འཁོར་ལོ༵ས་བརྟན་བཞུགས་གསོལ།། ཞེས་རྫ་བོན་མེ་འབར་གྱིས་ཁྱུང་ཡུལ་རིག་པའི་ཕ་ས་ནས་དད་གུས་ཀྱིས་བྲིས༢༠༡༦༡༡ཉིན།

ཤིས་བརྗོད་གེ་སར་འཛུམ་པའི་བཞད་སྒྲ།།

རྩོམ་པ་པོ་ཁྲི་ལྡེ།  ཀོ་རྒྱལ་དགོན།

༧ མཚན་དཔེ་ཟླ་གཞོན་སྟོང་གི་ལང་ཚོ་དེ་བཀྲ་བ།། བྱམས་བརྩེའི་རླབས་ཕྲེང་འཕྱུར་བ་ངག་རིག་གི་ལྷ་མོ།། དཀྱུས་རིང་གཡོ་བའི་རྩེད་གར་བདག་ཉིད་ལ་བསྟན་བཞིན།། བདག་མགྲིན་པད་མའི་སྦུབས་སུ་དུས་ཀུན་དུ་བཞུགས་ཤིག། ཀ་དག་གཉུག་མའི་རང་གཤིས་བདེ་ཆེན་གྱི་ཞིང་ནས།། ༧ གསང་གསུམ་ཉི་ཟླའི་དཔལ་ཡོན་ལྷམ་མེར་ངང་འཛུམ་པ།། རྣམ་གསུམ་ཟེར་ཐག་དཔ༵ལ་བེའུ་འགྲོ་ཀུན་ལ་འཁྱུད་པའི།། འཕོ་ཆེན་ཉེར་བཞིའི་ཐུགས་སྲས་སྨན་རི་བ་རྒྱལ་ལོ།། ༧ རྩ་རླུང་ཐིག་ལེའི་འཕྲུལ་ལས་བདེ་སྟོང་གི་སྐུ་བརྙན།། རྣམ་བཞི་རིག་འཛིན་རྒྱ་མཚོའི་ཚོགས་གྲལ་ནས་བཞེངས་པ།། བསྐྱེད་རྫོགས་གསེར་ཉ༵་འཛིན་པ་གྲུབ་བརྙེས་ཀྱི་དཔའ་བོ།། མཁས་རྒུའི་ཏོག་ན་འབར་བའི་སྨན་རི་བ་རྒྱལ་ལོ།། ༧ ཚད་མེད་འགྲོ་ལ་འཕྲེང་བ་འོ་མཚོ་ཡི་ཀློང་ན།། སྨོན་འཇུག་གཉིས་སྐྱེས་རྩེན་པའི་མགྲིན་གླུ་དག་འཕྱ་བ།། རྒྱལ་གསུང་སྐྱེ་ལྔ༵འི་དབྱངས་རྟ་འཛམ་གླིང་ཀུན་སྟོན་མཛད།། དོན་གྱི་རྒྱལ་སྲས་ཆེན་པོ་སྨན་རི་བ་རྒྱལ་ལོ།། ༧ མཚན་དཔེ་ཟླ་གཞོན་འཛུམ་མདངས་གངས་རྩེ་ནས་བཞད་པ།། བྱམས་བརྩེ་ཕན་བདེའི་འོད་ཞགས་ཕྱོགས་བཅུ་རུ་སྤྲོས་པའི།། ཐེག་དགུ་བསྟན་པའི་བུམ༵་བཟང་གཤེན་རྒྱལ་གྱི་གདུང་སོབ།། ལྔ་སྙིགས་རྒུད་པ་གསོ་བའི་སྨན་རི་བ་རྒྱལ་ལོ།། ༧ ཆགས་སྡང་རུ་ཏྲ་བཅོམ་པའི་ས་བཅུ་ཡི་པང་ན།། གཤེན་བསྟན་ས་ལེ་ལྗོན་གྱི་དྲི་ངད་དེ་འཕྱུར་བའི།། གཙང་ཁྲིམས་ཉིན་བརྒྱའི་པ༵ད་དཀར་རྡུལ་བྲལ་དུ་བཞད་པ།། གཙུག་གཤེན་རྒྱལ་གྱི་ཟླ་གཅིག་སྨན་རི་བ་རྒྱལ་ལོ།། ༧ རྒྱུ་འབྲས་མན་ངག་བདུན་པའི་ཕ་མཁར་གྱི་རྩེ་ནས།། རིམ་པ་བཅུ་གསུམ་གནམ་གྱི་ཡང་སྟེང་དུ་འཛེག་པ།། ཁྲི་གཙུག་གཤེན་གྱི་བསྟན་པའི་གདུ༵གས་དཀར་དེ་ངོམ་མཁན།། གཡུང་དྲུང་བསྟན་པའི་ཀ་ཆེན་སྨན་རི་བ་རྒྱལ་ལོ།། ༧ མཁའ་ཁྱབ་གདུལ་བྱའི་བསོད་ནམས་དབྱིག་འཁྱིལ་གྱི་དཔལ་དུ།། རིམ་དགུའི་བློ་ལ་ཐེག་དགུ་འཁྱུག་མེད་དུ་གཟེར་མཛད།། བཤད་སྒྲུབ་གྱེར་གྱི་ཙ་ཀྲ༵་དུས་ཀུན་དུ་བསྐོར་བ།། བསྐལ་ཁུག་བསྟན་པའི་སྒྲོན་མེ་སྨན་རི་བ་རྒྱལ་ལོ།། ༧ མཉམ་མེད་རྒྱལ་བའི་ཐུགས་གསང་ལྷ་ལམ་གྱི་དབྱིངས་ན།། རྨད་བྱུང་འཕྲིན་ལས་ཟབ་མོ་ཉི་གཞོན་གྱི་རོལ་གར།། དུག་ལྔའི་དྲེགས་ཚོགས་གཞོམ་པའི་ཞྭ་དཀར་བའི་རྒྱལ༵་མཚན།། ཉེར་ཅིག་དུས་ཀྱི་འདྲེན་པ་སྨན་རི་བ་རྒྱལ་ལོ།། ༧ མཐའ་ཡས་འགྲོ་དང་ཁྱད་པར་རྒྱལ་བསྟན་འདིའི་ཆེད་དུ།། བཤད་སྒྲུབ་བསྟ༵ན་པ་འཛི༵ན་ལ་ཟླ་བྲལ་བ་ཆེན་པོ།། རྣ༵མ་པར་ད༵ག་པ་ལྷ་ཡི་ལྷ་མཆོག་བ་ཁྱེད་ཉིད།། སྲིད་མཐའ་མ་གཏོང་བར་དུ་བསྐལ་བརྒྱ་རུ་བཞུགས་མཛོད།། ཅེས་གུས་སློབ་ཁྲོམ་བཙུན་ཁྲི་སྡེ་རྣམ་རྒྱལ་ནས་སྒོ་གསུམ་གུས་པ་ཆེན་པོས་བྲིས།། ༢༠༡༦༦ཉིན

སེམས་ནས་ཕུལ་བའི་ལྷ་རྫས།

ཁྲོམ་ལྕེ་ཐོག ཀོ་རྒྱལ་དགོན།

༧ མི་འཇིག་སྐུ་ཡི་བཀོད་པ་སྤྲོས་བྲལ་གྱི་བོན་སྐུ།། མི་འགག་གསུང་གི་སྙན་འཇེབ་ཚངས་དྲུག་གི་དབྱངས་རྟ།། མི་འཁྲུལ་རྣམ་འབྱེད་ཤེས་རབ་རྣམ་མཁྱེན་གྱི་ངོ་བོ།། མི་ཡི་དབང་པོ་བྱོན་པ་ཀུན་འགྲུབ་ཀྱི་རྒྱལ་སྲས།། ༧ སྤུ་རྒྱལ་གངས་དཀར་ལྷུན་པོའི་རི་སུལ་གྱི་འདབས་ན།། འགྲོ་བའི་བསོད་ནམས་མ་འགག་འབྲས་བཟང་ཞིག་སྨིན་པ།། གྱེར་བོན་དྲན་པ་ནམ་མཁའ་སྐུ་དངོས་སུ་བཞེངས་པའི།། སྨན་རིའི་ཡོངས་འཛིན་ཆེན་མོའི་མཚན་བཟང་གི་བདག་ཉིད།། ༧ སུམ་རྩེན་དཔལ་ལ་འགྲན་པའི་ཁྱུང་ཡུལ་གྱི་ཞིང་ན།། མཚན་བཟང་བརྒྱད་ཅུ་མངའ་བའི་སྐུ་མཆོག་ཅིག་བཞད་དེ།། བསུབ་མེད་མཛད་པ་ཟབ་མོའི་འོད་སྟོང་དུ་འབར་བའི།། བོད་མིའི་མགོན་དུ་ཤར་བའི་སྨན་སློབ་ཀྱི་མཚན་ཅན།། ༧ དུས་རབས་ཉེར་གཅིག་འཁོར་བའི་འཇིག་རྟེན་གྱི་ཁྲོད་ན།། ང་མཁས་ཁོ་མཐོ་གླེང་བའི་ཚིག་མཁས་མང་བརྡོལ་ཀྱང་།། ལུང་དང་རྟོགས་པར་མངའ་བའི་དྲིན་ཆེན་གྱི་ལོ་པཎ།། སྐྱེས་མཆོག་ཡོངས་འཛིན་ཁྱེད་འདྲའི་མཚུངས་པ་ཞིག་མ་མཆིས།། ༧ ལེགས་པའི་དཔལ་དུ་མངའ་བའི་རིག་སྨྲ་ཡི་གཙུག་རྒྱན།། ཕྱི་ན་དམར་སེར་གོས་དྲུག་ལང་ཚོ་ཡིས་འཁྱུད་བཞིན།། ནང་ན་གཙང་དག་ཁྲིམས་ཀྱི་འོད་མདངས་ཤིག་འཚེར་བའི།། རྒྱལ་བའི་གདུང་སོབ་བྱོན་པའི་དད་འདུན་གྱི་ལྷ་སྐལ།། ༧ རྣམ་གཡེང་ལེ་ལོས་དབེན་པའི་གཙང་སྨན་གྱི་གླིང་ན།། རྣམ་དཔྱོད་ཤེས་རབ་དག་གིས་འཆད་ཉན་ལ་བརྩོན་ཏེ།། སློབ་པ་མཐར་ཕྱིན་ཟབ་མོའི་རྒྱལ་ཁ་དེ་བཞེས་པའི།། རྒྱལ་བ་མཉམ་མེད་བླ་མའི་ཐུགས་སྲས་ཤིག་བྱོན་པ།། ༧ རྣམ་འདྲེན་གཤེན་རབ་མི་བོས་མཛད་འཕྲིན་གྱི་བཀོད་པའི།། བཀའ་གཞུང་པོ་ཏི་རྣལ་མའི་བདེན་དོན་གྱི་ཁུ་བ།། དྲི་བྲལ་ཐུགས་དགོངས་དཀྱིལ་ན་ལྷམ་མེར་དུ་བཀྲ་བའི།། ཡོངས་འཛིན་སྨྲ་བའི་མཆོག་གི་མཚན་སྙན་གྱིས་འཁྱིལ་བ།། ༧ ཀུབ་རྫོབ་སྣང་བརྙན་དག་ལ་མཚན་འཛིན་གྱིས་སྟོང་ཞིང་།། མ་བཅོས་དབྱིངས་ཉིད་གནས་ལ་ཉམས་ལེན་གྱིས་ཕྱུག་པའི།། ཐེག་པའི་རིམ་པར་འཁྱིལ་བའི་ཡང་རྩེ་ཡི་མངའ་བདག། གངས་རིའི་ཚིག་མཛོད་གསོལ་བའི་དབྱངས་སྙན་ཞིག་བལྟམས་ཡོད།། ༧ སྟོང་གསལ་མཐའ་དབུས་མེད་པའི་ལྷ་ལམ་གྱི་དབྱིངས་ན།། འོད་ཀྱི་ཐིག་ལེར་འགྲན་པའི་ཞི་བདེ་ཡི་རྒྱལ་སྲས།། བྱམས་བརྩེའི་དྲོད་ཁོག་ཟབ་མོ་རིགས་དྲུག་ལ་སྦྱིན་པའི།། ཉེར་གཅིག་དུས་སྟོན་ཕེབས་པའི་སྐལ་བཟང་གི་རྣམ་འདྲེན།། ༧ ཏི་སེ་གངས་ཀྱིས་བསྐོར་བའི་གནས་མཆོག་ནས་བྱོན་ཏེ།། མི་རིགས་སྣ་ཚོགས་འདྲེས་མའི་ཕྱི་གླིང་གི་ཡུལ་ན།། ཞྭ་དཀར་བསྟན་པའི་མཛེས་སྡུག་སྐར་ཚོགས་བཞིན་བསྐྲུན་པའི།། འཛམ་གླིང་རིག་པའི་མ་ཡུམ་ཀུན་འགྲུབ་ཀྱི་རྒྱལ་སྲས།། ༧ སྒྱུ་མའི་སྣང་བརྙན་འཚུབ་པའི་མི་ཡུལ་གྱི་ཞིང་ནས།། དགེ་བའི་དར་སྐུད་རིང་པོ་འོལ་གླིང་ལ་འཐེན་ཏེ།། ཀུན་ཕན་ཞི་བདེ་འཁྱིལ་བའི་ཐར་ལམ་དག་སྟོན་པའི།། སྨྲ་དབང་ཡོངས་འཛིན་ཆེན་མོའི་སྐུ་མཆོག་གི་བཀོད་པ།། ༧ ཁམས་གསུམ་རིགས་དྲུག་དག་གི་སེམས་ཁོང་གི་སྒྲོན་མེ།། དགུང་གྲངས་དགུ་བཅུ་ཕེབས་པའི་ཡོངས་འཛིན་གྱི་སྐུ་མཆོག། བསྐལ་པའི་གྲངས་དང་སྦྲེལ་ཏེ་སེམས་ཅན་གྱི་མགོན་དུ།། བཞུགས་པའི་རྟེན་འབྲེལ་ཟབ་མོ་སྙིང་དབུས་ནས་མཆོད་ཡོད།། ༧ འདི་ནས་ཕར་ལ་ཕྱིན་པའི་གངས་རི་ཡི་ཕག་ན།། བྱམས་བརྩེའི་འཛུམ་གྱིས་ཕྱུག་པའི་ཀུན་འགྲུབ་ཀྱི་རྒྱལ་སྲས།། བརྟན་བཞུགས་གཙང་མར་མཆོད་པའི་སྐལ་བཟང་གི་ཉིན་དེར།། འགྱུར་མེད་དད་སེམས་ཀློང་ནས་མཆོད་ཚིག་ཅིག་ཕུལ་ཡོད།། ཅེས་གུས་སློབ་ཁྲོམ་བཙུན་བ་སྨོན་ལམ་རྣམ་དག་གིས་ཕུལ། སྤྱི་ལོ་201649་ཉིན།

དད་སེམས་གཙང་མའི་མཆོད་དཀར།

ཁྲོམ་ལྕེ་ཐོག ཀོ་རྒྱལ་དགོན།

༧ ལུ༵ང་རྟོ༵གས་བོན་མཛོད་ཀྱི་རྣམ་དཔྱོད་བརྩེགས་ཤིང་།། བསྟ༵ན་པ༵འི་མེ་རོ་ཞིག་སླར་ཡང་སྤར་ནས།། ཉི༵་མ༵འི་འོད་ཟེར་ཞིག་ཀུན་ལ་སྦྱིན་པའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ ཀུན་གསལ་དོན་རྟོགས་ཀྱི་སེམས་ཉིད་ཀློང་ནས།། མཚན་བཟང་བརྒྱད་ཅུ་ཡི་ལང་ཚོ་རྫོགས་པའི།། མཁས་བཙུན་བཟང་གསུམ་གྱི་སྐུ་མཆོག་དྭངས་མ།། སྨན་རིའི་མཁན་ཆེན་ཞེས་དབྱངས་ཀྱིས་འཁྱིལ་ཡོད།། ༧ སྟེང་ཕྱོགས་འོལ་གླིང་གི་བདེ་ཆེན་ཞིང་ནས།། སྐྱེ་བཞི་འགྲོ་དྲུག་དག་འདྲེན་པར་དགོངས་ཤིང་།། རྒྱལ་དབང་གཤེན་རབ་ཀྱི་ངོ་བོར་བཞེངས་པའི།། མཁན་ཆེན་སོ་གསུམ་གྱི་མཚན་བཟང་བལྟམས་ཡོད།། ༧ སྐྱེ་མེད་གཞི་ཡུམ་གྱི་དག་པའི་ཀློང་དུ།། མི་གཡོ་ཏིང་འཛིན་ངང་མཉམ་པར་བཞག་སྟེ།། ཀུན་རྫོབ་སྣང་བརྙན་ལ་སྒྱུ་མར་གཟིགས་པའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ དག་པ་ལྷ་ཡུལ་གྱི་བྱང་ཆུབ་སེམས་དཔའ།། ཨུད་དུམ་ཝ་ར་ཡི་ལང་ཚོ་འཁྱུད་བཞིན།། ཏི་སེ་གངས་དཀར་ཀྱི་འདབས་ན་འཁྲུངས་པའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ ངུར་སྨྲིག་མདངས་འཛིན་གྱི་རིག་སྨྲའི་གཙུག་རྒྱན།། རྨ་མེད་ཁྲིམས་གཙང་གི་འོད་ཟེར་འཁྱིལ་བའི།། སངས་སྤྲུལ་མིར་བཞད་ཀྱི་གཟུགས་སྐུའི་བཀོད་པ།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།།་༧ མཛེས་པའི་ལྷོ་གླིང་གི་ཤར་ངོས་ཤིག་ནས།། འོད་ཀྱི་ཐིག་ལེ་ཞིག་མཁའ་ལ་འཕགས་ཏེ།། གསལ་བའི་འཛུམ་ཟེར་ཞིག་ཕྱོགས་བཅུར་འཕྲོ་བ།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ སྒོ་བཞི་མཛོད་ལྔ་ཡི་བཀའ་གཞུང་ཟབ་མོ།། མ་ལུས་དོན་བཅུད་དག་ཐུགས་ལ་མངའ་ཞིང་།། ཚེ་གཅིག་རྫོགས་་སངས་ཀྱི་ཉམས་རྟོགས་ཐོབ་པའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ ཁྱེད་ཐུགས་བརྩེ་བ་ཡི་དར་སྐུད་རིང་མོ།། ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོར་བཞེངས་ཏེ།། སྲིད་གསུམ་འགྲོ་ཀུན་ལ་ཟབ་གདམས་འཇོ་བའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ བརྩེ་བའི་བྱམས་སྐྱོངས་ཀྱི་ཐུགས་ཁུར་ཀློང་ནས།། བཤེས་གཉེན་བུ་སློབ་དག་གསེར་རིའི་འཕྲེང་བཞིན།། ཕྱོགས་མེད་འདུ་ཤེས་ཀྱི་མཛད་འཕྲིན་བསྟར་བའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ རི་བོ་གངས་དཀར་ཀྱི་འདབས་ནས་ཆས་ཏེ།། རྒྱུས་མེད་གཞན་ཡུལ་གྱི་གླིང་ཁ་ཞིག་ན།། གྱེར་བསྟན་ཟབ་མོ་དག་དམ་དུ་འཛིན་པའི།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ མཚན་མེད་དངོས་བྲལ་གྱི་སྐུ་མཆོག་དྭངས་མ།། དགུང་གྲངས་བརྒྱད་ཅུ་ཡི་དཔལ་ཡོན་བཞད་ནས།། བརྟན་བཞུགས་རྒྱས་འབུལ་གྱི་ལེགས་ཚོགས་མཆོད་ས།། ཞི་བདེའི་དེད་དཔོན་གྱི་སྨན་རིའི་མཁན་ཆེན།། ༧ དྭངས་གཙང་དྲི་བྲལ་གྱི་སེམས་པའི་དབུས་ནས།། དད་པའི་ཐལ་མོ་ཞིག་སྙིང་ཁར་སྦྱར་ཏེ།། འདི་ཕྱིའི་རེ་ལྟོས་ཀྱི་རྒྱལ་སྲས་ཁྱེད་ཉིད།། འབྲལ་མེད་བརྟན་བཞུགས་ཀྱི་སྨོན་ལམ་བཏབ་ཡོད།། ཅེས་གུས་སློབ་ཁྲོམ་བཙུན་བ་སྨོན་ལམ་རྣམ་དག་གིས་ཕུལ། ཕྱི་ལོ་2016413་ཉིན།

སྨྲ་སེང་དགྱེས་པའི་དབྱངས།

རྩོམ་པ་པོ། ཁྲོམ་བསམ་གཏན།

༧ རིམ་པ་བཅུ་གསུམ་གྱི་ཨ་སྔོན་གནམ་ནས།། གྱེར་སྤུངས་དྲན་པ་ཡི་ཟློས་གར་ཡིན་པའི།། ཞི་བའི་ལྷ་ཆེན་ཞིག་དོག་ལ་བྱོན་པ།། སྨྲ་བའི་སེང་གེ་འདི་རྒྱལ་བའི་རྒྱལ་ཚབ།། ༧ མདོ་དབུས་ཁམས་གསུམ་གྱི་བོན་འབངས་ང་ཚོའི།། བྲང་གི་སྙིང་ཁོང་ན་འོད་གཅིག་འཚེར་ཞིང་།། འོད་ཀྱི་སྣེ་མོ་དེ་ལྷ་ལ་ཐུག་པའི།། དུས་གསུམ་གཤེན་རབ་ཀྱི་གདུང་སོབ་ཁྱེད་ཡིན།། ༧ ཡོངས་འཛིན་རྣམ་གཉིས་ཀྱི་དགོངས་ཀློང་དེ་རུ།། ཉི་མའི་དཀྱིལ་འཁོར་ཞིག་དལ་གྱིས་བཞད་པ།། སྨན་རིའི་སློབ་དཔོན་གྱི་ཁྲི་འཕང་གོང་མར།། རྣམ་གསུམ་ཤེས་རབ་ཀྱི་འོད་ཟེར་འབར་བ།། ༧ ཨ་སྙན་རྫོགས་གསུམ་གྱི་མགུར་དབྱངས་ཡིན་པའི།། མདོ་སྔགས་ཟུང་འབྲེལ་ཞིག་འཁོར་ལ་གདམས་པས།། བརྒྱད་ཁྲི་བཞི་སྟོང་གི་དཔལ་ལ་གོམས་པའི།། ངུར་སྨྲིག་སྡེ་ཚོགས་ཀྱིས་ཞིང་ཁམས་འགེང་པ།། ༧ སྲིད་པའི་གངས་རྒན་གྱི་ངུ་ཤོམ་ཡིན་པའི།། རིག་གསར་རླུང་ནག་གི་ངར་ཁ་བཙན་པོས།། བསྟན་སྲོག་བསླབ་གསུམ་གྱི་པད་མོ་གཞོམ་དུས།། རིག་པའི་ཁྱུང་ཆེན་འདི་ལྷོ་རུ་འཕུར་བ།། ༧ དུས་རབས་ཡོ་ལང་གི་འགག་སྡུག་དེ་རུ།། གཤེན་བསྟན་ཆབ་རྒྱུན་གྱི་རླབས་རིས་གཅོད་སྐབས།། དཔྱད་གསུམ་ལུང་རིགས་ཀྱི་མེ་ཆར་གཡོས་པས།། ངམ་གྲོག་གཉན་འཕྲང་དེ་ཧར་གྱི་གཏོར་རོ།། ༧ བྱེས་འབྱོར་བོན་འབངས་རྣམས་ཁ་འཐོར་གནས་ཚེ།། གཞི་ཆག་གསར་པ་ཡི་རྨང་གཞི་བཏིངས་ཏེ།། འཚོ་གོས་སྡོད་གནས་སོགས་བཀོད་སྒྲིག་གནང་པས།། བྱམས་བརྩེའི་ཕ་མ་ཞེས་བླ་ན་བསྐུར་བ།། ༧ ཐུབ་པའི་དབང་པོ་ཡི་ཐུགས་བརྩེའི་ཞིང་སར།། བཀྲ་ཤིས་སྨན་རི་ཞེས་མཚན་སྙན་འབར་བའི།། ལྔ་རིག་བཤད་སྒྲུབ་ཀྱི་སྐྱེད་ཚལ་བསྐྲུན་པས།། ཕྱི་དར་མདོ་སྔགས་ཀྱི་དབུགས་རྒྱུན་བསྲིངས་པ།། ༧ བརྩེ་ཆེན་ཐུགས་རྗེ་ཡི་འོད་ཞག་དཀར་དམར།། ཀླུ་སྒྲུབ་རི་ཞོལ་དུ་དལ་གྱིས་འཕྲོས་པས།། དམུ་རིགས་གཤེན་ཚང་གི་བྱིན་རླབས་འཁྱིལ་བའི།། གཤེན་སྡེ་གླིང་ཆེན་ཞིག་མངོན་པར་བཞེངས་སོ།། ༧ བཅུ་ཕྲག་རིག་གནས་ཀྱི་སྙིང་བཅུད་དྭངས་མ།། སྒོ་བཞི་མཛོད་ལྔ་ཡི་ལྟ་བ་སྤྱི་གཅོད།། སྤོང་སྒྱུར་གྲོལ་གསུམ་གྱི་དེ་ཉིད་ཡིན་པའི།། དཔྱད་པ་གསུམ་དག་གི་གཞུང་ལུགས་བརྩམ་པ།། ༧ འཁོར་ལོ་ཚོགས་ཆེན་གྱི་ཡང་གོང་དེ་རུ།། སྣང་བ་རང་སེམས་ཀྱི་ལྷ་སྐུར་བཞེངས་ཤིང་།། སྐུ་གསུམ་ལྷ་ཞལ་ཡང་ས་ལེར་ཁོམ་པའི།། མི་ཡི་སེང་གེ་འདི་ལྷ་ཡི་སྲས་ཡིན།། ༧ བསྟན་འགྲོར་སྨིན་ནུས་ཀྱི་མཛད་པ་ཆེན་པོས།། འཛིན་མའི་ཁྱོན་ཆེན་དེ་གཡོ་ཞིང་ཆེམ་པའི།། རྣམ་དག་དྲང་སྲོང་འདིའི་གསང་གསུམ་བཀོད་པ།། མི་ཤིག་གཡུང་དྲུང་གི་གུར་དུ་བཞུགས་མཛོད།། ༧ རྒྱན་དྲུག་མཁས་བཞི་ཡི་ཐུགས་བཅུད་གཅིག་བསྡུས།། སྟོན་པ་བཅོ་བརྒྱད་ཀྱི་རྒྱུད་འཛིན་དག་མ།། སེམས་ཀློང་མན་ངག་གི་སྲོལ་འབྱེད་ཆེན་མོ།། ཡོངས་འཛིན་སློབ་དཔོན་མཆོག་དུས་ཀུན་རྒྱལ་ལོ།།

མི་ཡི་སེང་གེ་སྨན་རི་བ།

རྩོམ་པ་པོ། ཁྲོམ་བསམ་གཏན།

༧ སེམས་ཀྱི་གཤིས་ཀ་རུ་ལྷ་ཞིག་གྲུབ་སྟེ།། ལྷ་ཡི་གསང་མཚན་ལ་ཡིག་འབྲུ་གསལ་བའི།། ལྷ་བོན་སྒམ་བཙུན་ཞིག་གཙུག་ན་མཛེས་པ།། ལྷ་མིའི་སྤྱི་ཕུད་འདི་ལྷ་ཡིས་བསྐོས་སོ།། ༧ གཡུ་ཡི་རྔ་ཆེན་ལ་སུམ་རྡུང་འཕར་མ།། ལས་ཀྱི་སྲུང་མ་ལ་དྲག་ཏུ་རྡུངས་པའི།། མི་ཡི་སེང་གེ་ཞིག་བྱོན་པའི་ཤུལ་དུ།། ལྷ་ཡི་སྐྱེས་བུ་དེས་འགྲོ་དོན་མཛད་པ།། ༧ གཡུང་དྲུང་ལྷ་རྩེ་ཡི་གསས་ཁང་དེ་ནས།། ལུ༵ང་རྟོ༵གས་གཉིས་ལྡན་གྱི་བོན་དབྱངས་གྱེར་བའི།། བསྟ༵ན་པ༵འི་ཉི༵་མ༵འི་ཞེས་སྙན་པ་འབར་བ།། དབུ་རྩེ་དཀར་དམར་དུ་དལ་གྱིས་ཕེབས་སོང་།། ༧ གངས་ཀྱི་ཧྲག་བར་ནས་ནུབ་ལ་བཞུད་དེ།། ནུབ་ཕྱོགས་མུན་གླིང་གི་སྨག་རུམ་བསལ་བའི།། སྐར་མ་འོད་ཆེན་གྱི་འོད་ཀྱི་དམུ་ཐག། རྒྱལ་བ་གཉིས་པ་ཡི་རྒྱལ་སར་ཐུག་ཡོད།། ༧ སྤྱིར་རྒྱུགས་བོན་སྒོ་ཡི་བསེ་སྒྲོམ་སེར་པོ།། ཆོས་ཀྱི་ཞིང་ས་ལ་ཞལ་འབྱེད་གནང་བའི།། ཤེལ་དཀར་སྡེ་མིག་ཞིག་དལ་གྱིས་བརྒྱན་པ།། སྲིད་པ་གཡུང་དྲུང་གི་བོན་གཤེན་ཁྱེད་ཡིན།། ༧ བསྐལ་པ་ཡ་ཐོག་གི་ལྷ་ཀླུ་གཤེན་གསུམ།། སྲིད་པ་ཕྱི་རབས་པའི་རྒྱན་དྲུག་མཁས་བཞི།། སྲིད་ཞི་གཉིས་མཉམ་གྱི་རྗེ་བཙུན་བླ་མ།། གཉིས་མེད་གཅིག་བསྡུས་ཀྱི་མཐོང་བ་རང་གྲོལ།། ༧ སྐུ་གསུམ་མངོན་གྱུར་གྱི་དཔོན་གསས་ཁྱེད་ཉིད།། གསང་གསུམ་མཚན་དཔེ་ལ་འོད་ཟེར་འབར་ཞིང་།། སྲིད་གསུམ་བོན་ཁམས་ཀྱི་དད་པའི་མགོན་དུ།། དུས་གསུམ་ནུབ་མེད་དུ་ལྷང་ངེར་བཞུགས་མཛོད།།

རྟེན་འབྲེལ་ཞུ།།

རྩོམ་པ་པོ། རང་རིག་བཟང་མོ།      

༧ ལྷ་ལམ་ཡངས་པོས་ཁེབས་སུ་བཀབ་པའི་སྲིད་པ་འཇིག་རྟེན་འདི་ཡི་དབུས།། ཁ་བ་གངས་རིའི་མཐའ་ནས་བསྐོར་བའི་མི་མཇེད་ཞིང་གི་དཀྱིལ་འཁོར་ནས།། སྲིད་ཞི་འཁོར་འདས་ཀུན་གྱི་རྒྱན་གྱུར་སྐྱེ་འགྲོའི་མགོན་ཆེན་ཉི་ཟླ་ཟུང་།། དུས་རབས་ཉེར་གཅིག་ཁྲོད་དུ་འཁྲུངས་བ་སྐུ་ཚེ་གོང་མའི་སྨོན་ལམ་དངོས།། ༧ དབུ་ནག་མི་ཡི་གཟུགས་སུ་སྤྲུལ་པའི་བསྐལ་ཆེན་སྟོན་པའི་གདུང་ཚབ་པ།། གདུལ་བྱའི་མགོན་དུ་དངོས་སུ་བྱོན་པའི་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན།། སྤངས་རྟོགས་ཡོན་ཏན་གཏིང་མཐའ་བྲལ་བའི་རྒྱལ་བ་སྨན་རིའི་མཁན་སློབ་གཉིས།། གངས་ཅན་མགོན་དུ་གསེར་ཞལ་འཛོམས་པ་གདོངས་དམར་པ་ཡི་ལྷ་སྐལ་ཡིན།། ༧ ཀུན་གསལ་མཁྱེན་པའི་ཐུགས་ཉིད་མངའ་བས་འཁོར་འདས་ཤེས་བྱ་མ་ལུས་གཟིགས།། ལྷོ་རྒྱལ་འཛམ་གླིང་ཡོངས་ཀྱི་བླ་མ་ནང་བསྟན་རིག་པའི་བླ་སྲོག་གཉིས།། འཇིག་རྟེན་སྲིད་པའི་ཏོག་ན་བཞུགས་ཤིང་བསྟན་འགྲོའི་ཁུར་ཆེན་ཕྲག་ཏུ་བཞེས།། ཐུགས་རྗེའི་འོད་ཞགས་མཁའ་མཐར་ཁྱབ་ཅིང་ལུས་ཅན་འགྲོ་བའི་མ་མ་དངོས།། ༧ མཛད་ཕྲིན་རྒྱལ་བ་དངོས་དང་མཉམ་པའི་བསྟན་པའི་རྒྱལ་མཚན་སྒྲེང་མཛད་པོ།། བདེ་ཆེན་རྒྱལ་ས་སྔར་ནས་བཟུང་ཡང་གཞན་དོན་ཁོ་ནར་མིའི་གཟུགས་སྤྲུལ།། བཤད་སྒྲུབ་སྒོམ་པའི་གླིང་ཆེན་དུ་མ་ཕྱི་ནང་རྒྱལ་ཁབ་ཀུན་ལ་བསྐྲུན།། སྤྱན་ལྡན་མཁས་མང་བྱེ་བའི་གསེང་ནས་ཁྱེད་གཉིས་གྲགས་པ་ཕྱོགས་བཅུར་ལྡིར།། ༧ ལྷ་ཀླུ་མི་གསུམ་ཀུན་གྱིས་བཀོད་པའི་གསེར་ཁྲི་གཡུང་དྲུ་གཡས་སུ་འཁྱིལ།། ཁྱེད་སྐུ་མི་ནུབ་གཡུང་དྲུང་ཁྲི་ལ་བསྐལ་བརྒྱར་བཞུགས་པའི་རྟེན་འབྲེལ་ཞུ།། བོན་འབངས་ཡོངས་ཀྱིས་མཆོད་པའི་སྒྲ་དབྱངས་སྲིད་གསུམ་འགེངས་བའི་ཉིན་མོ་འདིར།། གོང་གསུང་མི་འགག་བོན་གྱི་གྱེར་དབྱངས་གཏན་དུ་སྒྲོགས་པའི་རྟེན་འབྲེལ་ཞུ།།

སྨན་རི་བ།

རྩོམ་པ་པོ། ཧོར་ཚ་འཁྱམས་པོ།

༧ དུས་འགྱུར་རླུང་ནག་འཚུབ་པའི་གསེང་ནས།། བོན་བསྟན་དར་ཆེན་བོར་ལ་ཉེ་སྐབས།། རྩ་ཆེན་རང་སྲོག་འབན་དུ་བཙུགས་ཏེ།། དུས་ངན་ཁྲོད་ནས་གཞན་ཡུལ་ཕེབས་སོང་།། ༧ རྒྱུས་མེད་རྒྱང་རིང་ས་མཐའི་ཡུལ་ལ།། བསྟན་དང་འགྲོ་དྲུག་དོན་ཆེན་ཆེད་དུ།། ཉིན་མཚན་དབྱེ་མེད་ཕྲིན་ལས་མཛད་དེ།། བཤད་སྒྲུབ་བསྟན་པའི་མེ་རོ་སྤར་སོང་།། ༧ ངེས་མེད་ཡུལ་ལུང་ཀུན་ནས་ཡོང་བའི།། ལྡོམ་མེད་དྭ་ཕྲུག་འཁྱམས་པོ་ང་ཚོའི།། མ་འོངས་མདུན་ལམ་སྟོན་བའི་དཔོན་གསས།། བཀའ་དྲིན་སྙིང་ནས་རྗེས་དྲན་ཞུ་འོ།། ༧ བགྲང་བྱ་དགུ་གཅིག་(༩༡)འགྲོ་དོན་བྱོན་ནས།། འཛམ་གླིང་གོ་ལའི་ཤར་ནུབ་ཀུན་དུ།། ཞྭ་དཀར་བསྟན་པའི་དར་ཆེན་བཙུགས་སོང་།། སླར་ཡང་འགྲོ་དོན་རྒྱས་པའི་སྨོན་ལམ།།

མཁན་སློབ་རྣམ་གཉིས་ཀྱི་མཛད་འཕྲིན་གྱི་ཆ་ཤས་ལ་བསྟོད་པ།

རྩོམ་པ་པོ། ཧི་མ་ལ་ཡི་གཅེས་ཕྲུག

༧ སྐུ་མཆོག་མཚན་དཔེའི་དཀྱིལ་འཁོར་གངས་རིའི་ལྗོངས་སུ་རྙེད།། གཞན་ཕན་མཛད་འཕྲིན་གཟི་འོད་འཕགས་ཡུལ་ཞིང་སར་འཚེར།། རིས་མེད་ཐུགས་རྗེ་འོད་ཆེན་འཛམ་གླིང་ཀུན་ལ་ཁྱབ།། སྨན་རིའི་ཚང་གི་མཁན་སློབ་རྣམ་གཉིས་གཙུག་ན་རྒྱལ།། ༧ དུས་ཀྱི་འགྱུར་ལྡོག་དབང་གིས་གཤེན་བསྟན་ནུབ་ཉེ་དུས།། སྐུ་སྲོག་འབེན་དུ་བཙུགས་ནས་སླར་ཡང་ཉམས་གསོ་བྱས།། གཤེན་བསྟན་ཡུན་གནས་ཆེད་དུ་བཤད་སྒྲུབ་མཛད་པ་སྐྱོང་།། སྐྱེ་འགྲོ་ཀུན་ལ་རྒྱལ་བསྟན་གསལ་བའི་སྒྲོན་མེ་སྤར།། ༧ བཅུ་ཕྲག་རིག་པའི་གཞུང་ལུགས་རྒྱ་མཚོར་མཐའ་རུ་ཕྱིན།། འཆད་རྩོད་རྩོམ་པའི་གྲགས་སྙན་བ་དན་མཁའ་ལ་གཡོ།། མཁས་བཙུན་བཟང་པོས་སེམས་དཔའ་རྒྱ་མཚོའི་ཡིད་འོང་འཕྲོག། བོན་གྱི་མཁན་སློབ་རྣམ་གཉིས་བསྟན་དང་འགྲོ་བའི་མགོན།། ༧ རླབས་ཆེན་མཛད་པའི་སྟོབས་མངའ་ཆེ་བའི་མཁན་སློབ་གཉིས།། འགྲོ་ཀུན་བསོད་ནམས་འཕེལ་བའི་དུས་ཀྱི་སྟོན་པ་ཡིན།། བཀའ་དྲིན་མཉམ་མེད་བརྩེ་ཆེན་སེམས་ནང་ཡལ་དུ་མེད།། མི་འགྱུར་གཡུང་དྲུང་ཁྲི་ལ་ནམ་ཡང་བཞུགས་སུ་གསོལ།།

རིག་དང་རིག་པའི་ཉི་ཟླ།

རྩོམ་པ་པོ། འཕྲུལ་གྱི་ཡིག་ཚང་།

༧ ཉི་མས་འོད་ཞགས་བཀྱེ་བའི་གླིང་ཆེན་འདིར།། ཟླ་བས་བསིལ་བརྒྱ་སྤྲོ་བའི་སྨན་ཚལ་འདིར།། དགུ་བཅུའི་ཚེ་ཡི་བུམ་པ་ཐོགས་པ་ཞིག། ཁ་བ་ཅན་དུ་རྒྱལ་བའི་རྔ་སྒྲ་ལྡིར།། ༧ ལྷ་བོན་སྒོ་བཞི་དར་ན་གསས་མཁར་ཚུགས།། དགུང་གི་གནམ་ལ་སྤྲིན་ཐག་མ་ཆད་ན།། སོས་ཀར་ཆར་པ་སྤྲིན་ལས་འབེབས་སོ་ཞེས།། ༧ བདེན་པའི་གད་རྒྱང་ས་ཆེན་འུར་བ་དེ།། ཆུ་བོ་དམར་ཞིང་ལུང་པ་སྨག་རུམ་སྐབས།། ཏི་སེ་འཚུབ་ཅིང་ཐང་ལྷ་ཞལ་རོག་དུས།། བྲག་དམར་རླུང་སྒྲའི་གསེང་ནས་ཐོལ་གྱིས་གྲག། ༧ གཡའ་དག་ནམ་མཁར་རྡུལ་འཚུབ་ལངས་པ་དང་།། ཆུ་བོ་གཞུང་འགྲོའི་འབབ་རྒྱུན་ལོག་པ་སྟེ།། ལྷོ་མཐའི་ཚ་བས་གངས་མདངས་སྨད་པ་དང་།། ཉི་འོད་དམར་པོས་གངས་ཞུན་ཐང་དུ་བདལ།། ༧ རླུང་བུ་དམར་པོས་གངས་རིའི་ཁ་དོག་འཇོམས།། སྙིང་ཆུའི་སྙིང་ལ་བཀྲུ་བའི་དར་ཕྱར་བས།། འཇོར་དང་སྟ་རེས་དགོན་གནས་བཤིག་པ་འམ།། བླ་མར་འཐབ་རྩོད་འཇོན་ཐང་རྩི་བའི་སྐབས།། ༧ དཔེ་ཆ་བསྣམས་པའི་བླ་མས་བསྟན་པ་བསྣམས།། ཚུལ་ཁྲིམས་ཁུར་བའི་བླ་མས་བསྟན་པ་ཁུར།། ལྟ་བ་ཉར་བའི་བླ་མས་བསྟན་པ་ཉར།། བླ་མ་བྲོས་པོ་འགའ་ཞིག་ནགས་སུ་གཤེགས།། ༧ གངས་ཀྱི་རླུང་འཚུབ་ལ་སྐྲག་གིན།། ནགས་ཀྱི་ལྗོན་ཚལ་དུ་འཁྲས་པའི།། བྱེ་འུ་ཅོང་སྒྲ་ཅན་དེ་ནི།། སྨན་གྱི་བད་འོག་ནས་འཕུར་རེད།། ༧ ནུབ་ཀྱི་རྒྱང་ཤེལ་ཅན་དག་ནི།། ཐུ་བཀྭན་ལོག་འགྲེལ་གྱི་རྗེས་སུ།། ཐེག་དགུའི་བང་རིམ་གྱི་མཁར་ལ།། དོགས་སྐྲག་རྡུལ་ཕུང་ཙམ་ལངས་པར།། ༧ གཤེན་གྱི་ཟིན་ཐོ་ལས་གསལ་བའི།། བདེན་དོན་གཡག་རོ་ཙམ་དྲུད་དེ།། དབྱི་ལན་མཁས་དབང་ཚོའི་མིག་ལ།། ཤར་གྱི་སྐར་འོད་ཅིག་བསྟན་ཡོད།། ༧ རྒྱལ་གཤེན་ལམ་ཡིག་དེ་ཀློག་བཞིན།། དྲན་པའི་ཕ་ཕོག་དེ་དྲན་བཞིན།། ཞང་ཞུང་མན་ངག་དེ་གཅེས་བཞིན།། ལོ་ཏོན་མཐོ་སློབ་ནས་ལོག་ཕེབས།། ༧ བསིལ་རླུང་བདག་མེད་ལ་རོལ་གྱིན།། གཞིས་ས་འཚོལ་སྒྲུབ་ལ་རེམས་པའི།། བགྲེས་སོང་གོས་ཧྲུལ་ཅན་ཞིག་གིས།། ཚ་འདམ་རྐང་ཐང་གིས་འབོག་པ།། ༧ ལྟག་སྒོ་ངམ་ནག་གི་འོག་ནས།། ཕྱོགས་ཞེན་རླུང་ནག་གི་གསེང་ནས།། རྔུལ་ཆུ་དབྱར་ཆུ་འདྲ་བྱུང་ཡང་།། ལས་སྨོན་གཡབ་དར་དེ་ཕྱར་ཡོད།། ༧ ཁྲོ་བཅུའི་ལྷ་ཚོགས་ལ་བསྙེན་ནས།། སྒོ་བ་ཁྲ་སྤྱང་སོགས་སྒྲུབ་ཀྱིན།། ཕུར་པའི་རྩེ་མོ་དེ་བརྡར་ནས།། ཁྱུང་གི་བྱ་ཁྲ་སོགས་མངག་སྟེ།། ༧ ལྷོ་གླིང་གསལ་བྱེད་ཀྱི་ཉི་མ།། གཉན་འཕྲང་བརྒལ་ཐབས་ཀྱི་གྲུ་ཆེན།། བརྗིད་དང་གཟི་བྱིན་གྱིས་འབར་བའི།། བོན་ཆེན་སྔོན་པོ་དེ་བཙལ་ཡོད།། ༧ ཁྲི་གཙུག་པད་ལོ་ནི་གཙང་ཞིང་།། གཅེར་མཐོང་རིག་པ་དེ་གསལ་ས།། འབྱམས་པ་ཁྲག་མགོ་ཡི་སོར་སྟེགས།། སོ་གསུམ་ཁྲི་འཕང་གི་སྟེང་དུ།། ༧ མཁན་དང་དཔོན་སློབ་ཀྱི་ཚོགས་རྣམས།། འདེགས་པའི་ཕྱག་དཔུང་དེ་བསྒྲིགས་ནས།། དམ་ཅན་རོལ་མཚོ་ཡི་རླབས་ཤུགས།། རེངས་པའི་སྟངས་སྟབས་ཀྱིས་བཀོད་ཡོད།། ༧ དེ་རིང་ལྷོ་མཐའ་ན་གྲག་པའི།། ཁུ་བྱུག་སྔོན་མོ་ཡི་སྐད་དེ།། མགུལ་ལྷ་བཅུ་གསུམ་གྱིས་གོ་ཞིང་།། བརྟན་མ་བཅུ་གཉིས་ཀྱིས་ཐོས་ཏེ།། ༧ བྱང་གི་གནམ་མཚོ་ཡི་ཕྱུག་མོ།། རླབས་ཕྲེང་འཕྱོ་བ་ནི་དེ་རིང་།། གངས་དཀར་ཏི་སེ་ཡི་གཟི་མདངས།། རྒྱས་ཤིང་མཛེས་པ་ནི་དེ་རིང་།། ༧ རྒྱ་གར་བྱང་ཕྱོགས་ཀྱི་སུལ་དུ།། ཉི་མའི་ཚ་ཟེར་གྱི་རླབས་ལས།། ལྡུམ་རའི་པད་ཚལ་གྱི་མཛེས་སྡུག། ནམ་ཡང་ནུབ་མེད་ཀྱི་དབྱར་ཁ།། ༧ ཀླུ་སྒྲུབ་རི་བོ་ཡི་ཞོལ་གྱི།། གསང་སེམས་རིག་པ་ཡི་ཟླ་བས།། ནགས་ཚལ་ཟིལ་ཐིགས་ནི་ཕྲོམ་མེར།། ནམ་ཡང་ནུབ་མེད་ཀྱི་དབྱར་ཁ།། འཕྲུལ་གྱི་ཡིག་ཚང་པས་བརྟན་བཞུགས་མཆོད་ཐིགས་སུ་ཕུལ།། ཕྱི་ལོ/༢༠༡༦//༢༠ཉིན།

བརྟན་བཞུགས་དད་པའི་ལྷ་རྫས།

རྩོམ་པ་པོ། ཚོགས་གཉིས་རྒྱ་མཚོ།

༧ འཛ༵མ་གླི༵ང་ཀུན་སྐྱོབ་དབུ་གདུ༵གས་ཆནེ་མོ་སྨྲ་དབང་མི་ཡི་རྣམ་རོལ་རྗེ་།། གངས་ཅན་མདོ་དབུས་ཁམས་གསུམ་གསལ་བའི་ཀུན་གསལ་ཉི་མ་གཞོན་ནུ་ཡིས།། ཁྱེད་ཀྱི་འོད་ཞགས་ཕྱོགས་མཐར་ཁྱབ་ཅིིང་ཤར་ནུབ་བོན་གྱི་ལམ་སྒོ་ཕྱེས་།། སླར་ཡང་གསལ་བའི་གྱེར་གྱི་བསྟན་པ་རྒྱ༵ལ་མཚ༵ན་ཅི་བཞིན་གྱེན་དུ་བསྒྲེངས།། བོན༵་འབ༵ང་རྣམས་ཀྱིས་མཁས་དགུའི་གཙོ་བོ་བློ་གྲོས་དཔ༵ལ་བེའུ༵འི་རྣམ་པ་ཅན།། འཁོར་ལོ་བཞི་ཡིས་བོན་འཁོར་བསྐོར་ཞིང་ཟབ་གདམ་རྒྱ་མཚོའི་ཐུགས་བཅུད་བླང་།། ཟབ་གསང་བླ་མེད་ཡེ་རྫོགས་ཆེན་མོའི་ཉིང་བཅུད་མ་ལུས་ཀུན་ལ་གཏེར་།། ལུང་རིག་གཉིས་ཀྱི་དཔལ་ལས་རྒྱལ་བའི་གསེར་གྱི་ཉ༵་མོ༵འི་འཁྱུག་འགྲོས་བཞིན།། ཀུ༵ན་གྱི༵་མཆོད་འོས་བླ་མའི་བླ་མ་བླ་ཆེན་དྲན་པའི་རྣམ་རོལ་དངོས།། དགོངས་པའི་རྩལ་རྫོགས་ཐུགས་ཉིད་བུ༵མ་པ༵ར་ཉམས་རྟོགས་བདུད་རྩིའི་བཅུད་ཀྱིས་ཁེངས།། ཡ་མཚན་ལྡན་པའི་འཆི་མེད་ཚེ་ཡི་རིག་འཛིན་ཆེན་མོའི་སྐུ་རུ་བཞེངས།། མཛད་འཕྲིན་དུང་ལས་དཀར་བའི་མཛད་པས་ཕན་བདེའིི་པད༵་དཀར་འདབས་བརྒྱ་གྲོལ།། བསྟ༵ན་པའི་བྱ་བ་སླར་ཡང་དར་བའི་འཁོ༵ར་ལོ༵་གསུམ་གྱི་བོན་འཁོར་བསྐོར།། ལུས་སྲོག་གང་ལ་མ་ཆགས་མ་ཞེན་རྒྱལ་བསྟན་སྲོག་ལས་གཅེས་པར་འཛིན།། རིགས་བཟང་ཁུངས་བཙུན་མཉམ་མེད་བླ་མའི་རིང་ལུགས་དག་མ་སླར་ཡང་བསྲིངས།། ཟབ་གསང་བླ་མེད་སྔགས་སྡེ་ཆེནེ་མོ་བཀའ་འགྲེལ་གསལ་བྱེད་ཏི་ཀ་བཏབ།། བཞུ༵གས་པའི་གནས་ནི་ཕུན་ཚོགས་ལྔ་ལྡན་ཀླུ་གྲུབ་རི་ཡི་མདུན་ཞོལ་དུ།། འཁོར་ནི་ཕུན་ཚོགས་བསླབ་གསུམ་འདུས་སྡེའི་ངུར་སྨྲིག་འཛིན་པའི་ཁྱུ་ཚོགས་གཡོ།། དུ༵ས་ནི་ཕུན་ཚོགས་གྱེར་བསྟན་འཛིན་པའི་བསྟན་བཞུགས་ཆནེ་མོའི་འདུས་ཚོགས་སྐབས།། སྟོ༵ན་པ་ཕུན་ཚོགས་སྐྱེ་རྒུའི་མགོན་པོ་སྨྲ་དབང་ཡོངས་འཛིན་རྟག་བཞུགས་གསོལ།། ༧ ཞེས་སྤྱི་ལོར༢༠༡༦་ཟླ་བ་༤་ཚེས་༡༩་ཉིན་སྐྱབས་འོག་པ་ཚོགས་གཉིས་རྒྱ་མཚོ་ནས་བྲིས།

སློབ་དཔོན་ལགས། བདག་གི་སློབ་དཔོན།

རྩོམ་པ་པོ། རྔ་བ་སྐལ་བཟང་ཉི་མ།

འུ་ཅག་གི་སྟོན་པས་དཀའ་སྤྱད་ཀྱི་སྡུག་རུས་ལ་མ་འཛེམ་པར།   འཛམ་གླིང་འདིར་མུན་སེར་གྱི་སྒྲོན་མེ་ཞིག་གསར་དུ་བསྒྲོན་སོང་།   ཆིག་ཁྲི་བརྒྱད་སྟོང་།   ལོ་ཟླ་རིམ་གྱིས་འདས་སོང་།   

དུས་ཚོད་ལ་འཕོ་འགྱུར་ཆེ་བས་་་་་་་་་།  མར་མེ་དེ་རླུང་ནག་ཅིག་གིས་བཏུམ་ནས་གཟིམས་ལ་ཉེ་དུས།    ཁྱེད་ཀྱིས་ཕྱག་ཟུང་གིིས་ཕྱོགས་བཞི་ནས་བསྐྱོར་ཏེ་ཉེན་ཁ་ལས་ཡོངས་སུ་བསྐྱབས་སོང་།

སློབ་དཔོན་ལགས།  བདག་གི་སློབ་དཔོན།   ད་ལྟ་ཁྱེད་ཀྱིས་དཀའ་སྤྱད་བྱས་པའི་འབྲས་བུ་དེ་་་་་་་་འཛམ་གླིང་ན་སྒྲོན་མེ་འདི་ཉིད་འོད་སྟོང་འཚེར་ཞིང་བརྗིད་ཆགས་པ་ལ་ཨང་།

འོན་ཀྱང་་་་་་་་་རྨོངས་པ་སྟེ་་་་་་་་་རྨོངས་པ་ནི་རྨོངས་པ་རང་ཡིན་ཕྱིར།   འུ་ཅག་གི་སྟོན་པས་་་་་་་་་་་་་་་་་་”ཉི་མའི་དཀྱིལ་འཁོར་འོད་འབར་བ།   །སྒོ་འགག་དབང་པོས་མཐོང་བ་མིན།།” ཞེས་གསུངས་པ་ཇི་བཞིན།    མུན་ནག་ལས་ཕྱིར་བཏོན་མ་མྱོང་ཞིང་།   རང་རློམ་ཆེ་བའི་འུག་པ་འགས་་་་་་་རྫུན་དྲུག་གི་མཚོན་ཆ་ལག་ཏུ་ཐོག   ཁྲེལ་མེད་ཀྱི་གོ་ཆ་ཕྱི་ལ་བགོས་ནས་དཔུང་འཇུག་ཅི་ཙམ་བྱས་རུང་།   ཁྱེད་ཀྱིས་འཇིག་པ་མེད་པའི་སྙིང་སྟོབས་དང་།  ཞུམ་པ་མེད་པའི་དཔའ་ངར་བསྐྱེད་དེ།    འཇའ་ཚོན་སྦྲེལ་བའི་དར་ཆེན་ཞིག་མཁའ་ལ་སྒྲེང་བཞིན།    འཛམ་གླིང་གི་ཡང་རྩེ་ན་གྱེན་དུ་འགྲེང་སོང་།  

སློབ་དཔོན་ལགས།   བདག་གི་སློབ་དཔོན།   ཁྱེད་ཉིད་ད་དུང་འདི་ལྟར་བསྐལ་པ་ནས་བསྐལ་པར་གྱེན་དུ་འགྲེང་བཞིན་གནས་དགོས་ཏེ།    མིག་འབྲས་ཁྲི་སྟོང་མང་པོ་ཁྱེད་ཀྱིས་བཟུང་བའི་སྒྲོན་མེ་དེའི་འོད་ཀློང་དུ་འཚོ་དགོས་ཤིང་།   ཁྱེད་མེད་ན་སྒྲོན་མེ་འདི་ལ་རླུང་ནག་གིས་གནོད་ན་སུ་ཡིས་འགོག    ཁྱེད་མེད་ན་བླ་སྲོག་གི་དར་ཆེན་སུ་ཡིས་བསྒྲེང་། ཁྱེད་མེད་ན་རིག་གནས་ལྔའི་དཀའ་གནད་སུ་ལ་འདྲི།   རྒྱུ་མཚན་དེ་དག་གི་ཕྱིར་ན།   ཁྱེད་ཉིད་ད་དུང་བསྐལ་པ་ནས་བསྐལ་པར་གནས་ཤིང་འཚོ་དགོས།  ཁྱེད་ཉིད་ང་ཚོའི་ཆེད་དུ་འཚོ་དགོས།   ཁྱེད་ཉིད་སྒྲོན་མེ་དེའི་མདུན་དུ་བསྐལ་པ་ནས་བསྐལ་པར་གནས་དགོས།          སློབ་དཔོན་ལགས།   བདག་གི་སློབ་དཔོན།

ཡོངས་འཛིན་བླ་མར་དད།

རྩོམ་པ་པོ། ཁྱུང་བཙན་རྒོད།

༧ ཕྱི་ལ་རྒྱན་གོས་དབུལ་བའི་ཉམས་ཆུང་ཞིག། ནང་ལ་ཤེས་རིག་ཟབ་པའི་དཔའ་བོ་སྟེ།། ཕྱི་ནང་གང་ལ་འཇོག་ན་ནོར་བུ་ཞིག། རྒྱང་རིང་ས་མཐའི་ཡུལ་གྱི་སེང་ཆེན་འདུད།། ༧ གངས་དཀར་རི་བོ་ཏི་སེར་གོམ་པས་འཇལ།། མཚོ་མོ་མ་ཕམ་གཡུ་མཚོ་ཕྱག་ཏུ་བསྐྱིལ།། སྙིང་རུས་ཨུ་ཚུགས་རྒོད་པོས་ས་ཚིགས་བཟུང་།། དོན་གྱི་དཔའ་བོ་རིག་པའི་དཔའ་བོར་བསྟོད།། ༧ ལ་ཆེན་ལ་མོའི་ཕ་རོལ་རྒྱང་རིང་ཡུལ།། ཆུ་ཆེན་ཆུ་བོ་མང་པོའི་ཕར་ཀ་ལ།། མགོན་མེད་དྭ་ཕྲུག་མང་པོའི་རྩམ་ཁུག་སྟེ།། སྲིད་དཀོན་གཙུག་གི་ནོར་བུ་རྣམ་པར་རྒྱལ།། ༧ ཅི་བྱ་འདི་བྱེད་མེད་པའི་ས་མཐའ་ན།། སྨག་རུམ་མུན་པའི་ཁྲོད་ཀྱི་སྒྲོན་མེ་ཞིག། ཆར་རླུང་རྡུལ་འཚུབ་གསེང་གི་གནས་ཚང་ཞིག། གནམ་འདེགས་ཀ་ཆེན་ཁྱེད་ཀྱི་ཞབས་ལ་འདུད།། ༧ དགུང་གྲངས་དགུ་བཅུར་ཕེབས་པའི་བགྲེས་པོ་ཞིག། དགྱེས་པའི་འཛུམ་ཞལ་གདམས་ངག་དཀྲོལ་བཞིན་བཞུགས།། དེ་ནི་འུ་ཅག་བསོད་སྐལ་ཡིན་པས་ན།། སྐུ་ཚེ་མི་འགྱུར་རྟག་ཏུ་བརྟན་པར་ཤོག། ༧ ཁྱེད་སྐུ་གསེར་ཉི་བཞིན་དུ་འོད་འཕྲོས་པས།། ཐུགས་སྲས་འཁོར་སློབ་དུ་མས་ཕྱོགས་ནས་བསྐོར།། མཁྱེན་བརྩེ་ནམ་མཁའ་ལྟ་བུ་ཀུན་ཁྱབ་པས།། གང་འདོད་ཡོན་ཏན་ཟད་མེད་ཆར་ལྟར་འབེབ།། ༧ དཔའ་བོ་འབྲུ་ལྔའི་སྲས་པོ་སྨྲ་སེང་རྗེ།། འཕྲུལ་ཡིག་བཞི་བཅུའི་ཕྱུག་པའི་བླ་མ་མཆོག། སྒོ་བཞི་མཛོད་ལྔས་བཞེངས་པའི་གསས་ཁང་སྟེ།། ཐེག་དགུ་བོན་གྱི་མཛོད་འཛིན་ཡོངས་འཛིན་རྒྱལ།། 2016/4/20/ཉིན་ཁྱུང་བཙན་རྒོད་འབོད་པ་གང་དེས་ཁྱུང་དབུས་བོན་གླིང་ནས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་སོར་རྩེ་ནས་ཁ་པར་གྱི་འཆར་ངོས་སུ་བཏེགས།

སེམས་ཀྱི་བརྟན་བཞུགས།།

རྩོམ་པ་པོ། སྟག་བུ་དམར་ཆུང་།

༧ ཞྭ་དཀར་བོན་གྱི་གྲྭ་སར་བཞུགས་ནས་དགུང་ལོ་གོ་ཅིག་མ་ཕེབས་བར།། ཕ་ས་གངས་རིའི་བླ་སྲོག་དམར་པོ་བཤད་སྒྲུབ་བོན་གྱི་བསྟན་པ་བསྐྱངས།། ཆེ་གྲགས་གཏམ་གྱི་མ་གོས་བྱམས་དང་སྙིང་རྗེའི་རང་གཟུགས་རྩ་ཆེན་རྫོགས།། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ལ་བོན་གྱི་བསྟན་པའི་སློབ་གསོ་གནང་།། ༧ དུས་ཀྱི་འགྱུར་ལྡོག་རླུང་ནག་འཚུབ་ཀྱང་སངས་རྒྱས་བསྟན་པའི་མགོན་དུ་གྱུར།། རབ་འབྱམས་དགེ་བའི་དངོས་སློབ་དུས་མས་བོན་གྱི་བསྟན་པ་མཐའ་ནས་སྐྱོང་།། ཁྱེད་ཀྱི་མཛད་འཕྲིན་གོ་ལའི་ཡོངས་ལ་ཉི་མ་བཞིན་དུ་རྟག་འཆར་བའི།། ས་སྟེང་བོན་འབངས་ཡོངས་ཀྱི་བསོད་ནམས་མ་ཉམས་ཁྲི་ལོ་བརྟན་པར་ཤོག།

ཡོངས་འཛིན་རིན་པོ་ཆེ།

དྲུང་མུ་ཨ་ཡུ།

༧ ཤེས་རབ་མི་ཡི་ལྷ་མཆོག་སྨྲ་བའི་སེང་།། སྒྲ་དབྱངས་རིག་པའི་རྒྱལ་མོ་མཚོ་བྱུང་མ།། རྒྱལ་བ་ཀུན་གྱི་ཡུམ་ཆེན་ཨེར་སངས་ཡུམ།། སྐྱབས་རྗེ་བླ་མ་ཡོངས་འཛིན་ཆེན་མོ་ཡི།། བརྟན་བཞུགས་ཤིས་ཚིག་འབུལ་བའི་གྲོགས་ལ་སྤྱོན།། ༧ ཟླུམ་གཟུགས་གོ་ལ་རིལ་མོའི་དབུ་རྩེ་འམ།། ལྷོ་རྒྱལ་འཛམ་གླིང་སོ་ཀའི་ལྟེ་དབུས་སྟེ།། གངས་ལྗོངས་བསིལ་ལྡན་གྱེར་གྱི་ཞིང་ཁམས་ཀྱི།། སྐྱབས་མགོན་བླ་མ་རྟ་བདུན་དབང་པོ་ཡིས།། འགྲོ་ཀུན་དགའ་བདེའི་དྲོད་སྐྱིད་ཡོངས་སུ་བསྐྲུན།། ༧ སྤྱི་བོ་གནམ་གཏད་གདུལ་བྱའི་འགྲོ་ཡོངས་ཀྱི།། སྲིད་པའི་སྙིང་ནོར་དྲུང་མུ་གྱེར་གྱི་བསྟན།། བསྐལ་པ་མར་འགྲིབ་སྙིགས་མའི་དུས་འདི་རུ།། ཐུགས་ལྗག་སྤྱན་གསུམ་ལས་ཀྱང་གཅེས་འཛིན་སྟབས།། ད་ལྟ་གཟི་འོད་ཟིལ་པ་འཕྲོ་བཞིན་འདུག། ༧ སྐྱབས་རྗེ་བླ་མ་ཡོངས་འཛིན་ཆེན་མོ་ལགས།། ཁྱེད་ཉིད་ཞིང་འདིར་སྟོན་པར་མ་བྱོན་ན།།  དྲུང་མུ་གྱེར་གྱི་བསྟན་པ་ཡིད་བཞིན་ནོར།། རེ་ཞིག་ནུབ་རིའི་ཕག་ཏུ་ཡིབ་ཉེ་བས།། ཁྱེད་ཉིད་དུས་ཀྱི་སྟོན་པ་མངོན་བྱོན་ཡིན།། ༧ སྐྱབས་རྗེ་བླ་མ་གྱེར་སྤུངས་ཆེན་མོ་ལགས།། གང་ཉིད་བསྟན་འདིའི་རྗེས་འཛིན་མ་བྱོན་ན།། ལོ་ངན་ས་ཕག་དུས་འགྱུར་རླུང་ནག་ཁྲོད།། བསྟན་པའི་མེ་རོ་སྤར་མཁན་གཞན་མེད་པས།། ཁྱེད་ཉིད་གྱེར་བསྟན་འདེགས་པའི་ཀ་ཆེན་ཡིན།། ༧ སྐྱབས་མགོན་བླ་མ་རྟ་བདུན་དབང་པོ་ལགས།། ཁྱེད་ཉིད་གོ་ལའི་ལྫོངས་འདིར་མ་འཁྲུངས་ན།། ས་ཆེན་གོ་ལ་གནས་པའི་སྐྱེས་དངོས་ཀུན།། ཉེར་དགུའི་མུན་པ་ནག་པོས་སྒྲིབ་འགྲོ་བས།། ཁྱེད་ཉིད་མུན་པ་སེལ་བའི་ཟླ་གཞོན་ཡིན།། ༧ དེར་བརྟེན་གང་ཁྱེད་མེད་ན་ཐབས་ཆག་པས།། འཆི་མེད་རིག་འཛིན་ཚེ་ལྷས་སྐུ་ཚེ་བསྲིངས།། ཡི་དམ་བོན་སྐྱོངས་སྲུང་མ་གྲིབ་བཞིན་འཁོར།། བུ་སློབ་ཁྲི་མ་འབུམ་གྱིས་ཤིས་ཚིག་འབུལ།། སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་འདེབས།། ༧ ཁྱེད་ལ་བསྟོད་ཅིང་ཤིས་ཚིག་ཕུལ་བའི་མཐུས།། ཁྱེད་ཀྱི་དགོངས་དོན་ཡིད་བཞིན་འགྲུབ་པ་དང་།། ཁྱེད་ཀྱི་སྐུ་ཚེ་གཡུང་དྲུང་ཁྲི་རུ་བརྟན།། ཁྱེད་ཀྱི་གདུལ་བྱ་མཐའ་རུ་ཕྱིན་ནས་ནི།། ཁྱེད་འདྲའི་སྐྱེས་ཆེན་བསྟན་འཛིན་གསོ་ནུས་ཤོག། ༧ དད་པའི་མིག་ཆུ་འབྲུག་པའི་ཆུ་ཐིགས་དང་།། དད་པའི་སྤུ་ལོང་གཡོས་པའི་ཚོར་སྣང་དང་།། དད་པ་སེམས་ནས་བྱུང་བའི་ཕྱག་རྒྱ་གསུམ།། ཁྱེད་ཀྱི་སྐྱབས་འོག་ཚུད་པའི་ཐོས་ཆུང་པ།། གཡུང་དྲུང་ཚེ་དབང་ཞེས་པ་གུས་པས་ཕུལ།།

སེམས་ཀྱི་ཟླ་བ།

རྩོམ་པ་པོ། ཁྱུང་བསྟན་རྒྱས།

མཁའ་དབྱིངས་ཀྱི་ཉི་མ།

ཐོ་རངས་ཀྱི་སྐར་ཆེན།

བཅོ་ལྔའི་དུང་ཟླ།

དྲིན་ཆེན་གྱི་བླ་མ།

ཁྱེད་ནི་དགུང་སྔོན་གྱི་དབྱིངས་སུ་གསལ་ལམ་ལམ་དང་མ་འགྲོ་དྲུག་གི་སེམས་ཅན་ལ་ཡིད་ཀྱི་མཐིལ་དུ་དྲོད་འུར་འུར་དང་དུས་ཚོད་འཁྲུག་པའི་འགྲོ་བའི་དུས་སྟོན་དང་ཚ་བས་གདུང་བ་རྣམས་ལ་བསིལ་སྦྱིན་པའི་སློབ་དཔོན་ཁྱེད་ནི་ནམ་ཡང་གོ་ལའི་སྟེང་དུ་ནུབ་མེད་དུ་འཆར་བར་སྨོན།

བར་སྣང་གི་སྤྲིན།

ཁུ་བྱུག་གི་གསུང་།

མཁའ་ལྡིང་གི་རྒྱལ་པོ།

མི་ཡི་སེང་གེ།

ཁྱེད་ནི་འགྲོ་དྲུག་གི་ཡིད་ཀྱི་ཞིང་ས་གཤིན་པོ་ལ་དགེ་བའི་ཆར་ཟིམ་ཟིམ་དུ་འབབ་པའི་ཆུ་འཛིན་དང་དཔྱིད་ཀྱི་དཔལ་མོ་དགའ་ལྷང་ལྷང་དུ་བསུ་བའི་ཕོ་ཉ་སྡེར་ཆགས་རྙོག་གྲའི་ཚོགས་ཟིལ་གྱིས་གནོན་པའི་དཔའ་བོ་ཡོངས་འཛིན་བླ་མ་མཆོག་དུས་ནམ་ཡང་བཞུགས་པར་སྨོན།

འདོད་འབྱུང་གི་ནོར་བུ།

དཔལ་བསམ་གྱི་ལྗོན་ཤིང་།

བདུད་རྩི་ཡི་ཆུ་བོ།

བོན་གྱི་སྒོ་མོ།

ཁྱེད་ནི་འགྲོ་དྲུག་ལ་གང་དགོས་སྟེར་བའི་རྣམ་སྲས་དང་ཁྱེད་ཀྱི་བྱིན་རླབས་ཀྱིས་ནད་མུག་སོགས་ཞི་ནས་སྨོན་ལམ་གང་བཏབས་འགྲུབ་པ་དང་ཁྱེད་ཀྱི་ཐུགས་རྗེས་བར་ཆད་ཀྱིས་མི་ཚུགས་པ་བླ་མ་ཁྱེད་ནི་ཚེ་ཡི་གཡུང་དྲུང་བརྟན་ཏེ་ནམ་ཡང་འགྱུར་བ་མེད་པ་བསྐལ་བརྒྱར་བརྟན་བཞུགས་ཞུ།

བསྟན་པའི་སྲོག་ཤིང་།

བོན་གྱི་ཀ་ཆེན།

འགྲོ་བའི་མུན་སེལ།

ཐར་པའི་དེད་དཔོན།

ཁྱེད་ནི་ཙན་དན་གྱི་ལྗོན་ཤིང་ལ་གཡུ་ཡི་ལོ་འདབ་རྒྱས་ཏེ་མི་འགྱུར་གཡུང་དྲུང་གི་ཁྲི་རུ་བཞུགས་ཏེ་སེེམས་ཅན་གྱི་བློ་ཡི་མུན་རྒྱ་མཐའ་རུ་བཀར་ནས་་དཀར་ནག་གི་སྤང་བླང་རྣམ་དབྱེ་བསྟན་ཏེ་བརྩེ་ཆེན་གྱི་རྒྱལ་སྲས་ཁྱེད་ཀྱི་ལས་བཞི་མཐའ་རུ་ཕྱིན་པར་སྨོན། ཁྱུང་བསྟན་རྒྱས་ནས་སྒོ་གསུམ་གུས་པ་ཆེན་པོས་སྦྱར་བའོ། ༢༠༡༦//༢༡ཉིན།

དད་པའི་ཀློང་ནས་འཕྱུར་བའི་བསྟོད་ཚིག་ངག་གི་མཆོད་པ།།

རྩོམ་པ་པོ། སྟོང་གསུམ་རིང་ལུགས།

༧ བསླབ་གསུམ་རྩིབས་སྟོང་འཁོར་ལོའི་འགྲོས།། འཛམ་གླིང་ཤར་ནུབ་ཀུན་ཏུ་བསྒྱུར།། ཕན་བདེའི་འབྲས་བུ་གཡུར་ཟ་བ།། ཕྱོགས་དང་ཕྱོགས་མེད་ཀུན་ལ་སྨིན།། ༧ གནའ་དེང་ཟུང་འབྲེལ་བསླབ་བྱའི་དོན།། སྙན་དགུའི་སྤྲིང་ཡིག་བདུད་རྩིའི་ཆར།། བློ་གསར་པད་མའི་ཚོགས་རྣམས་ལ།། ཡོངས་སུ་བབས་བས་བཞད་པར་བྱས།། ༧ ཐུགས་བསྐྱེད་ཉི་འོད་འབུམ་འཕྲོས་བས།། ཕལ་བའི་མཛད་འཕྲིན་མོག་པོར་བྱས།། བོན་བསྟན་གསེར་གྱི་ཆག་ཤིང་དེ།། བསྒྲེངས་པའི་དགེ་མཚན་བླ་ན་མེད།། ༧ ཨེ་མ་སྐྱེས་ཆེན་སྲིད་པའི་མིག །འགྲོ་བའི་དོན་དུ་མ་ཤར་ན།།
སྙིགས་ལྔའི་མུན་པ་སྟུག་པོ་དེ།། སེལ་མཛད་གཉེན་པོ་གང་ནས་བཙལ།། ༧ དེ་ཕྱིར་བསྟན་དང་འགྲོ་བའི་དོན།། གནས་འདིར་བཞུགས་སུ་གསོལ་བ་ཡི།། ཞུ་བའི་གདུང་དབྱངས་ཚིག་གསུམ་པོ།། ངག་གི་སྒོ་མོའི་ལམ་ནས་རྡོལ།། བོན་གྱི་གདན་ས་རུ་ལག་གཡུང་དྲུང་གླིང་ནས་སྟོང་བསམ་རིང་ལུགས་ཀྱིས།།

དད་སེམས་མགུལ་རྒྱན།

དབང་མེད་གངས་ཕྲུག

༧ བསྟན་པའི་དོན་དུ་སྐུ་སྲོག་གནང་ཞིང་སྐུ་ལུས་ཕུལ།། རྒྱུད་མེད་ས་མཐའི་རྒྱ་ཁམས་ཞིག་གི་ལྟེབས་ཁུག་ཏུ།། བསྟན་པའི་མེ་རོ་སྤར་བས་སྨྲ་སེང་གཞོན་ནུ་ཉིད།། སེམས་ཀྱི་དད་རྩ་ཡིན་ལ་ཡིད་ཀྱི་སངས་རྒྱས་ཡིན།། ༧ དད་པའི་སེམས་རྩ་ཡིད་ནས་འགུལ་ཞིང་ལུས་ནས་ལངས།། ཐུགས་ཀྱི་བྱིན་རླབས་ཁམས་གསུམ་འགྲོ་བའི་རྒྱུད་དུ་ཁྱབ།། མཛད་འཕྲིན་ཉི་འོད་ས་གཞིའི་གོ་ལ་ཡོངས་ན་སྐྱོང་།། རིས་མེད་འགྲོ་བ་ཁམས་ཀྱི་སྤྱི་ནོར་ཆེན་པོ་འོ།། ༧ བཀའ་སློབ་གསེར་རིན་སེམས་ནས་དྲན་ཞིང་ཡིད་དུ་ངེས།། རྒྱལ་བ་དུས་ཀྱི་སྟོན་པ་ཉི་ཟླ་ཟུང་འབྲེལ་གཉིས།། སྐུ་ན་བགྲེས་ཀྱང་ཐུགས་རིག་གསལ་བ་བསོད་ནམས་ཤིག། ཁྱེད་གཉིས་སྐུ་ཚེ་རྒྱལ་མཚན་བརྟན་པའི་གསོལ་དར་འབུལ།།

རྟག་ཏུ་འཆར་བའི་ཉི་ཟླ།

ཁྱུང་པོ་ཚང་།

༧ དུས་ཀྱི་སྨག་རུམ་ཁྲོད་དུ་མ་ཡིབ་པའི།། བོན་གྱི་མཛོད་འཛིན་ཉི་ཟླ་ཆ་གཅིག་གི། སྐུ༵་མཆོག་མཚན་དཔེ་མི་འགྱུར་གསེར་ཁྲིའི་སྟེང་།། མི་ནུབ་རྒྱལ་མཚན་བཞིན་དུ་རྟག་བརྟན་ཤོག། ༧ ཕྱོགས་དང་གྲུབ་མཐའི་འགྲན་རྩོད་འཕེལ་རིམ་ཁྲོད།། གཞན་འོག་མ་འཁུམ་རང་གཞུང་སྒྲོག་ཕོད་པ།། བོན་གྱི་ཀ་ཆེན་ཉི་ཟླ་ཆ་གཅིག་གི། གསུ༵ང་དབྱངས་ཨུན་ཆེན་དུས་ཀུན་རབ་སྒྲོག་ཤོག ༧ དུས་འགྱུར་འཕྲང་ཆེན་ཞིག་གི་ཁུགས་སོ་རུ།། གཤེན་གྱི་བསླབ་གསུམ་ཁུར་ཏེ་ལྷོ་མཐར་བྲོས།། བོན་གྱི་སྲོག་འཛིན་ཉི་ཟླ་ཆ་གཅིག་གི། ཀུན་མཁྱེན་ཐུ༵གས་ཀྱི་དཔལ་བེའུ་ཇེ་བཀྲ་ཤོག། ༢༠༡༦-༤-༢༡ཉིན་དཔལ་གྱི་སྟེང་དགོན་ནས།

བསྟོད་ཚིག་ལྷ་ཡི་རོལ་མོ།

རྩོམ་པ་པོ། མེས་པོའི་ཁྲག་རྒྱུན།

༧ བསླབ་གསུམ་རྣམ་དག་རྩ་བ་རབ་བརྟན་པ།། ཐོས་བསམ་སྒོམ་པའི་ཡལ་གའི་ལོ་འདབ་རྒྱས།། དོན་གཉིས་ལྷུན་གྲུབ་ཟེའུ་འབྲུས་ལེགས་བལྟམས་པའི།། ཡོངས་འཛིན་ལྷ་ཡི་བླ་མའི་སྐུ་ལ་འདུད།། ༧ ཡང་གསང་བླ་མེད་ཐེག་པའི་ཡང་བཅུད་བརྔུབས།། ལས་ལྡན་སྐྱེས་བུའི་མགྲིན་པར་ལེགས་དྲངས་ནས།། ས་ལམ་རྟོགས་པའི་ལང་ཚོ་སྨིན་མཛད་པ།། ས་གསུམ་འགྲན་བྲལ་སྨྲ་དབང་རྒྱལ་གྱུར་གཅིག།་༧ འགྲོ་ལ་བརྩེ་བའི་ཐུགས་རྗེས་ཉེར་དྲངས་ནས།། ལེགས་བཤད་ལུང་གི་འོད་ཐག་སྲིད་ན་སྤྲོས།། མཛད་འཕྲིན་སྣང་བས་བསྟན་འགྲོ་སྐྱོང་མཛད་པོ།། མོས་ལྡན་འགྲོ་པའི་དེད་དཔོན་ཁྱེད་ལ་བསྔགས།། ༧ སྤངས་རྟོགས་ཕུན་ཚོགས་རྒྱལ་སྲས་མི་ཡི་སེང་།། སྐལ་ལྡན་སྐྱེས་མཆོག་རྣམས་ཀྱི་གཙུག་གི་ནོར།། ཉམ་ཐག་འགྲོ་བ་ཀུན་གྱི་མགོན་གཅིག་པུ།། མཚུངས་མེད་འགྲན་བྲལ་ཆེན་པོ་ལན་བརྒྱར་བསྟོད།། ༧ ལྟ་བ་ཡས་ཕུབ་ཀུན་བཟང་རྒྱལ་ས་བཟུང་།། སྤྱོད་པ་མས་འཛེག་འདུལ་ཁྲིམས་སྲོག་ལས་གཅེས།། ལྟ་སྤྱོད་ཟུང་འབྲེལ་མཁས་རྒུའི་གཙུག་གི་ཕུད།། ཡོངས་རྫོགས་བསྟན་པའི་མངའ་བདག་ཨེ་མ་རྨད།། ༧ བསྟ༷ན་པའི་རྒྱལ་པོ་ཞྭ་དཀར་དྲུང་མུ་གྱེར།། འཛི༷ན་སྐྱོང་སྤེལ་བའི་མཛད་འཕྲིན་གླིང་བཞིར་ཁྱབ།། རྣ༷མ་ཀུན་བོན་གྱི་གྲུ་ཆར་འབེབས་མཛད་པ།། ད༷ག་པ་གཉིས་ལྡན་བདག་ཉིད་སྨྲ་དབང་རྗེ།། ༧ གང་ཁྱེད་ཞབས་པད་མི་འཇིག་གདོང་ལྔའི་ཁྲིར།། ཚེ་དབང་རིག་འཛིན་སྐུ་དང་དབྱེར་མེད་པར།། གསང་གསུམ་མཛད་ཕྲིན་ཉི་མ་རྟག་འཆར་ཏེ།། འཁོར་བ་མ་སྟོང་བར་དུ་བཞུགས་གསོལ་འདེབས།།

དགའ་སྟོན།

རྩོམ་པ་པོ། ཀུན་གསལ་ཟླ་བ།

༧ ལྷ་ཡི་ལམ་ནས་ཉི་ཟླ་ཟུང་གིས་འོད་ཀྱི་རླབས་ཕྲེང་གཡོ་བ་བཞིན།། འཛིན་མའི་ཁྱོན་ན་མཁན་སློབ་རྣམ་གཉིས་འགྲོ་ཀུན་གཙུག་གི་རྒྱན་དུ་འཚེར།། ལུས་ཅན་འགྲོ་བར་དད་པའི་ལྷ་སྐལ་སྐུ་ཚེ་ཡུན་དུ་བརྟན་ནོ་ཞེས།། དད་ལྡན་ཡོངས་ཀྱི་རྣ་བའི་ཞིང་སར་གཏམ་བཟང་སྙེ་མའི་མགོ་ལྕོགས་ལྡེམ།། ༧ དགའ་བ་འབུམ་གྱིས་མྱོས་པའི་དུང་ཤོག་སྟེང་།། དད་པ་སྟོང་གིས་བཟི་བའི་སྨྱུག་རྩེ་གཡོ།། སྤྲོ་བ་ཚད་མེད་བརྟས་པའི་རྗེས་ཤུལ་དུ།། ལས་དོན་ལེགས་གྲུབ་མིག་གི་དགའ་སྟོན་བཤམས།། ཞེས་སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཞབས་རིམ་དང་། སྐྱབས་རྗེ་༧ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ལེགས་པར་གྲུབ་པའི་འཚམས་སུ་ཀུན་གསལ་ཟླ་བས་བྲིས་པ་དགེའོ།། །།

དེ་རིང་སྐལ་བཟང་བྲོ་ར་ཡག

རྩོམ་པ་པོ། སྲིད་པའི་མིག

༧ ལྷ་འབངས་གདན་གཅིག་འཛོམས་པའི་དུས་ཚོད།། དེ་རིང་ཉིན་བཟང་སྐལ་བཟང་ཚེས་སོང་།། དགའ་སྤྲོའི་བྲོ་གླུ་གཞས་གསུམ་མཆོད་པ།། སྐྱབས་གནས་དཀོན་མཆོག་གསུམ་ལ་འབུལ་ལོ།། ༧ ཀྱེ་དཔོན་གསས་བླ་མ་རིན་པོ་ཆེ།། ཞིང་འདིར་ཕེབས་པ་སྐལ་པ་བཟང་ངོ་།། འགྲོ་དོན་མཛད་པ་བཀའ་དྲིན་ཆེའོ། །བརྟན་དུ་བཞུགས་པར་གསོལ་བ་འདེབས་སོ།། ༧ ཁྱེད་ཀྱི་མཛད་འཕྲིན་ཉི་མའི་འོད་རེད།། ཉི་འོག་རྒྱལ་ཁམས་འོད་ཀྱིས་དྲོས་སོང་།། ཁྱེད་ཀྱི་ཞབས་ཟུང་རླུང་རྟའི་ཤུགས་རེད།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་གཡོས་སོང་།། ༧ ཁྱེད་ཀྱི་གདམས་ངག་རྣ་བའི་བདུད་རྩི།། འགྲོ་བ་དྲུག་ཀའི་ཡིད་ལ་བབ་སོང་།། ཁྱེད་ཀྱི་དགོངས་པ་བློ་འདས་ཆེན་པོ།། སློབ་ཚོགས་ངེད་ཚོའི་སྙིང་ལ་སིམ་ཡོད།། ༧ ཁྱེད་ཀྱི་མཁས་པའི་བྱ་བ་དྲུག་ཀ། རྣམ་པར་དག་པའི་མཛད་རྣམ་གྱུར་ནས།། རྒྱལ་བའི་གསུང་རབ་ཁྲི་སྡེ་འབུམ་སྡེའི།། གསལ་བྱེད་རྗེས་བཞག་ཚིག་ལ་བསྟར་སོང་།། ༧ ཁྱེད་ཀྱིས་སློབ་ཚོགས་སྐར་མའི་གྲངས་ལ།། མདོ་སྔགས་རྫོགས་གསུམ་རིག་པའི་གནས་རྣམས།། སེམས་ཀྱི་བཅུད་དུ་ཤིས་པ་བསྩལ་བས།། གཡུང་དྲུང་བོན་གྱི་བསྟན་པ་ཚུགས་སོང་།། ༧ ཁྱེད་ཀྱི་གསང་གསུམ་མཛད་འཕྲིན་རེ་རེ།། ང་ཚོའི་སེམས་ཀྱི་ཉི་མ་ཡིན་པས།། ཁྱེད་སྐུ་འབྲལ་མེད་སྤྱི་བོའི་རྒྱན་དུ།། བཞུགས་པའི་གསོལ་འདེབས་སྙིང་ནས་ཞུའོ།། ༧ དེ་རིང་དགའ་སྐྱིད་བྲོ་ར་ཐམས་ཅད།། གླུ་དང་ཞབས་བྲོའི་མཆོད་པས་བཀང་ནས།། ཁྱེད་ཀྱི་སྐུ་གསུང་ཐུགས་མཆོག་བརྟན་པའི།། རྟེན་འབྲེལ་སྨོན་ལམ་སེམས་ཀྱིས་འདེབས་སོ།། ཕྱི་ལོ་ ༢༠༡༦ དགེ་ཤིང་ཤིས་པའི་ཉིན་སྲིད་པའི་མིག་གིས་བྲིས།

མཇུག་གཏམ།

ངེད་མེ་ལོང་ཡེ་ཤེས་དྲ་ཚུགས་ཀྱིས་༼སེམས་ཀྱི་ཉི་ཟླ་རྣམ་གཉིས་བརྟན་དུ་བཞུགས་པའི་ཤིས་སྨོན་༽ཞེས་པའི་རྩོམ་ཡིག་ཕྱོགས་བསྡུས་ཞུས་པ་ལས་འདིར་ཁྱོན་རྩོམ་པ་པོ་བརྒྱད་བཅུ་ ༨༠ ཐམ་པའི་རྩོམ་ཡིག་རྣམས་རྟེན་འབྲེལ་གྱི་གནད་མ་འཆུག་པར་ལེགས་འདེམ་བྱས་ཏེ་ངེད་ཚོས་སྟོད་སྨད་བར་གསུམ་དུ་ཕྱེས་ནས་ཀློག་པ་པོ་རྣམས་ལ་སྟབས་བདེ་བསྐྲུན་ཡོད་པ་དང་། དེ་བཞིན་རྩོམ་ཡིག་རེ་རེ་བཞིན་མིག་བཤེར་ཚར་རེ་གཉིས་བྱས་པ་ཡིན་ན་ཡང་ད་དུང་ལྷག་ཆད་ནོར་གསུམ་དང་། མ་འདང་བའི་ཆ་ཇི་སྙེད་ཅིག་ཡོད་སྲིད་པས་རྩོམ་པ་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་དང་སྦྲགས་འདི་ལྟའི་ཐུན་མོང་མཉམ་སྤེལ་ལ་རམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ། ད་དུང་གསལ་བཤད་དགོས་པ་གཞན་ཞིག་ལ་ཁ་སང་གླེང་བརྗོད་སྐབས་ཞུས་ཟིན་པ་ལྟར་ངེད་ཚོས་ཧ་གོ་བའི་དགོན་བདག་བླ་མ་དགེ་བཤེས་རེ་གཉིས་ཕུད་གཞན་རྣམས་རྩོམ་གྱི་གོ་རིམ་སྒྲིག་ཚུལ་སླེབས་རིམ་དང་བསྟུན་བང་བསྒྲིགས་ནས་སྡེ་ཚན་ཕྱེས་པའི་རྣམ་པ་ཞིག་ལས་དྲག་ཞན་དང་བསླབ་པའི་གོ་རིམ་ཕྱེས་པ་ཞིག་མ་ཡིན་ནོ་ཞེས་ཞུའོ།། སྤུས་ཚད་ཟེར་བ་ནི་ཀློག་པ་པོ་དང་རྩོམ་པ་པོ་ཐུན་མོང་གི་གྲུབ་ཆས་ངོས་འཛིན་གནང་སྟངས་ཤིག་ལས་མི་རེ་གཉིས་ཀྱིས་འདི་དང་དེ་ཞེས་ཁ་ཚོན་གཅོད་ན་འཚམས་པོ་དེ་ཙམ་མེད་པས་དེ་ལུགས་ཐུགས་འཇགས་ཡོད་པ་ཞུ་རྒྱུ་བཅས། སེམས་ཀྱི་ཉི་ཟླའི་ཤིས་སྨོན་གྱི་མདོ་རྒྱལ་ཁའི་ངང་གྲུབ་པའོ།། །།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པ་ཐུན་མོང་ནས་ཕྱི་ལོའི་ ༢༠༡༦ ཟླ་ ༠༤ ཚེས་ ༢༠ ཉིན།

(སྤྱིའི་གཟིགས་གྲངས། 156 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གནས་ཚུལ་འབ…
error: རྩོམ་འདི་བདག་དབང་ཅན་ཡིན།