སྐབས་སྦྱོར་གྱི་ཡི་གེའི་སྒྲ་དོན་ལ་དཔྱད་པ།
རྩོམ་པ་པོ། ཀུན་ཁྱབ་རྒྱལ་མཚན།《ཚད་མའི་འཛིན་གྲྭ》ཁྲི་བརྟན་ནོར་བུ་རྩེ།
སྤྱིར་མི་རིགས་སུ་དང་སུ་ཡིན་ཡང་རང་རང་གི་སྐད་རིགས་རེ་དང་། སྐད་རིགས་དེ་དང་མཐུན་པའི་ཡི་གེ་དང་། ཡི་གེ་དེ་ཉིད་ཐོག་མར་སྲོལ་གཏོད་མཁན་འདི་ཡིན་ཞེས་མཛུབ་མོ་འཛུགས་ས་ཞིག་ཡོད་པ་ནི་སྨོས་མ་དགོས་པ་རེད། དེ་བཞིན་གངས་ཅན་བོད་ཀྱི་སྐད་དང་མཐུན་པའི་ཡིག་སྦྱོར་ཕུན་སུམ་ཚོགས་པ་འདི་ཉིད་ཀྱང་། ཕར་འཕྲོ་ས་དང་ཚུར་འདུ་སའི་གཞི་མའམ་ཕྱི་མོ་ནི་འཕྲུལ་ཆེན་ཡི་གེ་བཞི་བཅུ་ཡིན་པ་དང་། དེ་ནི་ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས་སྟོན་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ལས་བྱུང་བ་ཡིན། སྡེ་འཛིན་ཁ་ཅིག་གིས་བོད་རང་གི་ཤེས་རིག་གི་ཕུགས་རྩ་ཁྱིམ་མཚེས་རྒྱལ་ཁབ་གཞན་ལ་གཏུག་ཅི་ཐུབ་བྱེད་པའི་ཆེད་དུ་བོད་ཡིག་འདི་ཉིད་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་བཟོས་ཞེས་བཤད་མཁན་ཡང་མཐོང་། དེ་དག་གི་སྐོར་ལ་གཤེན་བསྟན་རིང་ལུགས་འཛིན་པའི་མཁས་དབང་རྣམས་ཀྱིས་བདེན་དོན་ར་སྤྲོད་ཀྱི་ཚུལ་དུ་མཐའ་དཔྱོད་ཀྱི་སྡོམ་ཚིག་ཡང་ནས་ཡང་དུ་གནང་མྱོང་ཡོད། ལྷག་པར་དེང་སང་གི་དུས་འདིར་བྱས་རྗེས་ཅན་གྱི་མེས་པོ་གོང་མ་དག་གི་ཕྱག་སྲོལ་གནའ་དཔེ་རིན་ཐང་ཅན་རྣམས་གསར་ལུགས་བརྡ་ཡི་སྒྲིག་གཞིའི་འོག་ཏུ་བཙུད་ཅི་ཐུབ་བྱེད་པ་ལ་འཚེར་སྣང་སྤུ་ཙམ་མེད་པ་འགའ་ཡིས་ཡབ་མྱེས་གོང་མའི་རིང་ལུགས་ལ་ཁྱད་གསོད་ཆེན་པོ་ཞིག་བྱས་པ་མིན་ནམ་སྙམ། མཁས་པའི་དབང་པོ་ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་ནས། །རྒྱལ་བའི་ཐུགས་རྗེ་ཕྱོགས་མེད་དུ། །ཤར་བའི་གྲུབ་མཐའི་ཁྱད་མེད་ཀྱང་། །རང་རང་གོང་མའི་རང་ལུགས་དེ། །སོ་མར་བཞག་ན་རབ་ཏུ་དགེ །ཞེས་གསུངས་པ་དེ་ཅི་མི་བདེན། །རྣམ་དཔྱོད་ཡངས་པའི་རྗེས་རབས་པ་ཚོས། །བསྲེ་བསླད་མེད་པའི་ཡབ་མྱེས་ཀྱི་རིང་ལུགས་དག་སོ་མར་བཞག་པའི་སྒོ་ནས་བོད་རང་གི་ཤེས་རིག་ལ་རྒྱུད་འཛིན་དང་དར་སྤེལ་བྱ་ཐུབ་ན། ད་བཟོད་ཆེས་ཐོག་མའི་ཞིང་ཁམས་དེ་ལ་ཡང་བསྐྱར་འགྲེ་ལོག་ཐེངས་གཅིག་རྒྱག་ཐུབ་པར་གདོན་མི་ཟ་ཞེས་ཁོ་བོས་རྩོམ་ཐུང་འདི་ཡི་སྔོན་གླེང་གི་ཚུལ་དུ་སྨྲ་བར་སྤོབས། ད་བཤད་བྱ་དངོས་ལ་སྐབས་སྦྱོར་ཡན་ལག་སྤྱིར་བསྟན་པ་དང་། དབྱངས་གསལ་གྱི་ཁྱད་པར་ལ་དཔྱད་པའོ། །དང་པོ་སྐབས་སྦྱོར་ཞེས་པའི་ཐ་སྙད་ཀྱི་འདོགས་གཞི་ནི། ཞང་ཞུང་སྐད་དུ། ཀྵ་ཨི་ཨུ་ཨེ་ཨོ་ཨཾ་ཨཿ་ཥྚ་བྷི་མྷིང་བཅུ་པོ་དང་། བོད་སྐད་དུ། གུག་འགྲེང་ན་རོ་ཞབས་ཀྱུ་བཞི་དང་། མགོ་ཚེག་ཤད་གསུམ་དང་། ཡ་སྟ་ར་སྟ་ཀླད་ཀོར་བཅས་བཅུ་པོ་ཡིན། འདི་དག་ལ་སྐབས་སྦྱོར་ཞེས་པའི་ཐ་སྙད་དང་། སྐད་སྦྱོར་ཞེས་པའི་ཐ་སྙད་མི་འདྲ་བ་གཉིས་འདོགས་སྲོལ་ཡོད་པར་མངོན། དཔེར་ན་ད་ཆ་མཐོང་ཡུལ་དུ་གྱུར་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་འདུས་པ་རིན་ཆེན་གཟེར་མིག་སོགས་ལས། སྐད་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། ཞེས་གསུངས་པ་དང་། ཡང་མདོ་དྲི་མེད་གཟི་བརྗིད་ལས། སྐབས་སྦྱོར་ཡན་ལག་ཚོགས་ལ་ཕྱག་འཚལ། ཞེས་དང་། ལུང་ཁུངས་དེ་དག་ལ་གཞི་བཅོལ་ནས་བརྩམས་པའི་སྔོན་གྱི་བརྡ་སྤྲོད་ཁག་ལས་སྐད་སྦྱོར་གྱི་ཐ་སྙད་དེ་མཐའ་མ་བཀག་ཙམ་ལས་མང་ཆེ་ཤོས་སྐབས་སྦྱོར་གྱི་ཐ་སྙད་དེ་རང་བེད་སྤྱོད་བྱས་འདུག གོང་གསལ་ལུང་དེ་དག་གིས་ཐ་སྙད་མི་འདྲ་བ་གཉིས་འདོགས་སྲོལ་ཡོད་པ་ཞལ་གྲག་གི་འདུག ཐ་སྙད་འདི་དག་གཡུང་དྲུང་བོན་ལུགས་ཀྱི་རྒྱུད་གཞུང་ཁག་ལས་གྲགས་པའི་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཏུ་གྱུར། ཐ་སྙད་འདི་གཉིས་པོ་གང་གི་ཕྱོགས་ནས་གཞིགས་ན་གོ་དོན་ངེས་ཅན་རེ་ཡོད་པར་མངོན་ཏེ། དཔེར་ན་གསལ་བྱེད་སུམ་ཅུ་ནི་མིང་ཚིག་ཡི་གེའི་སྦྱོར་བ་ཐམས་ཅད་ཀྱི་ཁོག་དབུབ་པའི་གཞི་མ་སྐྱེས་བུའི་ལུས་ལྟ་བུ་ཡིན་ལ། དེ་མིང་གཞིར་བཟུང་བའི་སྒོ་ནས་སྐབས་ཐོབ་ཀྱི་བརྗོད་བྱའི་དོན་སྟོན་པའི་ཚིག་སྦྱོར་གྱི་ཆེད་དུ་ཡན་ལག་གི་ཚུལ་དུ་བཏགས་པས་ན་སྐབས་སྦྱོར་ཡན་ལག་ཅེས་དང་། བརྡ་སྐད་ཀྱི་བྱེ་བྲག་གམ་ཁྱད་པར་ཞིབ་ཏུ་སྟོན་པའི་ཚིག་སྦྱོར་གྱི་ཆེད་དུ་ཡན་ལག་རྒྱས་པར་བཏགས་པས་ན་སྐད་སྦྱོར་ཡན་ལག་ཅེས་སུ་འདོགས་པར་རིགས། མིང་གི་རྣམ་གྲངས་ལ། སྐབས་སྦྱོར་ཡན་ལག་དང་། སྐད་སྦྱོར་ཡན་ལག་དང་། བུ་ཡིག་ལ་སོགས་བརྗོད། གཉིས་པ་དབྱངས་གསལ་གྱི་ཁྱད་པར་ལ་དཔྱད་པ་ནི། དེང་གི་བོད་ཀྱི་བརྡ་སྤྲོད་ཕལ་མོ་ཆེ་ལྟར་ན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་ང་རོ་ཙམ་ཤས་ཆེ་བ་ཞིག་ལ་དབྱངས་དང་། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་མིང་གཞིར་གྱུར་པའི་ཡི་གེ་ཞིག་ལ་གསལ་བྱེད་ཟེར། རྣམ་གྲངས་ཀྱང་། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་དང་། དེའི་འགྲེལ་བ་ཐོན་མིའི་ཞལ་ལུང་ལས། དབྱེ་བསྡུ་མི་འདྲ་བ་དུ་མ་ཡོད་པ་ལས་འདིར་བོད་རང་ལ་མཁོ་བའི་ཡི་གེ་མང་མི་དགོས། ཉུང་ན་མི་འདུ་བའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་གྲངས་ངེས་སུ་མཛད་ནས་དབྱེ་བསྡུ་བྱས་སོ། །ཞེས་གསུངས། གཡུང་དྲུང་བོན་ལུགས་ཀྱི་རྒྱུད་གཞུང་ཁག་དང་སྔོན་གྱི་བརྡ་སྤྲོད་རྣམས་ཀྱི་བཞེད་པ་བཀོད་ན། གཤེན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ་ལས། གསལ་བྱེད་དམ་ཐབས་ཀྱི་རང་བཞིན་ཕོ་ཡིག་སུམ་ཅུ་རྩ་གཉིས་དང་།་དབྱངས་སམ་ཤེས་རབ་ཀྱི་རང་བཞིན་མོ་ཡིག་བརྒྱད་དུ་འདོད་དོ། །ཞེས་གསུངས་པའི་ལུང་གི་རྒྱབ་བརྟེན་ནི་སངས་རྒྱས་རྒྱུད་གསུམ་དང་མདོ་གཟེར་མིག་སོགས་མཛད་འདུག ཀུན་མཁྱེན་ཉི་མའི་འབེལ་གཏམ་ཉི་འོད་གཞོན་ནུ་ལས། དབྱངས་ཀྱི་བུ་ཡིག་དྲུག་ཡིན་ལ། གསལ་བྱེད་མ་ཡིག་སུམ་ཅུ་རྣམས། ཞེས་པའི་ལུང་གི་རྒྱབ་བརྟེན་ནི་ཡེ་ཁྲི་མཐའ་སེལ་བྱས་པར་མངོན་ཏེ། དེ་ཉིད་ལས། ཡི་གེའི་མ་ནི་སུམ་ཅུ་ལ། ཡི་གེའི་བུ་ནི་དྲུག་ཏུ་བསྟན། ན་རོ་གུག་འགྲེང་སྟེང་བུ་གསུམ། འོག་གི་བུ་གསུམ་བསྟན་པ་ནི། ར་སྟ་ཡ་སྟ་ཞབས་ཀྱུ་གསུམ། ཞེས་གསུངས་པས་ཤེས་ནུས། དེ་ལྟར་དབྱངས་གསལ་གྱི་ཁྱད་པར་འདོད་ཚུལ་མི་མཐུན་པ་མང་དུ་མཆིས། ངས་བསམས་ན་དབྱངས་དང་གསལ་བྱེད་ཀྱི་ཁྱད་པར་ཞེས་པ་དེ་དབྱངས་གསལ་གྱི་ཡི་གེ་བྱེ་བྲག་པ་ཞིག་མཚན་གཞི་རུ་བཟུང་ནས་དབྱངས་གསལ་གྱི་ཁྱད་པར་འབྱེད་དགོས་པར་མཐོང་། དེའི་དང་པོ་དབྱངས་ཀྱི་མཚན་གཞི། གི་གུ་ལྟ་བུ་ཞིག་ལ་འཇོག་དགོས་ན། གི་གུ་ནི་གི་གུ་ཞེས་པའི་ཡི་གེ་དེ་རེད་དམ། དེ་ལས་གཞན་པ་ཞིག་རེད། གི་གུ་ཞེས་པའི་ཡི་གེ་དེ་དབྱངས་ཡིན་ན་ཡིག་མགོ་ཡང་དབྱངས་སུ་འགྱུར་རོ། །དེ་དབྱངས་གསལ་དུ་མ་འཚོགས་པའི་ཡི་གེ་རེད་འདུག་ཅེ་ན། གི་གུ་ཡང་དེ་དང་གཅིག་མཚུངས་སུ་འགྱུར། ཡང་ཨི་ཡིག་ལྟ་བུ་ཞིག་ལ་འཇོག་གི་ཡོད་ན། དེ་ཡང་དབྱངས་གསལ་དུ་མ་འཚོགས་པའི་ཡི་གེར་འགྱུར། ཡང་ཨི་ཡིག་གསལ་བྱེད་ཀྱི་གདངས་ཞུགས་ནས་བརྗོད་དོན་སྟོན་ནུས་པའི་ཕྱིར་ཞེ་ན། ཨ་ཡིག་ཀྱང་དབྱངས་སུ་འགྱུར་རོ། །དེ་ལ་ང་རོ་ཤས་ཆེ་ཆུང་གི་ཁྱད་ཡོད་ཅེ་ན། ཨ་ཞེས་པའི་ཡིག་རྡོག་ཀློག་པའི་ཡུན་ཚད་དང་། ཨི་ཡིག་ཀློག་པའི་ཡུན་ཚད་རིང་ཐུང་གི་ཁྱད་པར་གྱིས་ང་རོ་ཤས་ཆེ་ཆུང་གི་ཁྱད་པར་བཞག་ན་མ་གཏོགས། ཕན་ཚུན་ཡིན་མིན་མཚུངས་པས་སོ། །ཡང་ཕྱོགས་གཞན་ཞིག་ནས་བསམས་ན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་བ་ཞེས་པའི་དོན་ཡང་ཚང་གི་མི་འདུག དེ་ནི་བཀླགས་པ་ཙམ་གྱིས་ཤེས་ནུས། དེས་ན་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང་ང་རོ་ཙམ་ཤས་ཆེ་བ་དེ་ལ་དབྱངས་སུ་བཞག་ན་དབྱངས་ཡིག་འདི་ཡིན་ཞེས་པའི་བློ་རྩེ་གཏད་ས་ཞིག་མེད་པར་ངེས། ཁོ་བོས་དབྱངས་གསལ་གྱི་ཁྱད་པར་འབེལ་གཏམ་ཉི་གཞོན་གྱི་རྗེས་སུ་འབྲངས་ཏེ་བཤད་ན། རང་ཚུགས་ཀྱིས་བརྗོད་བྱ་འདི་ཞེས་གསལ་པོར་སྟོན་མི་ནུས་ཤིང་མིང་གཞིའི་ཆ་ཤས་སུ་བཏགས་ནས་སྦྱོར་དགོས་པ་ཞིག་ལ་དབྱངས་དང་། ཡན་ལག་གི་ཡི་གེའི་འདོགས་གཞིར་གྱུར་པའི་ཡི་གེ་ཞིག་ལ་གསལ་བྱེད་དུ་བཞག་ན་འགྲིག་པར་སེམས། མཚན་གཞིའི་རྣམ་གྲངས་ནི། དབྱངས་ཀྱི་བུ་ཡིག་དྲུག་ཡིན་ལ། གསལ་བྱེད་མ་ཡིག་སུམ་ཅུ་རྣམས། ཞེས་གསུངས་པ་ལྟར་ཀ་ནས་ཨ་བར་གྱི་སུམ་ཅུ་པོ་ནི་གསལ་བྱེད་མ་ཡིག་དང་། ན་རོ་གུག་འགྲེང་སྟེང་གི་བུ་གསུམ་དང་། ར་སྟ་ཡ་སྟ་ཞབས་ཀྱུ་གསུམ་པོ་འོག་གི་བུ་གསུམ་དང་བཅས་དབྱངས་ཀྱི་བུ་ཡིག་དྲུག་ཏུ་བཞེད་དོ། །
ཟབ་དོན་རྣམ་འབྱེད་བློ་གྲོས་མིག་ཐོབ་ན། །རྩོམ་རིག་གཏེར་ཁ་སྦྲུམ་པའི་བང་མཛོད་ལ། །
བདེ་བླག་འཇུག་པའི་སྐལ་བཟང་ཐོབ་སྲིད་ཀྱང་། །ཐོས་ཆུང་བྱིས་པའི་བློ་ཡིས་ཇི་ལྟར་གཞལ།
དཔྱད་གཞིའི་ཡིག་ཆ།
སྤྱི་རྒྱུད་ཆེན་མོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ། མཛད་མདོ་དྲི་མེད་གཟི་བརྗིད། འདུས་པ་རིན་ཆེན་གཟེར་མིག་གི་མདོ། ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་། ཐོན་མིའི་རྩ་བ་སུམ་ཅུ་པ། ཀུན་མཁྱེན་གྱི་འབེལ་གཏམ་ཉི་འོད་གཞོན་ནུ། གཤེན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ། ཁྱུང་སྤྲུལ་གྱི་བརྡ་སྤྲོད་སྲིད་པའི་སྒྲོན་མེ་བཅས་ཡིན།
༼རྩོམ་ཡིག་འདི་བགྲེས་པོའི་འབེལ་གཏམ་དེབ་ཕྲེང་༡༡པ་ནས་ཟུར་དུ་ཕྱུང་།༽