ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱེས་ཆེན་ཞིག་གི་མཛད་རྗེས་དྲན་པ།

སྒོ་མཛོད་གླེགས་བམ་རིན་པོ་ཆེ་འཕྲུལ་དེབ་བཟོས་པ་དང་འབྲེལ་མཁན་རྒྱ་མཚོ་རིན་པོ་ཆེའི་མཛད་འཕྲིན་དྲན་པ།

ཞང་ཚུལ་མི།

སྲིད་པའི་རི་བོ་ཧི་མ་ལ་ཡ་ལས་དབུ་འཕང་མཐོ་ཞིང་། གངས་ཆབ་རྨ་འབྲི་རྫ་གསུམ་ལས་བཞུར་རྒྱུན་རིང་བའི་མཐོ་སྒང་གི་སྙིང་ནོར། གཤེན་ཞལ་དྲོད་མོའི་ངད་པ་མ་ཡལ་བའི་མེས་པོའི་ཕ་ཆོས་ཀྱི་གླེགས་བམ་སྒམ་པོ། རྩ་བའི་ལོ་རབས་སྟོང་ཕྲག་དུ་མའི་གཏན་ཚིགས་ཀྱི་རི་མོ་བཀྲ་བའི་ཕ་ལམ་ཤེལ་གྱི་གཡུང་དྲུང་། སྦྲ་ནག་དང་གུར་དཀར་གྱི་ཡར་བུག་ནས་འཚར་ལོང་བྱུང་བའི་རིག་གཞུང་གི་ཡང་མྱེས་ཆེན་མོ། སྒོ་མཛོད་ཀྱི་གླེགས་བམ་རིན་པོ་ཆེ། ཁྱེད་ནི་ཀྱག་ཀྱོག་ལམ་ཕྲན་དུ་མའི་འགག་འཕྲང་བརྒྱུད་ནས་དུས་རབས་གསར་པའི་གློག་འཕྲུལ་གྱི་སྟེགས་བུའི་ཐོག་ཏུ་ཞབས་ཀྱི་པད་མོ་བཀོད་པར་ང་ཚོས་ཁ་གཡང་གི་རྟེན་འབྲེལ་ལོས་ཡོད། ཨེ་མ་ཁྱེད་ནི་མི་རིགས་ཀྱི་བླ་སྲོག རིག་གཞུང་གི་ཡང་སྙིང་། རྩམ་པའི་ཨ་ཕ། ཞོ་མར་གྱི་ཨ་མ། དབུ་ནག་བོད་མིའི་རྣམ་དཔྱོད་ཀྱིས་མི་ཡུལ་དུ་ཕུལ་བའི་ལེགས་སྐྱེས་ཀྱི་ཐོག་མ། གྲུབ་མཐའི་ཆག་སྡང་གི་འབར་རྫས་ཧྲིལ་པོས་གནམ་ས་བླ་འོག་བསྒྱུར་བའི་ཐལ་རྡུལ་གྱི་ཤུལ་ལམ་ནས་ཁྱེད་ཀྱི་མགོ་བོ་སླར་ཡང་བཏེགས་ཏེ་དེང་ཚན་རྩལ་རིག་པའི་ལམ་ཆེན་དུ་བསྐྱོད་པ་ནི་མི་རིགས་ལོ་རྒྱུས་ཀྱི་བླ་སྲོག་ཇེ་བརྟན་དུ་སོང་བ་ལོས་ཡིན།

དེ་ཡང་ད་ལམ་མཁན་འོད་ཟེར་སྦྱིན་པའི་རླབས་ཆེན་གྱི་མཛད་འཕྲིན་ཟབ་མོས། སྒོ་མཛོད་ཀྱི་གླེགས་བམ་རིན་པོ་ཆེ་འཕྲུལ་དེབ་ཏུ་བསྐྲུན་ནས་ས་གོ་ལའི་སྒང་ན་དར་སྤེལ་མཛད་པ་ནི། མི་རབས་གསར་པའི་མདུན་ཅོག་སྟེང་དུ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་ཅེས་སྐད་གསང་མཐོན་པོའི་ངང་ནས་གླེང་ཕོད་པ་ཞིག་རེད། ཅི་ཕྱིར་ཞེ་ན་དེང་སྐབས་སྒེར་པ་དང་སྤྱི་པ་སུ་ཞིག་གིས་དོན་ཐོག་ཚོང་ཟོག་དང་ཁེ་ཕན་ཁོ་ནའི་ཆེད་དུ་དེབ་ཆུང་རེ་ཙམ་དཔར་བསྐྲུན་ཞུས་སར་སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཡིན་རབས་དང་། བསྟན་འགྲོར་ཞབས་ཕྱི་རྒྱ་ཆེར་ཞིག་ཞུས་རབས་སོགས་སྐྱག་རྫོབ་ཁོ་ནའི་ཀུ་ཅོས་གནམ་ས་འུར་བཞིན་པའི་སྐབས་དེར། རྗེ་བླ་མ་མཆོག་གི་བྱམས་བརྩེ་དང་ལྷག་བསམ་གྱི་ཟུངས་ཁྲག་འདྲེས་པའི་མཛད་བཟང་རླབས་པོ་ཆེ་སྟེ། བོན་གྱི་བཀའ་བརྟེན་འགྱུར་དང་གསུང་འབུམ་སོགས་གླེགས་བམ་རི་བྲག་གཏམ་འདྲ་ཞིག་འཕྲུལ་དེབ་བཟོས་ནས་རིན་མེད་དུ་དྲ་ལམ་ནས་འགྲེམ་སྤེལ་གནང་བར་ང་ཚོས་བཀའ་དྲིན་ཆེ་ཞེས་ལོས་ཞུ་འོས། རིན་པོ་ཆེ་བཀའ་དྲིན་ཆེ།

ད་དུང་དེར་མ་ཟད་ཁྱེད་ཀྱི་རླབས་ཆེན་གྱི་མཛད་པའི་ཆ་ཤས་ཞིག་སྟེ། ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས་ཐོན་པའི་རྒྱལ་བའི་བཀའ་རིན་པོ་ཆེ་གཙོས་པའི་གསུང་རབ་རྣམས། ཞུ་དག་འཆར་བཀོད་དང་སྣག་ཤོག་སྤུས་ཚད་སོགས་ནི་བལྟས་ན་མིག་ལ་མཛེས་པ། བཤམས་ན་བདེར་གཤེགས་མཉེས་པ་སོགས་བྱ་བཞག་ཚང་མ་དགའ་ནས་དགོད་ཤོར་བའི་རིན་ཐང་ཚད་མཐོར་སོང་བ་ཤ་སྟག་རེད་འདུག་པས། ཁྱེད་ཀྱི་ཐུགས་དགོངས་ནི་བྱམས་བརྩེ་དང་ལྷག་སེམས་གཞན་ཕན་ཁོ་ནས་ཕྱུག་ཅིང་དུས་དང་མཐུན་པའི་བསྟན་པ་སྤེལ་བའི་སྟོན་པ་ཟེར་བ་ནི་ཁྱེད་ལོས་ཡིན། སྔོན་དུས་རབས་བརྒྱད་པར་བོན་ལ་རིག་གནས་གསར་བརྗེའི་ཡོ་ལངས་ཆེན་མོའི་སྐབས་དེར་བླ་ཆེན་དྲན་པ་སོགས་ཀྱིས་གསུང་རབ་རྣམས་བྲག་ཕུག་དང་གད་ཕུག་སོགས་སུ་ཉར་ཚགས་དམ་པོར་མཛད་པ་དེ་དུས་དང་འཚམ་པའི་མཛད་པ་རླབས་ཆེན་དང་བསྟན་པ་སྐྱོང་བའི་ཕྱག་ལས་ངོ་མ་དེ་ཡིན་ཞིང་། དེང་ཚན་རིག་གི་འོད་སྣང་ཆེན་མོས་རིག་རྙིང་ཡོད་ཚད་གོ་ལུད་ཁྲོད་དུ་རྫབ་བཞིན་པའི་སྒང་འདིར་ཁྱེད་ཀྱི་མཁྱེན་དཔྱོད་འཕྲིན་ལས་ཟབ་མོས་སྒོ་མཛོད་ཀྱི་གླེགས་བམ་རིན་པོ་ཆེར་གློག་འཕྲུལ་གྱི་ལམ་ཆེན་ཞིག་བསྐྲུན་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་གདན་དྲངས་པ་ནི་དེ་བས་ཀྱང་དུས་རབས་དང་འཚམ་པའི་མཛད་པ་རླབས་ཆེན་ཞིག་ཅིའི་ཕྱིར་མིན། ད་དུང་དེར་མ་ཟད་བཤད་པ་རྩོད་པའི་སྡེ་ཡིས་རྒོལ་ངན་གྱི་བྲག་རི་གཏོར་ཞིང་། སྒོམ་པ་དང་སྒྲུབ་པའི་སྡེ་ཡིས་བསམ་གཏན་གྱི་མཚོ་མོ་བསྐྱིལ་བའི་དམར་སེར་འདུས་སྡེ་ཆེན་མོའི་ཚོགས་མགོན་ནས་ཟབ་གདམ་གྱི་སྦྲང་ཆར་འཇོ་ཞིང་གཟི་བྱིན་འོད་རླབས་འཕྲོ་བཞིན་བཞུགས་དུས་ངས་མཉམ་མེད་རྒྱལ་བའི་འཕྲིན་ལས་ཆེན་མོ་དེ་སླར་ཡང་དྲན་སོས་སོང་།

ད་དུང་ཡོད་དེ་ཁྱེད་ཀྱི་འཕྲིན་ལས་ནི་མཐའ་མེད་ཞིག་སྟེ། འབྱོར་ཞན་གྱི་དགོན་སྡེ་རི་ཁྲོད་དང་ཉམ་ཐག་གི་ཡུལ་སྡེ་མི་སེར་ལ་རོགས་དངུལ་དང་འབྱོར་བ་བསྩལ་ནས་གཏོང་སྦྱིན་ཆེན་མོའི་མཛད་པ་དེ་མཐོང་དུས་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ། ཚོགས་གཉིས་རྒྱ་མཚོ་ནོར་བུ་ཞེས་པའི་མཚན་གྱི་ཅོད་པན་གསོལ་བ་ནི་དོན་ལ་ལྷད་དུ་མེད་པའི་བྱང་སེམས་རློན་པ་དང་མཚུངས། ཁར་རྩང་དོ་རིང་འཆལ་སྤྱོད་ཀྱི་དུག་རླངས་འཕྱུར་ཞིང་ཨ་གསར་གྱི་རླུང་བུ་ལྡངས་ནས་སྐྱ་སེར་ཐམས་ཅད་རང་ཚུགས་མི་ཐུབ་ནས་འཇག་ལོ་རླུང་གིས་གཡོ་གཡོ་བྱེད་བཞིན་པའི་སྐབས་དེར་ཁྱེད་ཀྱིས་བླང་དོར་གྱི་བསླབ་བྱ་རེ་རེས་འོ་ཅག་ལ་མདུན་ལམ་བསྟན་པ་ནི་རྒྱུན་ལྡན་ཡིན། རང་རེའི་བོད་རིགས་ནང་ཁུལ་དུ་ཕུ་འབྲོག་སྡེ་ཡི་རྩྭ་ས་རྩོད་གླེང་། མདའ་ཡུལ་པ་ཡི་ཞིང་མུའི་འཐབ་འཛིང་། བར་རོང་འབྲོག་གི་སྟོད་སྨད་རྩོད་གླེང་སོགས་མདོར་ན་མི་གསོད་ཁྲག་སྦྱོར་དང་འཐབ་འཁྲུགས་གཡུལ་འགྱེད་ཀྱི་ལྷག་རླུང་དྲག་པོར་ཁྱེད་ཀྱི་ཐུགས་རྗེའི་ཉི་འོད་འཕྲོས་པ་ནི་ལན་གྲངས་ཉུང་ཉུང་མིན། ཁྱེད་ལ་རྒྱལ་བསྟན་གྱི་འགན་འཁྲི་ཁུར་བའི་ཐུགས་སྤོབས་ཡོད་ལ། རླབས་ཆེན་གྱི་འཕྲིན་ལས་སྐྱོང་བའི་ཕུགས་འདུན་ཡོད།

མཐའ་དོན་རྒྱལ་བའི་བཀའ་བརྟེན་འགྱུར་ལེགས་སྒྲིག་གནང་མཁན་གྱི་ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གི་ལས་ཀྱི་སྣེ་མོ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལས་དོན་འདིའི་སྤྱི་ཁྱབ་འགན་འཛིན་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་གསང་གསུམ་གྱི་འཕྲིན་ལས་ཟབ་མོ་མུ་ནས་མུ་རུ་འཕེལ་བའི་སྨོན་འདུན་བཅས། སྐྱབས་མཆོག་ཡོངས་འཛིན་ཆེན་མོའི་ཐུགས་རྗེའི་གྲིབ་བསིལ་འོག་ཐོས་བསམ་གྱི་འཚོ་བ་རོལ་བའི་ཞང་གི་བཙུན་པ་ཚུལ་ཁྲིམས་རབ་བརྟན་ནམ། དྲ་མིང་ལ་ཞང་ཚུལ་མི་འབོད་པས་འཕགས་ཤིང་གནས་ཀྱི་ཉེ་འགྲམ་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ ༢༠༡༦ ༡༢ ༦ ཉིན་སྒོ་གསུམ་གུས་པའི་ངང་ནས་སྦྱར་བ་དགེའོ།། །།

(སྤྱིའི་གཟིགས་གྲངས། 49 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །མདོ་ས…
error: རྩོམ་འདི་བདག་དབང་ཅན་ཡིན།