ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་འཁྲུངས་མཆོད་སྲུང་བརྩི་དང་དེ་འབྲེལ་མཛད་སྒོའི་གསར་གནས། 

བོན་གྱི་བསྟན་པའི་སྒོ་ལ་ཞུགས་པ་ཡོངས་ཀྱིས་བསྟན་པའི་བདག་པོ་སྟོན་པ་དེ་ཉིད་གང་ཡིན་ངོ་ཤེས་དགོས་པ་དང་། དེ་ཡི་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི་ཤིན་ཏུ་ནས་གལ་གནད་ཆེ་བ་ཇི་བཞིན་འདི་ག་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ལོ་ལྟར་རེ་བཞིན་སྟོན་པའི་འཁྲུངས་འདས་ཀྱི་དུས་ཚིགས་ཁྱད་པར་ཅན་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུས་དང་ཞུ་མུས་ལྟར། ད་ལན་གདན་ས་འདི་ནས་སྡེ་དགོན་གཉིས་ཀྱིས་འབྱུང་ལྡན་༣༠༡གི་བོད་ཆུ་ཡོས་ལོའི་སྟོན་པའི་འཁྲུངས་མཆོད་ཆེན་མོ་དེ་ཉིད་སྲུང་བརྩི་ཟབ་རྒྱས་ཞུས། དེ་ཡང་བོད་ཆུ་ཡོས་ལོའི་དཔྱིད་ར་རྒྱལ་ཟླ་བའི་ཚེས་ ༡༣ དང་། ཕྱི་ལོ་༢༠༢༣ ཟླ་ ༢ ཚེས་ ༣ ཉིན་མོར་དུས་ཆེན་གྱི་སྟ་གོན་དུ་སྔར་རྒྱུན་བཞིན་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་བཅའ་བཀོད་དང་། རྣམ་ལྔའི་མཆོད་པ་བཤམ་བདལ་སོགས་ལེགས་པར་གྲུབ་པར་བྱས་ཤིང་། བོད་ཚེས་ ༡༤ ཉིན་མོར་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་གཞུང་བསྲངས་ཏེ་བདེ་བར་གཤེགས་པ་སྟོང་གི་མཚན་བརྗོད་གདངས་སུ་དབྱངས།

བོད་ཚེས་ ༡༥ ཉིན་མོར་ཐོག་མར་ཞོགས་པའི་ཕྱག་ཚོད་ ༤ པའི་ཐོག་འདུས་མང་ཡོངས་གསོ་སྦྱོང་འཚོགས་གནང་བ་དང་། གསོ་སྦྱོང་གྲུབ་རྗེས་ཞོགས་ཚོགས་སུ་མུ་མཐུད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲངས། ཞོགས་འཚོགས་གྲུབ་རྗེས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ལྷན་འཛོམས་ཐོག་སྔར་རྒྱུན་བཞིན་འདི་ལོའི་དགེ་བཤེས་ཐོན་ཉེའི་བཀའ་རམས་པ་བཅུ་དྲུག་ཡོད་པ་ལྷན་རྒྱས་ལ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གནས་བསྩལ་གནང་མཛད། ཕྱག་ཚོད་ ༩ པ་ཙམ་གྱི་ཐོག་སེར་སྐྱ་མི་མང་རྣམས་འཛོམས་ཤིང་སྟོན་པའི་སྐུ་བརྙན་རིན་པོ་གདན་དྲངས་ཏེ་དགེ་འདུན་རྣམས་དགོན་པར་ཞལ་སྐོར་དུ་ཕེབས་པ་དང་འཆད་རར་གཤེན་རབ་མཆོད་རྔ་བརྡུངས།

ཕྱག་ཚོད་ ༡༠ པ་ཙམ་གྱི་ཐོག་དུས་ཆེན་ཁྱད་པར་ཅན་འདི་དང་འབྲེལ་གཙུག་ལག་ཁང་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲུབ་གྲྭའི་ཁོང་ནས་སྟང་འགྱིང་དྲང་སྲོང་བློ་གྲོས་སེང་གེ་བཟང་པོ་མཆོག་སྒྲུབ། ཤེལ་ཞིག་དྲང་དྲོང་བདེ་ལེགས་གཡུང་དྲུང་འགྱུར་མེད། ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། ཚེ་འཕེལ་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན། བདེ་ལེགས་དྲང་སྲོང་གཡུང་དྲུང་བསམ་གཏན་རྒྱལ་མཚན། གར་ཚ་དྲང་སྲོང་བློ་གྲོས་འཇིགས་མེད་དོན་ལྡན། སྒང་ག་དྲང་སྲོང་བློ་གྲོས་ཉི་མ་རབ་གསལ་བཅས་ལ་སྐབས་བཅུ་དྲུག་པའི་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་གནང་དང་། དམིགས་བསལ་གཞུང་ཆེན་ཆེད་སྦྱོང་གནང་མཁན་གྲས་ནས་གསང་བའི་བོན་སྡེ་ཟབ་མོ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལ་ཆེད་སྦྱོང་གནང་མཁན་དགེ་བཤེས་ཚུལ་ཁྲིམས་སྦྱིན་པ་ལགས་དང་། གསང་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་ཆེད་སྦྱོང་གནང་མཁན་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་རྣམ་པ་གཉིས་ལ་ཆེད་སྦྱོང་སློབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་བཅས་ཀྱི་མཛད་སྒོའི་མང་ཇ་འཚོགས།

ཉིན་གུང་ཞལ་ལག་རྗེས་དད་ལྡན་མི་མང་རྣམས་དུས་ཆེན་དུ་འཛོམས་པ་དང་སྟབས་བསྟུན་དམིགས་བསལ་དུ་བླ་བྲང་ནས་གསང་གསུམ་བོན་གྱི་མཛོད་འཛིན་ཆེན་མོ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཇལ་ཞུའི་དུས་ཚོད་གནང་བ་ལྟར་མི་མང་ཡོངས་ནས་མཇལ་ཞུའི་སྐལ་བཟང་ཐོབ།ཕྱི་དྲོར་འདུས་མང་ནས་མུ་མཐུད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་མཇུག་བསྐྱངས་གྲུབ་རྗེས་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་རྣམས་རིམ་པར་གྱེར་ཞིང་།དགོངས་མོར་བླ་མ་མཆོད་པ་གསུངས་ནས་གཤེན་རབ་མཆོད་རྔ་བརྡུངས།དེ་རྗེས་སེར་སྐྱ་མི་མང་ཡོངས་ནས་མཆོད་མེ་སྤར་ཞིང་ཕྱག་དང་སྐོར་བ་མཆོད་འབུལ་སྨོན་ལམ་སོགས་ཀྱི་སྒོ་ནས་སྟོན་པའི་འཁྲུངས་མཆོད་ཆེན་མོ་དེ་ཉིད་སྲུང་བརྩི་ལེགས་པར་ཞུས་པའི་གནས་བསྡུས་སུ།

སྐྱ་ཀ་ཁྲ་བོས་དུས་ཆེན་ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 852 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཚོ་དང་སྤུ…
error: རྩོམ་འདི་བདག་དབང་ཅན་ཡིན།