ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མ་མཆོག་གི་ཐུགས་གསོའི་གསུང་འཕྲིན།

བོད་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་༡༦སྟེ་ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢ཉིན་མོར། བདག་གི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་ཕྲག་གཅིག་བཞེས་སྐབས། དགོངས་པ་གཞན་དོན་དུ་ཕེབས་པའི་ཡིད་སྐྱོ་བའི་གནས་ཚུལ་གོ་མ་ཐག ཁོ་བོའི་སེམས་ལ་བརྗོད་མི་ཤེས་པའི་སྐྱོ་གདུང་ཆེན་པོ་བྱུང་། འོན་ཀྱང་། མདོ་ལས། རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། ཞེས་པའི་གདམས་ངག་ཡིད་ལ་བཅང་སྟེ་རང་གིས་རང་ལ་སེམས་གསོ་གཏོང་ཁུལ་བྱས། དེས་ན་ང་དང་ང་འདྲ་བ། ༧སྐྱབས་རྗེ་བདེ་བར་གཤེགས་པ་གང་གི་དངོས་དང་བརྒྱུད་པའི་སྒོ་ནས་རྗེས་སུ་འཇུག་པའི་ཕྱི་ནང་དད་ལྡན་པ་སྤྱི་དང་། ལྷག་པར་དུ་༧སྐྱབས་རྗེ་མཆོག་གི་བཞུགས་གནས་དང་པོ་བྱེས་ཀྱི་གདན་ས་སྨན་རི་དགོན་དང་། བཞུགས་གནས་གཉིས་པ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་རྗེས་འཇུག་སློབ་ཚོགས་རྣམས་གཙོས་དད་ལྡན་པ་ཡོངས་ལ་ཐུགས་གསོ་ཞུ་བ་དང་ཆབས་ཅིག རང་ཅག་རྣམས་ཀྱང་ཡིད་ཆད་སྐྱོ་གདུང་གིས་མནར་ནས་གནས་པས་མི་ཕན་པར། དེ་ལས་ལྡོག་སྟེ། རྐྱེན་ངན་གྲོགས་ཤར་གྱི་དཔེ་ལྟར། ནུས་པ་ཡོད་དགུ་བཏོན་ཏེ། གཡུང་དྲུང་སྤུན་གྲོགས་རྣམས་ཐུགས་མཐུན་དམ་གཙང་གིས། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་བྱ་བའི་སྒོ་ནས། རྒྱལ་བསྟན་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་ཡང་དག་གནང་བ་ཡིན་ན། དེ་ནི་༧སྐྱབས་རྗེ་དམ་པའི་དགོངས་གཞི་བླ་ན་མེད་པ་ཡིན་པར་བརྟེན། དེ་ལས་ལྷག་པའི་རྩ་བའི་བླ་མའི་ཐུགས་དམ་ཡོངས་སུ་སྐོང་ཞིང་དགྱེས་མྱེས་ཀྱི་སྲི་ཞུ་དང་། དགོངས་རྫོགས་ཀྱི་མཆོད་འབུལ་གཞན་དུ་མེད་པར་མཐོང་། དེས་ན་དེ་བཞིན་གནང་གལ་ཆེ་བས་ཀུན་གྱི་ཐུགས་དབུས་སུ་འཇོག་པའི་རེ་བསྐུལ་བཅས།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ལ་༧སྐྱབས་རྗེ་དམ་པའི་སློབ་མིང་ཙམ་འཛིན་པ་

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས།།

(སྤྱིའི་གཟིགས་གྲངས། 475 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་བསྟ…
error: རྩོམ་འདི་བདག་དབང་ཅན་ཡིན།