ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་གངས་རྒན་འགྱེལ་བའི་གདུང་དབྱངས།

སྲིད་པའི་གངས་རྒན་འགྱེལ་བའི་གདུང་དབྱངས།

 

རྩོམ་པ་པོ། ཉག་བསྟན་འཛིན་ཚུལ་ཁྲིམས།

 

ཟབ་རྒྱས་གཤེན་བསྟན་རིན་པོ་ཆེ། །

སྙིགས་མ་ལྔ་བདོའི་གཉན་འཕྲང་འདིར། །

མི་ཉམས་སྤེལ་བའི་ཆོ་ག་མཁན། །

ཡོངས་འཛིན་བླ་མ་གང་དུ་བཞུགས། །

 

ཟླ་དྲུག་ཚེས་པ་བཅུ་གཉིས་ཉིན། །

ཡོངས་འཛིན་བླ་མ་སྐུ་གཤེགས་ཞེས། །

མི་སྙན་རྣ་བར་ཐོས་འཕྲལ་དུ། །

དམར་ཆུང་སྙིང་ལ་ཟུག་གཟེར་ལངས། །

 

རིག་གནས་ཆེ་ཆུང་ཀུན་ལ་མཁས། །

རྣམ་དག་གཙང་མའི་ཚུལ་ཁྲིམས་བཙུན། །

ཐབས་མཁས་ཐུགས་རྗེའི་མཛད་པ་བཟང་། །

རེ་ཞིག་འགྲོ་དོན་བསྡུས་ཚུལ་བསྟན། །

 

བོན་སྒོ་ཕྱི་ནང་གསང་གསུམ་མཁྱེན། །

བོན་བསྟན་སྐྱོང་བཞིན་འགྲོ་ལ་བརྩེ། །

བོན་གྱིས་རིས་དྲུག་འདྲེན་པར་ནུས། །

གསང་གསུམ་མཛོད་འཛིན་སྨན་རི་བ། །

 

སྐུ་ཡི་ཡོན་ཏན་མཚན་དཔེས་བརྗིད། །

གསུང་གི་ཡོན་ཏན་དོ་ཟླས་དབེན། །

ཐུགས་ཀྱི་ཡོན་ཏན་མཁྱེན་རྩལ་རྫོགས། །

རྒྱུད་གསུམ་གཏེར་གྱུར་སྨན་རི་བ། །

 

ཁྱེད་ནི་བོན་སྒོ་ཐམས་ཅད་མཁྱེན། །

ཁྱེད་ནི་སྙིང་རྗེའི་རང་གཟུགས་ཉིད། །

ཁྱེད་ནི་མ་གྱུར་འགྲོ་ལ་བརྩེ། །

ཁྱེད་ནི་འཁོར་འདས་རང་དབང་བསྒྱུར། །

 

དགུང་ལོ་བརྒྱ་ལ་བསྟན་སྤེལ་མཛད། །

དགུང་ལོ་བརྒྱ་ལ་སློབ་འབངས་བསྐྱངས། །

དགུང་ལོ་བརྒྱར་བཞུགས་དོན་དང་ལྡན། །

ཡོངས་འཛིན་བླ་མར་རྗེས་དྲན་ཞུ། །

 

              ཞེས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ཚུལ་བསྟན་པ་ལ། གུས་པ་ཨ་ཞིན་སྐོ་ཕུང་ངམ་ཉག་བསྟན་འཛིན་ཚུལ་ཁྲིམས་སུ་འབོད་པས་ཉག་རོང་རྒྱ་ཞིག་དགོན་དུ་རང་ཤག་དགའ་བའི་ཚལ་དུ་གདུང་ཤུགས་དྲག་པོས་གསོལ་སྨོན་དང་བཅས་ཕུལ་བའོ། །༢༠༢༥།༦།༡༥ཉིན།

(སྤྱིའི་གཟིགས་གྲངས། 166 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །བོད་ཀ…
error: རྩོམ་འདི་བདག་དབང་ཅན་ཡིན།