ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་དྲན་པའི་འབུམ་ཚོགས་འབུལ་བཞིན་པ།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་བླ་སྲོག་རྒྱུད་གསུམ་བསྟན་པའི་མདོ་འཛིན་༸དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་སེང་གེ་༸སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ། རི་བོ་གླང་རི་ལུང་བསྟན་གྱི་མདུན་དུ་ཕྱག་བཏབ་པའི་བོན་གྱི་གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་རུ་ལོ་བསྟར་རེ་བཞིན་བླ་ཆེན་དྲན་པའི་འབུམ་ཚོགས་དང་སྲིད་རྒྱལ་འབུམ་ཚོགས་གཉིས་ཆག་མེད་འབུལ་གྱི་ཡོད་པ་ལྟར། འདི་ལོ་འབྱུང་ལྡན་༣༠༡བོད་མེ་བྱ་ལོའི་ཧོར་ཟླ་༠༩ནང་སྙིགས་དུས་འགྲོ་བའི་མགོན་པོ་བླ་ཆེན་དྲན་པ་ནམ་མཁའ་མཆོག་ལ་འབུམ་ཚོགས་འབུལ་བའི་དུས་ཚོད་དེ་ཐུག་ཡོད། དེ་ཡང་ཡོངས་འཛིན་རིན་པོ་ཆེས་མཛད་པའི་དྲན་པའི་འབུམ་ཚོགས་འབུལ་ཐབས་ཀྱི་ཕྱག་བཞེས་ལས། བསྟན་པའི་མངའ་བདག་ཁོད་སྤུངས་རྗེ། །རྒྱལ་བསྟན་སྐྱོང་དང་སྲུང་བ་ཡི། །ཕྱི་ནང་འགལ་རྐྱེན་ཞི་བ་དང་། །གཤེན་བསྟན་རྒྱས་ཕྱིར་མཆོད་ཅིང་བསྙེན། ཞེས་གསུངས་ལྟར།  རང་རྒྱུད་ཀྱི་གཞི་ཡི་བག་ཆགས་བསལ་བ་དང་།  ལམ་གྱི་རྟོག་པ་སྦྱོང་བ་དང་།  འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་དང་།  རྒྱལ་བསྟན་སྐྱོང་བ་དང་སྲུང་བའི་ལས་མཛད་པ་ལ། ཕྱི་ནང་གི་བར་ཆོད་ཞི་བ་དང་། ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ཞིང་གཤེགས་དམ་པ་མཚན་བརྗོད་པར་དཀའ་བ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་ཐུགས་དགོངས་རྫོགས་པ་དང་། ས་སྟེང་བོན་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་དང་། དེ་བཞིན་རྒྱལ་བ་གཤེན་ཚང་ཡབ་སྲས་དང་གདན་ས་ཁག་གི་མཁན་སློབ་རྣམ་པ་གཙོས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་།  ཡངས་པའི་འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་དང་འབྱུང་བའི་འཇིགས་པ་ཐམས་ཅད་མིང་མེད་དུ་ཞི་ཞིང་།  ཁྱད་པར་དུ་བཤད་སྒྲུབ་ཀྱི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པ་དང་སྦྱིན་པའི་བདག་པོ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གྲགས་པ།  ཁ་རྗེ་དབང་ཐང་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པའི་སྒོ་དུ་མ་ལ་དམིགས་ནས་དྲན་པའི་འབུམ་ཚོགས་འདི་ཉིད་འཚོགས་པ་རེད།  དེ་ཡང་ཐོག་མར།  རིག་འཛིན་འདུས་པ་ལས།  བཟའ་དང་བཅའ་དང་བཏུང་དང་བགོ།  །ཞེས་པ་ལྟར།  ཚོགས་རྫས་རྣམས་འབྱོར་བ་རང་གིས་བསྒྲུབས།  མེད་པ་རིན་གྱིས་ཉོས།  ཡོད་པ་ཕུགས་ནས་ཕྱུངས་ཏེ་ཕུན་སུམ་ཚོགས་པ་བསགས།  དེ་ནས་ཧོར་ཟླ་ ༠༩ ཚེས་ ༢༠ ཉིན་གྲྭ་མང་རྣམས་ཀྱིས་མཆོད་བཟོ་ལེགས་པར་བྱས་ཤིང་ཕྱི་ཉིན་ཚེས་༢༡།ནས་༢༧།བར་བདུན་ཕྲག་གཅིག་གི་རིང་བླ་ཆེན་དྲན་པ་སྒྲུབ་ཐབས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྙན་བརྒྱུད་བབས་པའི་དྲན་པ་ཡང་གསང་དང་དབང་སྒྲུབ། དེ་བཞིན་སྤྲུལ་སྐུ་དབྱིལ་གྱིས་དངོས་གྲུབ་བརྙེད་པའི་དྲན་པའི་སྙིང་ཐིག་དང་། དེའི་ཆ་ལག་ཆ་རྐྱེན་ཡོངས་འཛིན་རིན་པོ་ཆེས་མཛད་པ་ལྟར་གྱི་གཞུང་སྲོང་སྟེ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་གྲྭ་བཙུན་ཡོངས་རྫོགས་རྒྱས་འཚོགས་གནང་བཞིན་ཡོད་ལ།   ད་ལན་བླ་ཆེན་དྲན་པ་ནམ་མཁའ་གཙོས་པའི་དཔའ་བོ་རིག་འཛིན་རྒྱ་མཚོའི་ཚོགས་ལ་འབུམ་ཚོགས་ཕུལ་བའི་བྱིན་རླབས་མཐུ་དང་ནུས་པ་ལ་བརྟེན་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་རྒྱལ་བ་གཤེན་ཚང་ཡབ་སྲས་གཙོས་པའི་འཛམ་གླིང་གང་སར་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ལ་བར་ཆོད་མེད་ཅིང་ཕྲིན་ལས་རྒྱས་པ་དང་།  འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་དང་འབྱུང་བའི་འཇིགས་པ་ཐམས་ཅད་མིང་མེད་དུ་ཞི་ཞིང་།  ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་བསྟན་པའི་འབྱུང་གནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་འཛམ་གླིང་གང་སར་བཞུགས་པའི་དད་ལྡན་སེར་སྐྱ་མི་མང་རྣམ་པ་དང་།  ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་ཕོ་མོ་གཙོས་དགོན་སྡེ་འདི་དང་ཁ་ལག་འབྲེལ་ཚད་ཀྱི་ཤི་གསོན་ཡོངས་རྫོགས་དུས་རྟག་ཏུ་བླ་ཆེན་དྲན་པ་ནམ་མཁའ་གཙོས་དཔའ་བོ་རིག་འཛིན་རྒྱ་མཚོས་འདི་དང་ཕྱི་མ་གཉིས་ཀ་ལ་ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་འདོར་བར་མཛད་དུ་གསོལ་ལོ་ཞེས་ཕྲིན་སྨོན་གསོལ་འདེབས་དང་བཅས་ཏེ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་དྲན་པའི་འབུམ་ཚོགས་འབུལ་བཞིན་པའི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་ ༢༠༡༧ ཟླ་༡༡ ཚེས་ ༢༢ ཉིན་སྤེལ།།   །།

 

(སྤྱིའི་གཟིགས་གྲངས། 138 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་༢༠༡…
error: རྩོམ་འདི་བདག་དབང་ཅན་ཡིན།