ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་མཇུག་གྲུབ་པ།

གསང་གསུམ་བོན་གྱི་མངའ་བདག་སྙིགས་དུས་ཀྱི་འདྲེན་མཆོག་བླ་ན་མེད་པ་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ལྷག་པའི་སྨྲ་དབང་༸ཡོངས་འཛིན་བླ་མའི་མཛད་ཕྲིན་གྱི་ཆ་ཤས་ཏེ། གདན་ས་ཁྲི་བརྟན་ནོར་བུའི་རྩེ་ཕྱག་བཏབ་སྟེ་བཤད་སྒྲུབ་འདུས་སྡེ་གསར་དུ་དབུ་བརྙེས་པ་ནས་བཟུང་། ད་བར་ཧི་མ་ལ་ཡའི་རི་རྒྱུད་གློ་དོལ་གཉིས་དང་བོད་མདོ་དབུས་ཁམས་གསུམ་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ཐོས་བསམ་འཆད་ཉན་གྱི་བཀའ་དྲིན་བསྩལ་གནང་མཛད་པར་བརྟེན། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་དགེ་བའི་བཤེས་གཉེན་དང་གཤེན་གྱི་རྣལ་འབྱོར་པ་གྲངས་འབོར་གང་མང་སྐྱེད་བསྲིང་བྱུང་སྟེ། འཇིག་རྟེན་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པས་། བལ་པོའི་རྒྱལ་ཁབ་ཏུ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་ཞེས་གླེང་ཆོག་པར་གྱུར་ཡོད། འདི་ལོར་ཡང་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༢༡ ༢ ༡༧ བོད་ལྕགས་གླང་ལོ་ཧོར་ཟླ་དངཔོའི་ཚེས་དྲུག་ཉིན་དངོས་སུ་དབུ་འཛུགས་གནང་སྟེ་ཚེས་༢༣་བར་ཉིན་ལྔའི་རིང་སྔོན་འགྲོའི་བཤད་པ་དང་། ཕྱི་ལོ་ཚེས་ ༢༣ ནས་ཚེས་ ༢༧ བར་ཉིན་ལྔའི་རིང་དངོས་གཞིའི་དམ་བཅའ། ཚེས་ ༢༨ ཉིན་རྗེས་བྱ་བཀྲ་ཤིས་ཀྱི་མཛད་སྒོ་སྟེ།  སྔ་དྲོའི་ཕྱག་ཚོད་ ༡༠ པ་ནས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུས་པའི་མཁན་སློབ་རྣམ་པ་དང་། ཚན་པས་སྣ་དྲངས་ཏེ་བཀའ་རམས་པ་རྣམ་པ་བཅས་སྤོས་དང་རྒྱ་གླིང་གིས་སྣ་དྲངས་ནས་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་གཙོས་གལ་ཆེའི་མི་སྣ་དང་། ས་གནས་ཁག་གི་མི་མང་རྣམ་པ་མཉམ་འཛོམས་ཐོག་གསོལ་ཇ་དང་འབྲས་སིལ་འདེགས་འབུས་ཞུས་རྗེས་བཀྲ་ཤིས་དམ་བཅའ་བཞུགས་ཏེ་བཀའ་རམས་པ་རྣམས་ལ་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་དགེ་བཤེས་ཀྱི་མཚན་རྟགས་སྩལ་གནང་མཛད་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་ཏེ་བཀའ་རམས་པ་རྣམས་ཀྱིས་ལྷ་ཕྱག་འཚལ། དེ་མཚམས་མཆོག་ལྔའི་གསས་གསས་ཁང་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་རྗེས་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྐྱངས།  ཉིན་གུང་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས། ཉིན་གྱབ་ཆུ་ཚོད་དང་པོ་ཕྱེད་ཀ་ནས་བཀའ་རམས་པས་མཆོད་ཚིག་གསུང་རྗེས་རིན་པོ་ཆེ་རྣམ་པས་བྱིན་རྟེན་མགུལ་དར་གནང་། ཆོས་རིག་སྐུ་ཚབ་ཀྱིས་དགེ་བཤེས་རྣམས་ལ་མཇལ་དར་ཕུལ་ནས་དགེ་བཤེས་རྣམ་པས་ཚིག་བཀྲ་གསུངས་ཤིང་འབྲུ་དང་མེ་ཏོག་གིས་ཁྱབ་པར་མཛད། ༸སྐྱབས་རྗེ་མཁན་རིན་པོ་ཆེ་དང་། ཆོས་རིག་སྐུ་ཚབ་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་རྗེས་གཙུག་ལག་ཁང་གི་མདུན་དུ་མི་མང་ལ་ཁྲུས་བྱས་ཏེ་བདུད་བཟློག་སྨོན་ལམ་གསུངས་པ་དང་། ༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ “བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམ་པ་སྐལ་པ་བཟང་” ཞེས་རྟེན་འབྲེལ་ཤིས་ཚིག་གིས་སྣ་དྲངས་ཏེ་འདུས་མང་ཡོངས་ཀྱི་སྐལ་བཟང་ཤིས་སྨོན་འུར་འུར་སྒྲོག་བཞིན་དགེ་བཤེས་རྣམ་པ་མཇལ་ཁ་ཞུས་ནས་ཕན་ཐོགས་ཕུལ་ཏེ་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༢༨ ཉིན།

པར་པ་གཡུང་དྲུང་བསམ་གཏན།

(སྤྱིའི་གཟིགས་གྲངས། 1,020 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        སྐ…
error: རྩོམ་འདི་བདག་དབང་ཅན་ཡིན།