ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གནའ་བོའི་ཞང་ཞུང་ཡུལ་གྱི་འདུལ་བའི་དགོན་སྡེ་གསུམ་གྱི་ངོ་སྤྲོད།

     སྟོན་པ་ཁྲི་གཙུག་རྒྱལ་བའི་ཞབས་ལ་གུ་དུན་ཧྲུན།      སྔ་དར་གཡུང་དྲུང་བོན་གྱི་བསྟན་པ་དེ་ལ་ཕྱི་འདུལ་བ་མདོ་ཡི་བརྒྱུད་པ་དང་། ནང་གསང་བ་སྔགས་ཀྱི་བརྒྱུད་པ་དང་། གསང་བ་གྲོལ་ལམ་རྫོགས་པ་ཆེན་པོའི་བརྒྱུད་པ་གསུམ་ཡོད། དེ་གསུམ་གྱི་བརྒྱུད་པ་འཛིན་པའི་བླ་མ་རྣམས་ཀྱིས་བསྟན་འགྲོའི་དོན་མཛད་ཚུལ་ནི་དབེན་གནས་བྲག་ཕུག་ལ་རྒལ་རུས་གཏད་དེ་སྐུ་ཚེ་གོང་བུ་ནང་དོན་རིག་པའི་ཉམས་ལེན་ལ་གཞོལ་ནས་རྟོགས་པའི་བསྟན་པ་སྤེལ་ཚུལ་ཞིག་དང་། ཡང་ཉེ་འཁོར་སློབ་མ་རྣམས་ལ་དབང་ལུང་ཁྲིད་གདམས་གནང་བ་ཙམ་ལས་སློབ་མ་འདུ་སའི་གནས་གཞི་དང་ཁོར་ཡུག་ལ་ཅི་མི་སྙམ་པར་གནས་ངེས་མེད་དུ་འགྲིམས་ནས་བཞུགས་པའི་ཚུལ་ཞིག་དང་། ཡང་བླ་སློབ་གཉིས་ཀས་འདུས་ཚོགས་དང་གནས་གཞི་གཏན་ཁེལ་མཛད་དེ་གདན་ས་སྐྱོང་བའི་ལམ་ལུགས་བཅས་དགེ་སྦྱོར་བའི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་གསུམ་འདུག དེ་དག་ལས་སྐབས་འདིར་ཕྱི་རྒྱུད་འདུལ་བ་མདོ་ཡི་བསྟན་པ་འཛིན་སྐྱོང་སྤེལ་བའི་རྒྱུད་རིམ་གྱི་དབང་དུ་བྱས་ན་སྤྲུལ་སྐུའི་བརྒྱུད་པ་དང་། རྟག་གཟིགས་ཀྱི་བརྒྱུད་པ། ཞང་ཞུང་གི་བརྒྱུད་པ། མངའ་རིས་ཀྱི་བརྒྱུད་པ། མདོ་ཁམས་ཀྱི་བརྒྱུད་པ། དབུས་གཙང་གི་བརྒྱུད་པ་བཅས་བརྒྱུད་པ་ལྔ་ཡོད། དེའི་ནང་སྤྲུལ་སྐུའི་བརྒྱུད་པ་རྒྱལ་བའི་སྲས་མཆོག་ལྔ་བཞུགས་པའི་གནས་ནི་འོལ་མོ་ལུང་རིང་ཡིན། རྟག་གཟིགས་བརྒྱུད་པའི་བླ་མ་བརྒྱད་བྱུང་བ་ལས་བདུན་ནི་ས་ཕུག་དང་བྲག་ཕུག་ནང་དུ་བཞུགས་ཏེ་གནས་ངེས་མེད་མཛད་འདུག རྟག་གཟིགས་ཀྱི་བརྒྱུད་པ་ཐ་མ་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་ལ་ཕེབས་ནས་ཞང་ཞུང་བརྒྱུད་པ་དང་པོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་དུས་སུ་ཞང་ཞུང་ཡུལ་དུ་འདུས་སྡེ་ཕྱག་བཏབ་ནས་འདུལ་བའི་བསྟན་པ་སྤེལ་བའི་སྲོལ་དར། དེ་ནས་ཞང་ཞུང་སྟོད་དུ་འདུས་སྡེ་དྲུང་མུ་ཁྲི་རྩེ་དང་། གཡུང་དྲུང་ལྷ་རྩེ། གཡུང་དྲུང་བརྩེགས་པའི་འདུས་སྡེ་བཅས་གསུམ་བྱུང་།

ཁྱུང་ལུང་དངུལ་མཁར།དྲུང་མུ་ཁྲི་རྩེ།      དྲུང་མུ་ཁྲི་རྩེ་ནི་དེང་དུས་མངའ་རིས་ཀྱི་ས་ཁོངས་སྤུ་རོང་རྫོང་ཧོར་ཤང་གི་མངའ་ཁོངས་ཏེ་སྤོས་རི་ངད་ལྡན་གྱི་ཤར་རྒྱུད་བྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་ཡོད་པར་གསལ། དགོན་པ་དེ་ནི་སྤྱི་ལོའི་སྔོན་ལོ་ཉིས་སྟོང་གི་གོང་ནས་རྟག་གཟིགས་ཀྱི་མཁན་རྒྱུད་ཐ་མ་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས་ཀྱིས་རྟག་གཟིགས་ཡུལ་ནས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་ཐམ་པ་དང་། འདུལ་བ་རྒྱུད་དྲུག མངོན་པ་སྡེ་བཞི་བཅས་བོན་སྡེ་མང་པོ་བསྣམས་ནས་ཞང་ཞུང་ཡུལ་དུ་ཕེབས། ཞང་ཞུང་གི་མཁན་རབས་དང་པོ་ཡེ་ཤེས་ཚུལ་ཁྲིམས་ལ་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་ཁྲིམས་གནང་ནས་དགོན་སྡེ་ཕྱག་བཏབ། དེ་རུ་འདུལ་བསྟན་རྒྱ་ཆེར་དར་ཏེ་དྲང་སྲོང་བཀའ་ཐུབ་པ་སྟོང་དང་དྲུག་བརྒྱ་ཙམ་བྱུང་བར་གསལ། སྐབས་དེ་དུས་ཀྱི་ཞང་ཞུང་རྒྱལ་པོ་ནི། ཞང་ཞུང་ཙི་ནའི་ཡུལ་སྤོས་རི་ངད་ལྡན་གྱི་རྩ་བ། གྲོང་ཁྱེར་སྟག་སྣ་གླིང་ངམ་བོན་རི་སྟག་སྣ་རོང་གི་དབུས། སྟག་སྣ་དབལ་གྱི་རྫོང་མཁར་ཞེས་བྱ་བ་དེ་རུ། སྟག་སྣ་གཟི་བརྗིད་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་གྱི་རྒྱལ་པོ་དེ་ཡིན་ལ། རྒྱལ་པོ་དེ་ཡིས་དགོན་པའི་ཞབས་ཏོག་བསྒྲུབས་ཏེ་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་མཛད་མྱོང་ཡོད་པ་ལོ་རྒྱུས་ཀྱི་རང་གཤིས་ལས་གྲུབ། དེང་དུས་ས་གནས་དེ་རུ་དགོན་པའི་ཞིག་ཤུལ་དང་། མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱི་ཞབས་རྗེས་བཅས་མཇལ་རྒྱུ་ཡོད་པར་གྲགས། འདུས་སྡེ་དེ་ནི་ཞང་བོད་ཀྱི་ལྗོངས་སུ་འདུལ་བའི་དགོན་སྡེ་སྔ་ཤོས་དེ་ཆགས་ཡོད། རྗུ་འཕྲུལ་ཡེ་ཤེས་ཀྱི་མཁན་བུ་དྲང་སྲོང་ཡེ་ཤེས་ཚུལ་ཁྲིམས་ཡིན། ཡེ་ཤེས་ཚུལ་ཁྲིམས་ནི་ཞང་ཞུང་ཁ་ཡུག་གི་ཡུལ་བདུད་རྩི་སྨན་གྱི་ཚལ་ལ་བཞུགས་ཏེ་འདུལ་བའི་བསྟན་པ་བསྐྱངས། སློབ་མ་གཡུང་དྲུང་ཚུལ་ཁྲིམས་སོགས་སྟོང་དང་དྲུག་ཅུ་ཙམ་བྱུང་བ་གསལ་ཡོད། ཞང་ཞུང་གི་རྒྱལ་པོ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན་གྱིས་ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་མཛད་འདུག

rtarab 1575གཡུང་དྲུང་ལྷ་རྩེ།  གཡུང་དྲུང་ལྷ་རྩེ་ནི་སྟོད་མངའ་རིས་ཀྱི་ས་ཁོངས་དེང་དུས་སྤུ་རོང་རྫོང་ཧོར་ཤང་གི་མངའ་ཁོངས་སུ་ཡོད་པའི་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་བྱ་བ་ན་ཡོད། དགོན་པ་དེ་ནི་སྔར་ཞང་ཞུང་གི་དུས་སུ་བོན་གྱི་འདུལ་བའི་བསྟན་པ་ཞང་ཞུང་དུ་དར་སྐབས་ཞང་ཞུང་གི་བརྒྱུད་པ་གཉིས་པ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཙམ་གྱི་སྔོན་དུ་ཕྱག་བཏབ་པའི་དགོན་པ་ཞིག་ཡིན་པ་གསལ། སྐབས་དེ་དུས་ས་གནས་དེ་རུ་འདུལ་བའི་བསྟན་པ་རྒྱ་ཆེར་དར་ཏེ་བཀའ་གཞུང་ཉན་བཤད་ཀྱི་སྒོ་ནས་འདུས་སྡེ་བསྐྱངས་ཏེ་སློབ་མ་དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་སོགས་དུ་མ་བྱུང་། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ནི་དགུང་ལོ་བརྒྱ་དང་རྩ་དགུར་བཞུགས་ནས་འདུལ་བའི་བསྟན་པ་སྤེལ། སྐབས་དེ་དུས་ཀྱི་རྒྱལ་པོ་ནི་གྲོང་ཁྱེར་རྒྱལ་བ་མཉེས་ཡུལ་གྱི་དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨང་རྡོ་ཅན་ཞེས་བྱ་བ་དེ་རུ། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དེ་ཡིན་ལ། རྒྱལ་པོ་དེས་གཡུང་དྲུང་ལྷ་རྩེའི་ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་མཛད་ཡོད་པར་གསལ།

     ༠༣གཡུང་དྲུང་བརྩེགས་པའི་འདུས་སྡེ། གཡུང་དྲུང་བརྩེགས་པའི་འདུས་སྡེ་ནི་ད་ལྟ་མངའ་རིས་ཀྱི་ས་ཁུལ་སྤུ་རོང་རྫོང་ཧོར་ཤང་གི་མངའ་ཁོངས་སུ་ཡོད་པའི་སྤོས་རི་ངད་ལྡན་གྱི་ལྷོ་ཕྱོགས་ཧྲོམ་པོ་དཔལ་གྱི་རི་ལ་ཡོད། དགོན་སྡེ་དེ་ནི་ཞང་ཞུང་གི་མཁན་རྒྱུད་གསུམ་པ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་ཙམ་གྱི་སྔོན་ལ་ཕྱག་བཏབ། འཁོར་སྡེ་བཞི་ཡ་བརྒྱད་ཕྱེས་ཏེ་འདུལ་བའི་བསྟན་པ་སྤེལ་ཏེ་སློབ་མ་གཙུག་ཕུད་ཚུལ་ཁྲིམས་སོགས་གྲྭ་བཙུན་ཁྲི་ཕྲག་བྱུང་བའི་ལོ་རྒྱུས་ཡོད། དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས་དགུང་ལོ་བརྒྱ་ལྷག་བཞུགས་ནས་འདུལ་བའི་བསྟན་པ་སྤེལ་ཏེ་འདུལ་བའི་བསྟན་པ་དེ་ཞང་ཞུང་ཁྲི་སྡེ་ཀུན་ལ་ཁྱབ་པའི་ཚུལ་ཡོད། ཚངས་དབྱངས་ཡིད་འཕྲོག་ནང་གཡུང་དྲུང་ཚུལ་ཁྲིམས་ཀྱི་མཁན་བུ་དྲང་སྲོང་གཙུག་ཕུད་རྒྱལ་བ་ཡིན་པ་དང་གཙུག་ཕུད་ཚུལ་ཁྲིམས་གསལ་མི་འདུག་ཀྱང་གཙུག་ཕུད་ཚུལ་ཁྲིམས་ནི་ཞང་ཞུང་གི་མཁན་རྒྱུད་གསུམ་པ་དེ་ཡིན་པ་འདུལ་བའི་ལོ་རྒྱུས་ཀུན་དང་མཐུན་པས་སོམ་ཉི་མི་དགོས་སོ། །སྐབས་དེ་དུས་ཞང་ཞུང་རྒྱལ་པོ་མུ་མར་ཐོག་རྒོད་རྒྱལ་པོ་ཨནྡ་འོད་ཀྱི་བྱ་རུ་ཅན་ཡིན་པར་མངོན། དེའི་ཡན་ཆོད་ལ་ཞང་ཞུང་སྟོད་ཀྱི་མཁན་རྒྱུད་ཅེས་ཟེར། དགོན་སྡེ་དེ་གསུམ་ནི་ད་ལྟའི་བོད་གངས་ཅན་གྱི་ཁྲོད་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་འདུས་སྡེ་ཐོག་མ་དེ་ཡིན་པ་མ་ཟད་ལོ་རྒྱུས་ཀྱི་ཁྲོད་གལ་འགང་ཆེ་བའི་འདུས་སྡེ་ཞིག་ཡིན་ནའང་ཕྱིས་སུ་ཉམས་གུད་བྱུང་ནས་ཤུལ་ཙམ་ལས་ད་ལྟའི་བར་དུ་བསྐྱར་གསོ་མཛད་མཁན་གང་ཡང་བྱུང་མེད་པ་བཅས་ཞང་ཞུང་བརྒྱུད་པའི་འདུལ་བའི་དགོན་སྡེ་གསུམ་གྱི་ངོ་སྤྲོད་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་བྲིས་སོ།། །།

(སྤྱིའི་གཟིགས་གྲངས། 55 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།