ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གཞུང་ཆེན་ཆེད་སྦྱོང་གི་འཆད་རྒྱུགས་བགྲོ་གླེང་ཐེངས་བཞི་པའི་གནས་བསྡུས།

ཟབ་ཅིང་རྒྱ་ཆེའི་གཞུང་ཆེན་ཁག་ལ་སྤྱི་བཤད་ཙམ་མིན་པར་བྱེ་བྲག་ལ་ཞིབ་པར་འཇུག་ཐུབ་པ་དང་། ཚིག་ཙམ་མིན་པར་དོན་ལ་ཉེ་བར་བཅར་ཐུབ་པ་སོགས་ཀྱི་དགོས་པ་དུ་མར་དམིགས་ཏེ། ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་གདན་ས་ཁྲི་བརྟན་ནོར་བུའི་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དམིགས་བསལ་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭ་དབུ་འཛུགས་གནང་ཡོད། ཐེངས་གཉིས་པའི་ཆེད་སྦྱོང་འཛིན་གྲྭ་རྫོགས་ཆེན་ཆེད་སྦྱོང་གནང་མཁན་སློབ་གཉེར་བ་ཁྲི་ལྡེ་ཚུལ་ཁྲིམས་དང་། གསང་སྔགས་མ་རྒྱུད་ཆེད་སྦྱོང་གནང་མཁན་སློབ་གཉེར་བ་གཙུག་ཕུད་རབ་གསལ་དང་། སློབ་གཉེར་བ་ཚུལ་ཁྲིམས་སྦྱིན་པ་གཉིས་བཅས་ཁོང་རྣམ་པ་གསུམ་འདི་ལོར་ཆེད་སྦྱོང་ལོ་རིམ་གཉིས་པར་སླེབས་ཡོད་པ་དང་། ཆེད་སྦྱོང་གི་རིང་ལོ་ལྟར་བཞིན་རྩོད་རྒྱུགས་དང་བཤད་རྒྱུགས་དགོས་པའི་སྒྲིག་གཞི་ལྟར་ད་ལན་ཆེད་སྦྱོང་འཛིན་གྲྭ་ཐེངས་གཉིས་པའི་བཤད་རྒྱུགས་ཐེངས་གཉིས་པ་དེ་གནང་ཡོད། དེ་ཡང་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པས་གོ་སྒྲིག་འོག ཕྱི་ལོ་༢༠༢༠ལོའི་ཟླ་བ་༡པོའི་ཚེས་༡༧ཉིན་གྱི་ཞོགས་པ་ཕྱག་ཚོད་༨པའི་ཐོག་རྒྱུགས་སྤྲོད་ཁང་དུ་གྲྭ་མང་རྣམས་འཛོམས་ཐོག སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་རིན་པོ་ཆེ། བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ། དེ་བཞིན་རྩ་གཞུང་འཛིན་པའི་དགེ་རྒན་རྣམ་པ་གཙོས་དགེ་རྒན་ལྷན་ཚོགས་དང་། དགེ་བའི་བཤེས་གཉེན་རྣམ་པ་བཅས་རྒྱུགས་དཔང་དུ་ཕེབ་ཅིང་། ཐོག་མར་ཐེངས་འདིའི་བཤད་རྒྱུགས་ཀྱི་གཙོ་སྐྱོང་བ་དགེ་བཤེས་བློ་གྲོས་ཕུན་ཚོགས་ལགས་ནས། མདོ་ལས། གང་བསླབ་གཅིག་ལ་ཕུལ་དུ་ཕྱིན་པར་གྱིས། །མི་འགྲུབ་བློ་སྣ་མང་ན་གང་ཡང་འཆོལ། །ཀུན་ལ་བསླབ་ན་གཅིག་ཀྱང་ཕུལ་ཕྱིན་མེད། །གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར། །ཞེས་སོགས་ཀྱི་དགོངས་དོན་ལྟར་ཆེད་སྦྱོང་ངམ་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་དང་དགོས་དམིགས་སྐོར་ངོ་སྤྲོད་གནང་། དེ་ནས་རྒྱུགས་སྤྲོད་ཀྱི་དོ་དམ་པས་སྟངས་འཛིན་འོག་རྒྱུགས་སྤྲོད་ཀྱི་བརྗོད་གཞི་རྒྱན་ཤོག་འཐེན་ཏེ་ཐོག་མར་རྫོགས་ཆེན་ཆེད་སྦྱོང་བ་ཁྲི་ལྡེ་ཚུལ་ཁྲིམས་ལགས་ནས་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་སྐོར་ནས་ཆུ་ཚོད་ཕྱེད་ཀའི་རིང་བགྲོ་གླེང་གནང་རྗེས། རྫོགས་ཆེན་འཛིན་གྲྭ་གོང་འོག་རྣམས་ནས་སྐར་མ་༢༠་རིང་ལ་དྲི་བ་དྲིས་ལན་གནང་བ་དང་། དེ་ནས་གསང་སྔགས་མ་རྒྱུད་ཆེད་སྦྱོང་བ་གཙུག་ཕུད་རབ་གསལ་ལགས་དང་། ཚུལ་ཁྲིམས་སྦྱིན་པ་རྣམ་པ་གཉིས་ནས་རིམ་བཞིན་བརྗོད་གཞིའི་རྒྱན་ཤོག་འཐེན་རྗེས་མ་རྒྱུད་ལམ་གྱི་སྐོར་ནས་བགྲོ་གླེང་དང་། འདི་ལོའི་གསང་སྔགས་མ་རྒྱུད་འཛིན་གྲྭ་རྣམས་ནས་དྲི་བ་དྲིས་ལན་བཅས་གནང་། དེ་ཡང་བཤད་བྱ་གང་ཞིག་རྩལ་དུ་བཏོན་ནས་བཤད་ཐུབ་མིན་དང་། བཤད་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད། མཐར་གཙོ་སྐྱོང་བ་ནས་བགྲོ་གླེང་གནང་མཁན་སོ་སོའི་བརྗོད་དོན་རྣམས་སྙིང་བསྡུས་རེས་མཇུག་བསྡུས་གནང་། དེ་ཡང་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བསྟན་འགྲོ་དོན་དུ་མཛད་འཕྲིན་བསྐྱངས་ནས་སྐུ་ཡི་དགུངས་གྲངས་ ༩༥ དང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་༢༥འཁོར་ལ་ཉེ་བར་རྟེན་འབྲེལ་གྱི་སྨོན་ཚིག་དང་བཅས། ཐེངས་འདི་ཡི་ཆེད་སྦྱོང་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བའི་གནས་བསྡུས་སུ།

སྐྱ་ཀ་ཁྲ་བོ་ནས་ཕྱི་ལོ་༢༠༢༠ ལོའི། ཟླ་བ་ ༡ པོའི་ཚེས་ ༡༧ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 782 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
error: རྩོམ་འདི་བདག་དབང་ཅན་ཡིན།