ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་༢༠༢༥ལོའི་ལོ་འཁོར་མཇུག་བསྡོམས་ཚོགས་འདུའི་གསར་གནས།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་འདུས་སྡེ་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭ། གསོ་རིག་འབུམ་བཞི་སློབ་གྲྭ་བཅས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྡེ་ཚན་ཁག་ནས་ལོ་གཅིག་རིང་གི་སློབ་ཚན་ཡོངས་སུ་རྫོགས་མཚམས་ལོ་ལྟར་ལོ་མཇུག་གི་ཧོར་ཟླ་༡༢པའི་ནང་མཇུག་སྡོམ་གྱི་ཚོགས་འདུ་ཆེན་མོ་ཚོགས་དང་འཚོག་བཞིན་ཡོད་པ་ལྟར། ད་ལན་བོད་ཤིང་སྦྲུལ་ལོ་ཕྱི་ལོ་ ༢༠༢༥ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཚན་མཇུག་གྲུབ་པའི་མཇུག་བསྡོམས་ཚོགས་འདུ་དེ་ཉིད་ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༢ པའི་ཚེས་ ༥དང་ ༦གཉིས་ལ་འཚོགས་ཡོད། དེ་ཡང་ཕྱི་ཚེས་ ༥ཉིན་གྱི་ཕྱི་དྲོར་སྐབས་སོ་གཅིག་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་འཇུག་བསྡོམ་དང་སྐབས་སོ་གཅིག་པ་དང་སོ་གཉིས་པའི་ལས་བྱེད་གསར་རྙིང་བརྗེ་ལེན་གྱི་ཚོགས་འདུ་འཚོགས་ཏེ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་དང་། དགེ་རྒན་རྣམ་པ་དང་གྲྭ་ཚང་གི་ལས་བྱེད་སོགས་འདུས་མང་ཡོངས་ལྷན་དུ་འཛོམས་ཐོག སྐབས་སོ་གཅིག་པའི་དགེ་བསྐོས་ལུང་རྟོགས་དཔལ་ལྡན་ལགས་ཀྱིས་གཙོ་སྐྱོང་འོག་ཐོག་མར་སྐབས་སོ་གཅིག་པའི་ཚོགས་གཙོ་རྒྱལ་སྲས་ཚུལ་ཁྲིམས་ལགས་དང་། སྒྲུབ་གྲྭའི་དགེ་སྐོས་ཁྲི་བརྟན་ཚུལ་ཁྲིམས་ལགས་གཉིས་ནས་རིམ་བཞིན་བཤད་སྒྲུབ་འདུས་སྡེའི་ལོ་གཅིག་རིང་སློབ་གཉེར་བ་དང་སྒྲུབ་གྲྭ་བ་སོ་སོའི་འཚོགས་དང་འཆད་ར། ཐུན་དང་བསགས་སྦྱོང་། དཔེ་ཁྲིད་དཔེར་བརྗོད་སོགས་སྒེར་དོན་དུ་ཆད་གྲངས་རྣམས་སྒྲོགས་སྦྱང་གནང་།

དེ་ནས་རིམ་བཞིན་དགེ་རྩ་ཚོགས་པའི་དྲུང་ཆེ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་དང་། གྲྭ་ཚང་གི་སྤྱི་གཉེར་ཆེན་མོ་དགེ་བཤེས་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ། གྲྭ་ཚང་གི་དགེ་བསྐོས་དགེ་བཤེས་དགེ་ལེགས་དཔལ་འབྱོར། གྲྭ་ཚང་གི་འཕྲོང་བསྟེན་འགན་འཛིན་སྒྲུབ་ཐོན་པ་བཀྲ་ཤིས་འོད་ཟེར། དེ་ནས་སྐབས་སོ་གཅིག་པ་དང་སོ་གཉིས་པའི་བཤད་སྡེའི་ལས་བྱེད་གསར་རྙིང་བཅས་ནས་འདུས་མང་ལ་བཀའ་སློབ་རིམ་པར་གནང་། དེ་རྗེས་བཤད་སྒྲུབ་དཔོན་སློབ་མཆོག་དང་། བཤད་སྒྲུབ་མཁན་པོ། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་བཅས་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་དེ་ཉིན་དེ་ཡི་ཚོགས་འདུ་མཇུག་གྲུབ།

ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨ པའི་ཐོག་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་གཙོས་འདུས་མང་ཡོངས་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་དགེ་སློབ་ཡོངས། སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་ཡོངས་བཅས་འཛོམས་ཏེ། བཤད་སྒྲུབ་འདུས་སྡེའི་དགེ་བསྐོས་ལགས་ནས་གཙོ་སྐྱོང་གནང་ཞིང་ཐོག་མར་བཤད་སྒྲུབ་འདུས་སྡེ། གཞི་རིམ་སྔོན་འགྲོའི་སློབ་གྲྭ། གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཀྱི་ལས་བྱེད་གསར་རྙིང་བརྗེ་ལེན་གནང་སྟེ་༧སྐྱབས་རྗེ་སློབ་དཔོན་མཆོག་ནས་མགུལ་དར་བསྒྲོན་གནང་བ་དང་། དེ་རྗེས་བཤད་སྡེའི་ཚོགས་གཙོ་མཆོག་གིས་མཚམས་སྦྱོར་དང་བཅས་བཤད་སྒྲུབ་འདུས་སྡེའི་ཁོང་ནས་ལོ་གཅིག་ནས་གསུམ་དང་། ལྔ། སོགས་ལོ་དུ་མའི་རིང་འཚོགས་དང་འཆད་ར་དཔེ་ཁྲིད་དཔེར་བརྗོད་གང་ལ་ཡང་སྒེར་དོན་དུ་མ་ཆད་པ་རྣམས་ལ་ལེགས་གསོལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་།

དེ་རྗེས་འདི་ལོར་དམིགས་བསལ་གཞུང་ཆེན་ཁག་ངག་རྒྱུགས་འཕར་མ་འབུལ་མཁན་རྣམས་པར་གཟེངས་བསྟོད་བྱ་དགའ་དང་། དེ་རྗེས་འདི་ལོའི་ལོ་འཁོར་གྱི་རྒྱུགས་སྤྲོད་ནང་། རྩོད་རྒྱུགས། བྲིས་རྒྱུགས། རྩ་གཞུང་བློ་རྒྱུགས། རིག་གནས། ཡིག་གཟུགས། འཆད་རྒྱུགས། རྩོམ་རིག་སོགས་འཛིན་གྲྭ་གོང་འོག་སོ་སོར་རྒྱུགས་སྤྲོད་ཀྱི་རིམ་པ་ཁག་ནས་བརྒྱ་ཆ་མཐོ་ཤོས་ལོན་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་།

དེ་རྗེས་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་སྒྲུབ་ཐོན་པ་རྒན་བཀྲ་ཤིས་འོད་ཟེར་ལགས་ནས་མཚམས་སྦྱོར་དང་བཅས་གཞི་རིམ་སྔོན་འགྲོའི་ལོ་གཅིག་རིང་གི་སློབ་ཚན། བལ་བོད་དབྱིན་གསུམ་དང་། ཚན་རིག རྒྱུན་ཤེས། རིག་ལམ་སོགས་སློབ་ཚན་ཁག་ནས་བརྒྱ་ཆའི་ཨང་རིམ་ཐོབ་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་། དེ་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་མཚམས་སྦྱོར་དང་བཅས་ཏེ་འབུམ་བཞི་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་གསོ་རིག་བྲིས་རྒྱུགས་དང་ངག་རྒྱུགས། སྨན་གྱི་ལོ་རྒྱུས། རིག་གནས། སྐད་རིགས། རྒྱུན་ཤེས་སོགས་ཀྱི་སློབ་ཚན་ཁག་ནས་བརྒྱ་ཆའི་ཨང་རིམ་ཐོབ་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་། དེ་རྗེས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་འདུས་མང་དང་སློབ་གྲྭའི་དགེ་སློབ་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཅིང་། མཐར་བཤད་སྡེའི་ཚོགས་གཙོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སོ་གཅིག་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་མཇུག་བསྡོམས་ཚོགས་འདུ་ཆེན་མོ་ཁ་དགེ་བཀྲ་ཤིས་ངང་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༥ ༢ ༦ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད། 

(སྤྱིའི་གཟིགས་གྲངས། 373 དེ་རིང་། 373)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ད་ལན་འདི་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།