བོན་གཤེན་སྔོན་འགྲོ་བསགས་སྦྱོང་ལེགས་གྲུབ་བྱུང་བའི་གནས་བསྡུས།
ད་ལན་གྱི་བོན་གཤེན་སྔོན་འགྲོ་བསག་སྦྱོང་འདི་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༡ ཕྱི་ཚེས་ ༢༢ ཉིན་དངོས་སུ་དབུ་འཛུག་གནང་བ་དང་བདུན་ཕྲག་གསུམ་རིང་སྔོན་འགྲོའི་ཁྲིད་དང་བསག་སྦྱོང་གནང་ཡོད། དེ་ཡང་བདུན་ཕྲག་གསུམ་གྱི་རིང་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ཉིན་བཞིན་ཆུ་ཚོད་གཅིག་རིང་ཨ་ཁྲིད་ཀྱི་སྔོན་འགྲོའི་ཁྲིད་རིམ་རྣམས་རིམ་པར་བཀའ་ཁྲིད་གནང་བ་དང་། ཁྲིད་ཞུ་མཁན་ད་ལན་གྱི་སྔོན་འགྲོ་བསག་སྦྱོང་བ་རྣམས་དང་སྔོན་འགྲོའི་བོན་ཁྲིད་ཞུ་མཁན་བཅས་ཁྱོན་མི་མང་བརྒྱ་ཕྲག་ཙམ་རྒྱུན་དུ་འདུས་ཡོད།
བོན་གཤེན་སྔོན་འགྲོ་བསག་སྦྱོང་བ་རྣམ་པ་ནས་སྔོན་འགྲོ་བསག་སྦྱོང་གི་ཉིན་རེའི་དུས་ཚོད་རེའུ་མིག་གཏན་འབེབ་ལྟར་ཉིན་རེར་ཐུན་བཞིའི་རིང་སྔོན་འགྲོ་བསག་སྦྱོང་ཚུལ་མཐུན་གནང་། མཐར་ཕྱི་ཟླ་༢པའི་ཚེས་༡༡ཉིན་མཇུག་ལེགས་པར་གྲུབ།༼སྔོན་འགྲོ་བསག་སྦྱོང་གི་རིམ་པ་ཆ་ཚང་གི་གནས་ཚུལ་གཞན་དུ་འགོད་པར་བྱ།༽
ཚེས་ ༡༡ ཉིན་འདིར་སྔོན་འགྲོ་མཇུག་གྲུབ་པའི་གཏང་རག་གི་ཚུལ་དུ་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོན་གཤེན་རྣམས་དང་སྔོན་འགྲོའི་ཁྲིད་ཞུ་བ་མི་མང་ཡོངས་འཛོམས་ཏེ། དྲན་པ་ཡང་སྙིང་དབང་གསུམ་ལྟར་སྙིག་དུས་ཀྱི་མགོན་པོ་བླ་ཆེན་དྲན་པ་ནམ་མཁའ་ལ་ཚོགས་མཆོད་རྒྱས་འབུལ་ཞུས། ཕྱི་དྲོ་ཚོགས་འཁོར་གྲུབ་རྗེས་ཕྱག་ཚོད་༣པའི་ཐོག་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་གི་༧སྐྱབས་མཆོག་བདེ་བར་གཤེགས་པའི་གཟིམས་ཁང་མདུན་མི་མང་ཡོངས་ནས་བླ་མ་མཆོད་པ་དབྱངས་སུ་གྱེར་རྗེས། བླ་བྲང་ནས་སྐུ་གདུང་ཁང་མཇལ་ཁ་དང་གདུང་རྟེན་བྱིན་མདུན་སོགས་བསྩལ་གནང་མཛད།
དེ་རྗེས་སྔོན་འགྲོ་བསག་སྦྱོང་གི་དགེ་བའི་བྱ་བ་ཡོངས་མཇུག་ལེགས་པར་གྲུབ་པ་དང་བསྟུན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་མཆོག་ནས་དྲ་ལམ་ནས་ཐད་ཀར་མི་མང་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་པ་དང་།
དེ་རྗེས་བསམ་གླིང་བླ་མ་ཡང་སྟོན་ཤེས་རབ་བསྟན་འཛིན་མཆོག་ནས་ད་ལན་དམིགས་བསལ་བོན་གཤེན་རྣམས་ལ་སྔོན་འགྲོ་བསག་སྦྱོང་གི་གོ་སྐབས་བཟང་པོ་བསྐྲུན་པ་འདི་དང་འབྲེལ་ནས་དགོངས་ཚུལ་དང་བཀའ་དྲིན་ལེགས་གསོལ་གྱི་གསུང་བཤད་གནང་།
དེ་རྗེས་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་ད་ལན་སྔོན་འགྲོ་བསག་སྦྱོང་གི་ལས་རིམ་འདིའི་དགོས་དམིགས་དང་ཇི་ལྟར་གལ་ཆེ་མིན་སོགས་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་གྲྭ་ཚང་གཉེར་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་གྲྭ་ཚང་གི་ཚབ་བྱས་ཏེ་སྔོན་འགྲོ་བསག་སྦྱོང་འདི་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྔོན་འགྲོ་བསག་སྦྱོང་འདི་དང་འབྲེལ་བའི་ལམ་སྟོན་དང་། མ་འོངས་པར་བོན་གཤེན་རྣམས་པ་ནས་མུ་མཐུད་དངོས་གཞི་དང་རྩ་རླུང་མུན་མཚམས་སོགས་ཆ་ཚང་བ་ཞིག་བྱ་དགོས་པ་གལ་ཆེ་བ་དང་། ད་ལན་སྔོན་འགྲོ་བསག་སྦྱོང་གི་དགེ་བའི་བྱ་བ་དེ་ཉིད་ཕྱོགས་གང་ཐད་ནས་ལེགས་པོ་བྱུང་སོང་བ་སོགས་ཀྱི་སྐོར་ནས་བཀའ་སློབ་བསྩལ་གནང་མཛད།
དེ་ནས་མཐར་༧སྐྱབས་རྗེ་སློབ་དཔོན་མཆོག་ནས་བོན་གཤེན་རྣམས་ཀྱིས་རེ་འདུན་ལྟར་ཨ་ཁྲིད་ཀྱི་དཔེ་ལུང་གནང་ཞིང་། དེ་དང་ལྷན་བྱིན་མདུན་སོགས་བསྩལ་གནང་དང་བཅས་མཇུག་གྲུབ།
ཚེས་ ༡༢ ཉིན་ཞོགས་པ་གྲྭ་ཚང་ནས་གོ་བསྒྲིག་གནང་ཐོག་བོན་གཤེན་སྔོན་འགྲོ་བསག་སྦྱོང་བ་དང་སྔོན་འགྲོ་ཁྲིད་ཞུ་བའི་མིང་རྣམ་པ་ཚང་མ་འཛོམས་ཏེ་༧སྐྱབས་རྗེ་མཆོག་ཞིང་དུ་ཕེབས་གནས་རྒྱལ་གཤེན་དཔའ་བོའི་བྱེ་མ་རི་ཁྲོད་དུ་གནས་མཇལ་དུ་སོང་།
ཆུ་ཚོད་༡༡ཙམ་གྱི་ཐོག་དབེན་གནས་བྱེ་མ་རི་ཁྲོད་དུ་སླེབ་པ་དང་། དེར་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་ཆེན་དྲན་པའི་སྐུ་ཡི་མདུན་བསང་གསོལ་དང་། མངའ་གསོལ། ལྷ་རྒྱལ་རྣམས་གསུངས། དེ་རྗེས་མི་མང་ཚང་མས་༧སྐྱབས་རྗེ་བདེ་བར་གཤེགས་པའི་གཟིམས་ཁང་མཇལ་ཁ་ཞུས་གྲུབ་རྗེས། གཟིམས་ཁང་འཁྲིས་སུ་༧སྐྱབས་རྗེ་སློབ་དཔོན་མཆོག་དབུ་བཞུགས་ཐོག་བོན་གཤེན་དང་མི་མང་རྣམས་འཛོམས་ཏེ་དགོངས་སྤྱོད་རྣམ་གསུམ་གསུངས་ནས་ཐུན་ལ་བཞུགས་པ་དང་། ཐུན་ལས་གྲོལ་རྗེས་ལུས་སྦྱིན་མཁའ་འགྲོའི་གད་རྒྱང་གི་གཅོད་གཏོང་གནང་སྟེ་དེ་ནས་ཉིན་གུང་ཞལ་ལག་ཕུལ།
དེ་ལྟར་ད་ལན་གྱི་བོན་གཤེན་སྔོན་འགྲོ་བསག་སྦྱོང་གི་དགེ་བའི་བྱ་བ་ཡོངས་མཇུག་ལེགས་པར་གྲུབ་པའི་གཏང་རག་གི་གནས་ཚུལ་མདོར་བསྡུས་སུ་གཙོ་སྒྲུབ་པས་བཀོད།
