གཡུང༌དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཆད་རྒྱུགས་བགྲོ་གླེང་ཐེངས་བཅུ་པའི་གནས་བསྡུས།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སོ་གཅིག་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་༢༠༢༦ ལོའི་ཟླ་བ་༡ པོའི་ཚེས་༡༧ ཉིན་གྱི་ཞོགས་པ་ཕྱག་ཚོད་༨ སྐར་མ་༣༠ པའི་ཐོག་རྒྱུགས་སྤྲོད་ཁང་དུ་གྲྭ་མང་རྣམས་འཛོམས་ཐོག ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དང་། དེ་བཞིན་དགེ་རྒན་ལྷན་ཚོགས་དང་། དགེ་བའི་བཤེས་གཉེན་རྣམ་པ་བཅས་རྒྱུགས་དཔང་དུ་ཕེབས་ཤིང་། ཐོག་མར་ཐེངས་འདིའི་བཤད་རྒྱུགས་ཀྱི་གཙོ་སྐྱོང་བ་རྩ་འཛིན་སློབ་དཔོན་དགེ་བཤེས་མཁྱེན་རབ་རྒྱ་མཚོ་ལགས་ནས། ཆེད་སྦྱོང་ངམ་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་དང་དགོས་དམིགས་སྐོར་ངོ་སྤྲོད་གནང་། དེ་ནས་རྒྱུགས་སྤྲོད་ཀྱི་དོ་དམ་པས་སྟངས་འཛིན་འོག་རྒྱུགས་སྤྲོད་ཀྱི་བརྗོད་གཞི་རྒྱན་ཤོག་འཐེན་ཏེ་ཐོག་མར་མ་རྒྱུད་ཆེད་སྦྱོང་སློབ་གཉེར་བ་བདེ་ཆེན་དཔལ་ལྡན་ལགས་ནས། ལམ་རྒྱུད་ལས། དགོངས་པའི་ཐིག་ལེ་ཡེ་ཤེས་མི་གཡོ་གསལ། མོས་འདུན་བླ་མ་ཐིག་ལེའི་མཁའ་འགྲོ་མ། མི་གཡོ་ལམ་རྟགས་གསལ་བའི་དོན་དང་ལྔ། ཞེས་པ་སོགས་ལ་དཔྱད་ནས་དགོངས་སྤྱོད་རྣམ་གསུམ་སྐོར་ལ་འཆད་རྒྱུ། ཞེས་པའི་ཁ་བྱང་ཐོག་ནས་ཆུ་ཚོད་ཕྱེད་ཀའི་རིང་བགྲོ་གླེང་གནང་རྗེས། སྐར་མ་༡༥ རིང་ལ་དྲི་བ་དྲིས་ལན་གནང་བ་དང་།
དེ་རྗེས་གསང་སྔགས་མ་རྒྱུད་རྩ་རླུང་དང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་ཆེད་སྦྱོང་བ་སློབ་གཉེར་བ་གཡུང་དྲུང་ཐོགས་མེད་ལགས་ནས། མ་རྒྱུད་ཐབས་ལམ་ལས་བསྟན་པའི་རྩ་རླུང་”འཇམ་རྩུབ་མ་ནིང་ལ་སྦྱར་ཚུལ་ཡོད་མེད་སོགས་”ཉམས་སུ་ལེན་ཚུལ་སྐོར། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་དང༌། སྐར་མ་༡༥ དྲི་བ་དྲིས་ལན་བཅས་གནང་།
དེ་རྗེས་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་ཆེད་སྦྱོང་བ་སློབ་གཉེར་བ་རྒྱལ་སྲས་ཚུལ་ཁྲིམས་ལགས་ནས། འཁོར་ལོ་བཞི་སྦྲག་གི་རྟོགས་འཁྲུལ་རྟེན་འབྲེལ་གྱི་འཁོར་ལོ་དང་། སྒྲོན་མ་དྲུག་གི་གནས་པ་གཞིའི་སྒྲོན་མེ་རྩ་འགྲེལ་བཅས་ལ་དཔྱད་ནས་གྲོལ་འཁྲུལ་གྱི་སྐོར། ཞེས་པའི་ཁ་བྱང་ཐོག་ནས་བགྲོ་གླེང་དང༌། སྐར་མ་༡༥ དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། དེ་ཡང་བཤད་བྱ་གང་ཞིག་རྩལ་དུ་བཏོན་ནས་བཤད་ཐུབ་མིན་དང་། བཤད་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད། མཐར་གཙོ་སྐྱོང་བ་ནས་བགྲོ་གླེང་གནང་མཁན་སོ་སོའི་བརྗོད་དོན་རྣམས་སྙིང་བསྡུས་རེས་མཇུག་བསྡུས་གནང་སྟེ་ཐེངས་འདིའི་ཆེད་སྦྱོང་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༦ ལོའི་ ཟླ་བ་ ༡ པོའི་ཚེས་ ༡༧ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།
