ཐུགས་རྗེས་རྗེས་སུ་བཟུང་བའི་གདུང་འབོད།
ཐུགས་རྗེས་རྗེས་སུ་བཟུང་བའི་གདུང་འབོད།
ཚེ་ཡི་རིག་འཛིན་བརྙེས་པའི་གསང་ཆེན་གྱི་རྣལ་འབྱོར། །
ཚེ་ལོ་བརྒྱ་པའི་ཚེ་དམིགས་དུས་བཅད་རང་མཛད་དེ། །
ཟག་བཅས་རྒྱ་གསུམ་རལ་བའི་མཇུག་ཐོག་དེ་རང་དུ། །
ཟག་མེད་རྩལ་གསུམ་རྫོགས་ཏེ་མཁའ་སྤྱོད་དུ་ཕེབས་སོང་། །
སྐུ་ཚེ་བསྟན་དོན་རྫོགས་པའི་རྣམ་ཐར་ལ་གཞིགས་ཤིང་། །
རྒྱུད་གསུམ་འདུས་སོར་གྱུར་པའི་ངང་ཚུལ་ནི་བསམ་དུས། །
བསྟན་འགྲོའི་དོན་མཐར་ཕྱིན་པའི་དགའ་སྤོབས་དང་ལྷན་དུ། །
འཇིག་རྟེན་སྟོང་པར་གྱུར་པའི་སྐྱོ་གདུང་གིས་ནོན་སོང་། །
སྣང་བཞི་ཟད་སར་བསྐྱལ་ནས་ཕྱིར་ལྡོག་རང་མེད་པར། །
སྐུ་བཞིའི་གོ་འཕང་གཤེགས་པའི་དྲིན་ཆེན་གྱི་བླ་མ། །
སྐྱེ་བཞི་འགྲོ་དྲུག་སེམས་ཅན་མགོན་མེད་དུ་མ་འཇོག །
དུས་བཞིར་འབྲལ་བ་མེད་པར་ཐུགས་རྗེ་ཡིས་གཟིགས་ཤིག།
ཅེས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཁོ་ནར་མཛད་དེ། མཐར་དགུང་གྲངས་༡༠༠ཐོག་རེ་ཞིག་ཐུགས་དམ་གཡོ་མེད་ངང་དག་པ་མཁའ་སྤྱོད་དུ་གཤེགས་པར་ཐོས་ཕྲལ་སྐྱོ་གདུང་ཚད་མེད་དང་བཅས་ཏེ། སླད་ནས་དུས་གསུམ་འབྲལ་མེད་ཐུགས་རྗེས་རྗེས་སུ་བཟུང་བའི་གདུང་འབོད་འདི་བཞིན་བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་རུ་ལག་གཡུང་དྲུང་གླིང་གི་མཁན་མིང་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་དུ་འབོད་པ་དེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བ་དགེའོ། །