ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མི་ནུབ་རྟག་འཆང་།

རྩོམ་པ་པོ། ཤེར་དབང་པ།

[ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་གྲངས་དགུ་བཅུར་བཞེས་པའི་གོ་སྟོན་རྟེན་འབྲེལ་དུ། ༡༩༢༦—༢༠༡༥]

གངས་རིའི་མེས་པོ་གཤེན་རབ་མི་བོ་གངས་ཅན་ལྗོངས་སུ་ལྟེ་ཁྲག་འཕོས། །

དེ་ཡི་རིན་དོད་གངས་ཅན་པ་རྣམས་འཁྱག་པས་བསྡམ་ཏེ་འོ་དོད་དང་། །

ཨ་ཆུ་སོ་འཐམས་ལ་སོགས་སྡུག་གིས་བཙེར་ཞིང་མནར་བའི་མུན་ཁུང་ནས། །

དྲོད་འོད་མཛད་པ་ཅི་གར་སྒྱུར་ཏེ་མཐོ་བོད་དབུ་འཕངས་མཐོ་བར་བྱས། །

དེང་དུས་འདིར་ཡང་རི་བོ་གངས་ཅན་པ་ཞེས་མུ་ཁྱུད་འཛིན་མའི་ལྗོངས། །

ཕྱི་ནང་ཤེས་རིག་སྒྲོག་གིས་བཅིངས་ཏེ་ཕལ་ཆེར་འབྱུང་བཞི་བསྡུ་བའི་ཁར། །

འཕྱན་སྟེང་སླར་ཡང་ཤེས་རབ་སྙིང་སྟོབས་ཟུང་གིས་ཁྲོ་ལྕགས་དུམ་བུ་རུ། །

གཏུབ་པའི་མཚུངས་མེད་གཞན་ཕན་ཉི་མའི་འཕྲིན་ལས་དེ་ཡང་ངོ་མཚར་ཆེ། །

དེ་ལྟར་ན་ཡང་དམུས་ལོང་དག་ནི་འོད་ཀྱི་ཕུང་པོ་མི་མཁོ་མོད། །

མ་རིག་སྨག་གིས་བཏུམ་པའི་སྐྱེ་འགྲོ་དབུགས་ཅན་རྣམས་ནི་རེ་བའི་ཞག།

སྒྲོན་མེའི་ཕྱོགས་སུ་གཏད་ནས་ཡོད་ན་དེ་ལ་མི་འཁོར་སུ་ཞིག་མཆིས། །

དེ་བས་སྒྲོག་གུ་བཅད་དེ་ཡངས་པའི་ཐང་ཆེན་བསྐྱལ་བར་དགྱེས་རིགས་སོ། །

ཞེས་སྲོལ་རྒྱུན་ལྟར་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་གང་གི་སྐུ་གསུང་ཐུགས་གསུམ་གྱི་མཚན་དཔེའི་ཡོན་ཏན་ནམ། སྐུ་ཚེའི་མཛད་པ་རགས་རིམ་ཞིག་སོ་སོ་སྐྱེ་བོ་ཕལ་བའི་སྣང་ཚོད་ལྟར། ཚུལ་མཐོང་གི་ལུགས་བཞིན་ཆེ་འདོན་ཚུལ་གྱིས་རང་རང་གིས་ཀྱང་སྐྱེས་བུ་དམ་པ་རྣམ་པའི་མཛད་འཕྲིན་ལ་ངེས་ཤེས་འདྲོང་སླད། གཞལ་འདོད་ཀྱི་འདུན་པ་དྲག་པོ་ནི་ཡར་ཀླུང་གཙང་པོའི་རླབས་རྒྱུན་ལྟར་ནམ་ནམ་རྒྱུན་དུ་གཡོ་བར་བྱེད་ཀྱང་། གྲུ་གདོས་མེད་པའི་མཉན་པ་བདག་འདྲ་བས་ཁོང་ལྟ་བུའི་མཛད་འཕྲིན་རྒྱ་མཚོའི་འཇིང་ནི་བགྲོད་པར་ཅི་ནུས། རུས་སྤལ་སྤུ་སོགས་མེད་ངེས་རེ་རེའི་ཟླ་བོར་འཁྲུལ་མེད་དུ་སོང་བ་རང་གིས་ཀྱང་ངེས་རྟོགས་ཡོད་མོད། ནམ་ཞིག་བདག་སོགས་སྨག་མུན་གྱི་ལཱ་བས་བཏུམ་གྱུར་བར། མཁའ་དབྱིངས་ནས་མུན་ནག་གི་ལཱ་བར་དྲངས་པའི་འོད་ཀྱི་གསེར་ཐིག་ཕྱི་འབིགས་ནང་འབིགས་གང་དེས། སྨག་མུན་ལཱ་བ་བཏུར་ཏེ་མཚུངས་པ་མེད་པའི་གསལ་སྣང་ཞིག་བསྐྲུན་པར་བརྗེད་དུ་མེད་པའི་དགའ་བས་ཅི་ཞིག་བརྗོད་འདོད་པ་དགསྨྲ་མ་ཤེས་ནས་གནག་རྫིས་འཛམ་གླིང་སྤྱི་བཤད་བྱས་པ་དང་མཚུངས་པར་མཚང་དུ་སོང་ཡང་རུང་། རི་གཟར་གྱི་ཆུ་བོ་ནི་ཅི་ནས་ཀྱང་འགོག་པའི་ཐབས་དཀོན་པར་འདུག་ན་ཆེ་ལོང་ཙམ་སྦས་མེད་དུ་ཤོར་འགྲོ་བས། བརྒྱ་ལ་བྱས་ཉེས་བཤད་ཉེས་སོགས་ཀྱི་འཁྲུལ་བའི་ཆ་ཇི་བདོག་པ་རྣམས་ནི་འཐོལ་བཤགས་དང་དགོངས་དྭང་ཞུ་བ་ལས། འོས་མེད་པར་འགོག་མེད་དུ་ཐལ་སོང་ན་ཐད་ཀར་འདི་ནས་འཕྲུལ་གྱི་ཡི་གེར་ཉུང་ངུ་ཞིག་སྡེབ་བའི་དབུ་གཟུག་གོ། །

སྔ་དུམ།

དེ་ཡང་། ཅི་སྟེ་བོད་ཆོལ་གསུམ་དུ་གྲགས་པའི་ཡ་གྱལ་མདོ་སྟོད་ཆོལ་ཁའི་ནང་ཚན་ཁྱུང་ཡུལ་རལ་པའི་ཕ་ས་རུ་འབོད་པར། བྲེ་བོ་དཔག་བསམ་དང་ལྡོང་བཟའ་ག་ཆུང་ཞུ་བ་གཉིས་ཡབ་ཡུམ་དུ་བསྟེན་ཏེ། གཤིས་བཟང་རྒྱུད་དུལ་གྱི་འགྲོ་བ་མིའི་ཚུལ་དང་མཐུན་པའི་ཀུན་སྤྱོད་ངོ་མཚར་བ་ལྷན་སྐྱེས་སུ་སྦྲུམ་པའི། བྱིས་པ་འཆི་མེད་གཡུང་དྲུང་ཞུ་བ་ཞིག་མི་ཡུལ་དུ་དུས་རབས་ཉི་ཤུའི་དུས་སྟོད་དུ་སྐུ་བལྟམས་བྱུང་༑འཕྲུལ་གྱི་སླག་པ་གྱོན་ཏེ་བལྟམས་བྱུང་༑ཐེག་དགུའི་སྐ་རགས་བཅིང་ནས་བལྟམས་བྱུང་༑མེས་པོའི་འོད་ཟེར་གྱིས་སྐུ་ལུས་ཡོངས་སུ་ཀླས་ཏེ་བལྟམས་བྱུང་ལ། སྒོ་བཞི་མཛོད་ལྔའི་ཐེམ་སྐས་བརྒྱུད་ནས་ཕེབས་བྱུང་༑ཕྱི་ནང་གསང་གསུམ་གྱི་དབུ་གདུག་འཕྱར་ནས་ཕེབས་བྱུང་༑

གློ་བུར་བ་ཞིག་ལ་བྱིས་པ་དེ་ཉིད་དགུང་གྲངས་གསུམ་ལས་མ་ལོན་པའི་བྱིས་དུས་དེ་ཙམ་ན། རྐྱེན་ངན་གྱི་སྒོ་མོ་ཞིག་གྱེས་ཏེ་ཡབ་ཡུམ་དང་ཁ་འབྲལ་དགོས་པར་གྱུར༑ཀྱེ་མ། ཕ་མ་མེད་པའི་བྱིས་དུས་ནི་ཇི་འདྲའི་ངུ་ངག་དང་མིག་ཆུ་ལས་གཞན། བརྟེན་གྲོགས་མེད་པའི་ཁེར་རྐྱང་གི་འཇིག་རྟེན་སུན་དབྱུང་བ་ཞིག་ཡིན་ཨང་།

རེད་དེ། ལྡོག་ཕྱོགས་ནས་བལྟས་ན། འདི་ནི་ཁོང་ཉིད་མི་ཡུལ་འདིར་སྐྱེས་བུ་གཞན་དང་མི་འདྲ་བའི་ཁྱད་པར་ཏེ། ཞོམ་པ་མེད་པའི་བློ་གཤོགས་དང་འཛད་པ་མེད་པའི་གནའ་བོའི་ཤེས་རིག་གི་ཉིང་བཅུད། ཡོད་ཚད་ཀྱི་ཡོད་ཚད་མངལ་དུ་འཁོར་བའི་སྦྲུམ་མ་ཞིག་ཏུ་གྱུར་ཏེ་འགྲོ་བ་མའི་རིགས་ཀྱི་ཤེས་རིག་གི་ཡུམ་ཆེན་མོར་བཞེངས་བའི་ཐོག་མའི་སྟ་གོན་ནམ། ཡང་ན་རིག་པའི་གནས་ལྔའི་ཚལ་ཆེན་དུ་གོམ་པ་དང་པོ་ཕྱོགས་པའི་ཉེར་རྒྱུ་དེ་ཡིན་པར་ཁོ་བོས་འདོད་དེ། མངར་སྐྱུར་ཁ་གསུམ་ནི་འཚོ་བའི་ཡང་སྙིང་ཡིན་པས་ཕ་མ་འགོ་འཛོམས་ཀྱི་རྐང་ལག་ཉག་ཅིག་ལ་བརྟེན་ནས་དྲོད་སྐྱིད་བདེ་ལེགས་ཀྱི་ཁྱིམ་གཞིས་ཤིག་ཏུ། རང་རྐྱ་མི་ཕེར་བར་བག་འཁུམ་དུ་གྱུར་ཞིང་གཞན་གྱི་ལག་པའི་འོག་ཏུ་མངར་བཅུད་རྐྱང་པ་བརྔུབ་ཅིང་སྡོད་མཁན་དུ་གྱུར་བའམ། ཡང་ན་སྣ་ཚོགས་ཀྱི་སྒྱུ་མས་གྲུབ་པའི་འཇིག་རྟེན་འདིར་རོ་བྲོ་གཅིག་ལས་མྱོང་མ་ཤེས་ཚེ། སྲིད་པའི་ཁམས་འདིར་འཚོ་བའི་སྙིང་པོ་ནི་འགྲོ་བ་མི་ལས་ལྡོག་སྟེ་དབུགས་ལྡན་ཕལ་བ་དག་དང་ཁྱད་པར་ཆེར་མེད་ན། མངར་སྐྱུར་ཁ་གསུམ་གྱི་བསྡུས་པའི་འཇིག་རྟེན་གྱི་རོ་བཅུད་སྣ་ཚོགས་མྱོང་བར་བྱ་འོས་ཤིང་། འཇིག་རྟེན་འདི་རོ་བཅུད་སྣ་ཚོགས་ཀྱིས་བལྟམ་ཡང་རང་ཉིད་ཀྱིས་ནི་རོ་གཅིག་ལས་མ་མྱོང་ན། སྐུ་ཉིད་ཀྱིས་མཐོང་ཐོས་མྱོང་གསུམ་དུ་གྲུབ་པའི་ཤེས་བྱའི་ཁྱབ་ཁོངས་ཀྱང་ཧ་ཅང་དོག་དྲགས་སོང་བ་མ་ཡིན་ནམ༑

དེ་བཞིན་འདི་ལྟར་བསམ་ཞིང་གཞིག་ན། མ་གཞི་འཛམ་གླིང་ཤར་ནུབ་ཀུན་ཏུ་སྐྱེས་བུ་ཆེན་པོ་གང་མང་ཞིག་ཕ་མའི་ལག་འོག་ཙམ་དུ་མ་གནས་པའམ། རྒྱུ་རྐྱེན་གང་མང་ཞིག་གིས་གཞན་རྟེན་ལས་གྱེས་ཏེ་རང་རྩལ་སྔོགས་འདོན་དང་རང་ནུས་ཀྱི་སྟོབས་ལ་བརྟེན་པའི་བྱུང་བ་མང་སྟེ། དཔེར་ན། ནུབ་ཕྱོགས་མཚན་ཉིད་རིག་པའི་ཆུ་འགོ་རུ་བཤད་པའི་གྷི་རི་སེའི་མེས་པོ་ཆེན་མོ་སོ་ཁི་ར་ཐི་ཆུང་དུས་ནས་ཕྱོགས་མེད་དུ་འཁྱམ་པ་དང་། དུས་རབས་བཅོ་བརྒྱད་ནང་གི་མི་འཇིགས་སྨྲ་བའི་དད་དཔོན་འཇར་མན་གྱི་རོལ་མོའི་རྒྱལ་སྲས་མོ་ཏྲ་ཐི་དང་པི་ཏུའུ་ཧྥུན་སོགས་ཀྱང་ཕ་མ་དང་བྲལ་ཏེ་ཡ་ང་བའི་དཀའ་སྡུག་གི་འཚོ་བས་སྐུ་ཚེ་བསྐྱལ༑ཤར་ཕྱོགས་ནས་ཀྱང་རྒྱ་ནག་གི་སློབ་དཔོན་ཆེན་མོ་ཁུང་ཙི་ཡང་དགུང་ལོ་གསུམ་གྱི་སྟེང་ནས་ཨ་ཕ་ཚེ་ལས་འདས་ཤིང་། མ་བུ་གཉིས་ཀྱིས་སྡུག་བསྔལ་བ་མྱོང་པ་ནི་ཚོད་ཅིག་མེད་སྐད། དེ་བཞིན་རྒྱ་གར་གྱི་མཚན་ཉིད་རིག་པ་བ་སྟོན་པ་ཤཱཀྱ་ཐོབ་པའམ་རྒྱལ་བུ་དོན་ཀུན་གྲུབ་པ་ཡུམ་སྒྲུ་འཕྲུལ་མའི་ལྷུམས་སུ་ཞུགས་ཏེ་ཟླ་དགུ་ངོ་བཅུའི་མཚམས། སྔར་བལ་པོའི་ས་ཁོངས་ལུམྦི་ནའི་ཚལ་ཞེས་བྱ་བར་སྐུ་བལྟམས་ནས་ཡུན་རིང་མ་སོང་བར་ཡུམ་དང་གཏན་གྱེས་སུ་སོང་བ་མི་ཤེས་མཁན་སུ་ཞིག་ཀྱང་མེད་ཨང་།

རང་རེའི་སྟོན་པ་གཤེན་རབ་མི་བོ་ཆེ་ཆུང་དུས་ནས་ཕ་མ་མགོ་འཛོམས་དང་ཡབ་ཡུམ་གཉིས་ཀྱི་རྐང་པའི་སྟེང་ནས་འཚར་ལོངས་བྱུང་བ་ཡིན་མོད། དགུང་ལོ་སོ་གཅིག་ཟིན་པ་ནས“ད་ནི་བསམ་པ་ནལ་ཟིན་པས”ཞེས་སོགས་ཀྱིས་མཚོན་པའི་འཁོར་རྣམས་ལ་དེ་མཚུངས་ཀྱི་བརྗོད་དོན་མང་དུ་བསྟན་སྟེ། ཕ་མེས་ཀྱིས་བཞག་པའི་ཐོབ་དང་གོ་ས། འཁོར་དང་ལོངས་སྤྱོད། ཡོད་ཚད་སྤངས་ནས་རང་ཉིད་ཀྱི་གཏིང་ཚུགས་པའི་ལམ་ཁ་གསར་པ་ཞིག་ཏུ་ཞུགས་ཤིང་། མི་ཚེ་གསར་པ་ཞིག་བསྐྱལ་འགོ་ཚུགས་པ་དེས་ཀྱང་ངེས་ཤེས་ཅུང་ཟད་འདྲངས་པ་ཡིན་ལ། ཁོང་ཉིད་ཀྱི་སློབ་བུ་མཆི་མེད་གཙུག་ཕུད་ཀྱང་ཟླ་དགུ་ཞག་བཅུ་ཡུམ་བཟང་ཟའི་མངར་དུ་སྦྲུམ་ཏེ་མི་ཡུལ་འདིར་ཕེབས་ཙམ་ནས། ཕྲུ་གུ་ཡ་མཚན་ཅན་ཁོང་གིས་ནི་ཨ་མར་གཞན་དང་མི་མཚུངས་པའི་རྣམ་རྟོག་ཅི་རིགས་ཤིག་སློངས་པས་བྱིས་པ་དམར་འབྱར་མ་བདག་མེད་ཁེར་རྐྱང་དུ་དབྱུང་རབས་ཡོད༑འོན་ཀྱང་། ལོ་གསུམ་ལངས་པ་ནས་བཤེས་གཉེན་དམ་པ་དུ་མའི་ཞབས་ལ་བཏུགས་ཏེ་མཐར་ནི་ལོ་རྒྱུས་ཁྲོད་དུ་བརྗེད་ཐབས་མེད་པའི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར་སོང་༑འབུངས་བརྩོན་གསུམ་གྱིས་ཤེས་བྱའི་ལམ་ཆེན་པོ་བཤགས་པའི་གོམ་པ་དང་པོ་དེ་སྤོས་ལ། དབྱངས་གསལ་གྱི་སྙན་བཅུད་བཏུང་གིན་གསུང་རབ་ཀུན་གྱི་གཞི་མ་འཕྲུལ་ཆེན་བཞི་བཅུ་འབྲི་ཀློག་གི་སྦྱོར་བར་རེམ། ཨེ་མ། འདི་ནས་འུ་ཚོས་ཕྱིར་འདེང་ཞིག་རྒྱབ་ན། དམ་པ་འདི་ཉིད་ཀྱིས་དབྱངས་གསལ་སོ་བཞི་ངག་ནས་གྱེར་བའི་དབྱངས་རྟ་དེ་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་ཨང་། འོན་ཀྱང་། བྱིས་པ་རང་ཉིད་ཀྱི་ངོས་ནས་སྐབས་དེར་དབྱངས་གསལ་དང་ལྷན་དུ་དབྱུག་པ་དང་རྡོག་ཐོ་འགའ་ལས། ཡ་ཧུ་དཱ་པའི་བྱིས་པ་རྣམས་ལྟར་དབྱངས་གསལ་རེ་རེའི་ངོས་སུ་ཞིམ་ལ་མངར་བའི་ཀ་ར་བུ་རམ་ནི་བྱུག་མེད་པས། དུས་ཚོད་ཀྱི་ཚགས་སྒྲ་རེ་རེ་ཉན་ནས་འདའ་བར་སྒུག་པའི་ལོ་ཟླ་དག་ནི་ཆེས་བགྲོད་དཀའ་བའི་བཞུད་ལམ་དེ་ཡིན་ངེས་སོ། །དེ་ལྟར་ཆུང་དུས་ནས་བྱིས་པ་འདི་ཉིད་དཀའ་སྡུག་གི་ལོ་ཟླ་རིམ་པས་རྒལ་ཏེ་སྤྲིན་ནག་གི་ཕུང་པོ་དུམ་བུ་དུམ་བུར་གཅོད་པའི་སྙིང་སྟོབས་ཤིག་རིམ་གྱིས་ལྷུམས་སུ་ཞུགས་པས། ཨ་ཕ་མེད་པའི་གོ་སྟོད་སྟོང་པ་དང་ཨ་མ་མེད་པའི་གོ་སྨད་སྟོང་པར་ལྷག་ཅིང་། ཡབ་ཀྱིས་བགོས་པའི་ཚལ་གོས་དང་མ་ཡིས་བླུད་པའི་འོ་ཞོ་ཡང་གོན་སྐལ་འཐུང་སྐལ་བྲལ་ལ། ངོ་མཚར་ཞིང་དགོད་བྲོ་བའི་བྱིས་གཤིས་གཙང་དྭང་ངེ་བའི་རླན་རློན་མཁའ་རུ་འཕྱུར་མ་ཐུབ་པ་སོགས། གང་ལྟར་ཡིད་ལ་དྲན་ཐེངས་རེར་ཁུས་མོ་ཤོར་བའི་རྒྱུ་འབའ་ཞིག་ཏུ་མི་འགྱུར་བའི་གྲངས་སུ་གནས་ཀྱང་། ཁོང་གིས་ནི་དེ་དག་ཡོད་ཚད་བློ་བསམ་པའི་རྒྱབ་ཏུ་བསྐྱུར་ཅིང་འདས་ཟིན་ལ་གསེར་མིག་མ་སྦྱིན་པར། མ་འོངས་པ་སྟེ། འབྱུང་འགྱུར་གྱི་འཇིག་རྟེན་འཚོལ་སྙེགས་ལ་བརྩོན་ཞིང་རང་ཉིད་ལ་ཡོད་དགོས་པའི་འཚོ་བའམ་རིན་ཐང་བཙལ་འགོ་ཚུགས་ཏེ། ཆུང་ཆུང་དེ་ཤེད་ནས་སྲོག་ལྡན་གཞན་དང་ཁྱད་འབྱེད་པའི་མ་ལག་ཆ་ཚང་བ་གོང་ན་མཐོ་བ་དེ་ཉིད་སྐྲུན་གྱིན་བདོག གསལ་ཙམ་བཤད་ན། འདམ་བག་དང་ཨ་ཁྲེད་ལྷན་དུ། རྭ་ཅོ་དང་ཐལ་རྡུལ་ཟུར་དུ། ནམ་ཡང་ལུས་ཡོད་པའི་བྱིས་པ་ངོ་མ་དག་དང་མ་འགྲོག་པར།    “ཨ་ཁུ་དབུ་མཛད་རྒན་པ”འི་དྲུང་ནས་དབྱངས་གསལ་འབྲི་ཀློག་དང་།  “ཨ་མྱེ་ལྷ་བཟོ་དབུ་རྒན”གྱིས་ལྷ་བྲིས་སོགས་བསླབ་པར་རྩེ་གཅིག་ཏུ་སྣང་བ་བཞག་ནས། གཞན་དང་མི་འདྲ་བའི་ཚེ་སྲོག་གི་རིན་ཐང་འཛུགས་འགོ་ཚུགས༑དེ་ལྟར་བས་དགུང་གྲངས་བཅུ་རེ་ཟུང་ནས་ཨ་ཁུ་ཨ་མྱེ་སོགས་ཤིན་ཏུ་དྲིན་ཆེ་བ་རྣམས་ཐུགས་རེ་དོན་དུ་འགྲུབ་ཅིང་། རང་ཉིད་ཀྱིས་ཀྱང་མདུན་ལ་ཡོད་པའི་ཅ་དངོས་ཅི་རིགས་ཤིག་ཡལ་བར་དོར་ཏེ་བགྲང་བྱ་ཇི་སྙེད་ངལ་བས་ཞུགས་པས། ཆུད་མ་ཟོས་པའི་བརྡ་རྟགས་མ་འགྱངས་པ་ཞིག་ལ་མངོན་པར་གསལ་བ་བྱ་སླད་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་དགོངས་ཏེ། ཡུལ་གངས་ཅན་མདོ་དབུས་གང་སར་ཕེབས་ཏེ་བོད་རང་གི་ཐུན་མིན་གྱི་བཟོ་རིག་ལག་རྩལ་དར་སྤེལ་དང་ཉིད་ཀྱི་རྒྱུ་བཟང་པོའི་འབྲས་བུ་ངོམ་པའི་དབུ་བརྩམས་བྱུང་༑

ད་དུང་དེ་དང་དེ་ལྟ་བུ་ཤིན་ཏུ་མང་སྟེ། བསྟན་པ་ཕྱི་དར་སྐབས་ཀྱི་མཁས་ཤིང་གྲུབ་པའི་སྐྱེས་བུ་ཆེན་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱང་། ཆུང་དུས་ནས་ཨ་མ་ཚེ་ལས་འདས་པས་ཨ་ཕས་མ་གཡར་ཞིག་བཙལ་ཞིང་མ་གཡར་དེས་ཁོང་ཉིད་ལ་ནམ་རྒྱུན་ཐལ་ལྕག་གཞུས་པ་ནི། གཞུ་སའི་འགྲམ་པ་གྱོང་ནས་མི་ཚ་བར་གྱུར་ཀྱང་གཞུ་མཁན་གྱི་ལག་པས་ཀྱང་མི་ཕེལ་བར་བྱུང་བས། ནམ་ཞིག་ཕྲུ་གུ་ཡང་ཐང་ཆད་དེ་ཁམས་ཕྱོགས་ཤིག་ན་གནག་རྫིར་བྲོས་སོང་བ་སོགས་སྡུག་གི་ཁུར་པོ་མི་ཐེགས་པ་ཞིག་མྱོང་སྐད༑འོན་ཀྱང་། མཐར་ནི་འཆད་རྩོད་རྩོམ་པ་སྟེ། མཁས་པའི་བྱ་བ་ཁོ་ན་ཉིད་ལ་གཡེང་ཞུགས་པའི་སྐྱེས་བུ་ཆེན་པོ་མང་པོ་ཞིག་གི་མཛེས་སྡུག་ངོམ་སའི་བཀའ་གདམས་གྲུབ་མཐའི་ཤིང་རྟ་ཆེན་མོ་ཞིག་ཀྱང་གྱུར་བ་མ་ལགས་སམ༑དེ་བཞིན་རྨེའུ་ལྷ་རི་གཉན་པོ་དང་རྒྱལ་གཤེན་ལྷ་རྩེ་སོགས་ཆུང་དུས་ནས་ཡབ་ཡུམ་དང་ཁ་བྲལ་སྟེ་སྐྱོ་སློང་ངེའི་འཇིག་རྟེན་ཞིག་སྙིང་སྟོབས་ཀྱིས་ཅི་མི་སྙམ་པར་དལ་བུར་བཤགས་པའི་ལོ་རྒྱུས་ནི་བགྲང་གིས་ཀྱང་མི་ལངས་པ་ཞིག་ཏུ་སྣང་ངོ་། །

སྐྱེས་བུ་དེ་ཚོའི་སྐུ་ཚེའི་རྣམ་པར་ཐར་བ་དང་མཛད་པ་འཕྲིན་ནི་བརྗོད་ཀྱིས་མི་ལངས་བ་ཞིག་ཏུ་ཆགས་ཡོད་པས། འདིར་ནི་དཔེ་མཚོན་ཙམ་ལས་གཞན་ནི་གྲུབ་པའི་དབང་ཕྱུག་རྣལ་འབྱོར་བ་ཆེན་མོ་མིད་ལ་རལ་པ་གཅིག་པུར་མཚོན་ན།  “དང་པོ་ཕ་ཡོད་ཙ་ན་བུ་ང་མེད༑བུ་ཡོད་ཙ་ཕ་ཡང་མེད”ཅེས་དང་།  “མ་ཡོད་ཙ་ན་བུ་ང་མེད༑བུ་ཡོད་ཙ་ན་མ་ཡང་གུམས”ཞེས་རང་ཉིད་ཆུང་དུས་ནས་ཕ་ངོ་མཐོང་ཙམ་ལས་བྱུང་མ་མྱོང་བར་སྐུ་འདས་པ་དང་འབྲེལ། ཨ་ཁུ་ཨ་ནེས་རྒྱུ་འབྲས་གནས་ལུགས་དང་རྒྱབ་ཀྱིས་ཕྱོགས་པའི་རྡུང་རྡེག་འོགམ་འགྱངས་པ་ཞིག་ལ་ཨ་མ་ཡང་ཚེ་ཡི་འདུ་བྱེད་རྫོགས་ཤིང་སྲིང་ཆུང་མ་གཅིག་པུ་ལྷག་པ་དེ་ཡང་གང་དུ་འཁྱལ་མིན་མི་ཤེས་པར་གྱུར་བ་སོགས། སོ་སྐྱེ་ཕལ་བས་ཕར་ལྟས་ན། ཅི་སྡུག་སྡུག་གི་འཇིག་རྟེན་ཡིད་སུན་པ་ཞིག་རོལ་མྱོང་བ་རྣམ་པ་ཚོས་ཀྱང་མཁྱེན་ངེས་ན་རེ་རེ་ནས་སྤྲོ་བའི་ངལ་བ་མ་བརྟས་སོ། །

དེ་ལྟར་ན་ཁོང་རྣམ་པར་གནས་སྐབས་འཇིག་རྟེན་སྐྱོ་ལྷོང་ངེ་བ་ཞིག་ཏུ་དེ་ལྟར་འཚོ་དགོས་པར་བྱུང་ཡོད་ཀྱང་། ཟུར་གཞན་ནས་གཞན་གྱི་རྐང་པའི་སྟེང་ནས་རང་ཉིད་ཡིན་མདོག་མདོག་གིས་འགྲེང་མ་དགོས་པར། དུས་མཚམས་དེ་ནས་བཟུང་རང་ཉིད་ལ་སྲ་ཚུགས་པའི་རྐང་པ་ཞིག་སྐྲུན་འགོ་བརྩམས་པ་ལོས་ཡིན༑སྐྱེས་བུ་ཆེན་པོ་ཞིག་ཏུ་འགྱུར་དགོས་ན་ངེས་པར་ཕ་མ་དང་ཡུལ་སྡེ་འབྲལ་དགོས་པའི་ངེས་པ་མ་མཆིས་ཀྱང་། བཅར་ཆེ་ན་རང་བཞིན་ཤུགས་ཀྱིས་མཐོང་ཐོས་མྱོང་གསུམ་ལྟོས་བཅས་ཀྱིས་ཆུང་ངུར་འགྱུར་བ་གདོན་མི་ཟ་ན། རང་ཚུགས་ཀྱི་ནུས་པ་དང་སྙིང་སྟོབས་སོགས་ཀྱང་ཁྱད་པར་བ་འབྱུང་བར་གེགས་ཡོད་པར་མི་སྟོ། དེས་ན། ཆུང་ནས་དཀའ་སྡུག་གི་རི་བོ་ཕྲེང་བརྒྱུད་རྒལ་ཏེ་ཡངས་པའི་ཤེས་བྱའི་ཀློང་དཀྱིལ་ནས་ལྡིང་སྐོར་བརྒྱབ་མྱོང་བའི་སྔོན་བྱོན་སྐྱེས་ཆེན་དམ་པ་དག་ལྟར། སྐུ་ཉིད་ཀྱང་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་ཤེས་བྱའི་མངར་སྐྱུར་ཁ་གསུམ་གྱི་རོ་བཅུད་རོལ་བའི་སྐལ་བཟང་ལྡན་པ་མ་ལགས་སམ་ཞེས། ལྡོག་འདྲི་འདི་ལྟ་བུ་ནི་ཁོ་བོས་ནམ་རྒྱུན་ཡང་ཡང་བྱེད་ཀྱི་ཡོད་དོ། །

ཇི་སྐད་དུ།  “བུ་ཕ་ལ་དབང་། བུ་མོ་མ་ལ་དབང”ཞེས་པའི་ཡུལ་ཁྲིམས་ལྟར། བྱིས་པ་འདི་ཉིད་སྐབས་དེ་ནས་བཟུང་ཕ་ཨ་ཁུའི་གམ་དུ་དགུང་གྲངས་བདུན་ཙམ་མ་ཟིན་དབར་འཚོས་ཤིང་། བདུན་ཙམ་ནས་མི་མངོན་ཤེས་བྱ་རིག་པའི་གཞུང་ཆེན་བཀོད་ལེགས་རྣམ་པར་རྫོགས་པའི་ཁང་བཟང་གི་སྒོ་མོ་ཡངས་པོར་ཕྱེ་བའི་སྟ་གོན་གྱིས། ལྷན་སྐྱེས་རྣམ་རིག་གྲོགས་སུ་འགྲོག་ཅིང་འབད་ས་བདག་གི་ཀློག་པོ་ལགས། འདི་ནི་ཇི་འདྲའི་ངོ་མཚར་བ་ཞིག་མ་ཡིན་ནམ། འུ་ཚང་གི་ཁོར་ཡུལ་ནི་གཡག་ལུག་ནོར་གསུམ་གྱི་འབའ་ངུར་མཚེར་གསུམ་འབའ་ཞིག་ལ་བརྟེན་ནས་སྔར་མེས་པོ་དག་འཚོ་གནས་ཐུབ་པས། བདག་ཚོའང་དེ་ལྟར་ལོས་འཚོ་ཐུབ་ཅེས་འཇིག་རྟེན་གྱི་གཤིས་ལུགས་མ་རྟོགས་པའི་སྐད་ཆ་འདི་དང་སྔར་མ་གྱེས་ལ། ཕྱིས་ཀྱང་མི་གྱེས་ཟེར་ནས་འཇིག་རྟེན་གྱི་གནས་ལུགས་དང་འཛམ་གླིང་གི་འཁོར་ཕྱོགས་གང་ལ་ཡང་རྨོངས་ཐག་ཆོད་ནས། སྐབས་སྐབས་ཁེད་མཚར་ཞིང་དུས་དུས་ངུ་བྲོ་བའི་བསམ་སྦྱོར་དང་གོམ་ཁ་གཤིབ་པའི་ཕ་ཡུལ་ཅིག་ཡིན་ཞིང་། འདུས་བྱས་ཐམས་ཅད་གནས་སྟངས་དང་བྱེད་ནུས་འགྱུར་བའི་རང་བཞིན་ལས་ཀྱང་འགྱུར་ལྡོག་ཆེ་བའི་འཕོ་འགྱུར་གྱི་དར་ཁ་རྒོད་པའི“འཇིག་རྟེན་གསར་པ”འདིར་རམ། ཤེས་དཔལ་གྱི་དུས་བཟང་ལྟིབས་ནས་ཤེས་རིག་གི་དཔྱིད་ཀྱི་ཕོ་ཉས་འགྲིམ་ངག་སྒྲོག་ཅིང་། མཛེས་ལྡན་ཤེས་རིག་གི་རྨ་བྱས་སྒྲོ་གུར་ཡང་དབུབ་པའི་སྐབས་འདིར་ཡང་། ཅི་བས“འབའ་ངུར་འཚེར”གསུམ་འབའ་ཞིག་གི་ཁྲོད་དུ་འཚོ་བའི་གནས་སྟངས་དེ་འགྱུར་བ་མི་གཏོན་ཟེར་ནས།   “འབའ་ངུར་འཚེར”གསུམ་འབའ་ཞིག་ལས་མི་དགོས་པར་གདོད་མའི་འཇིག་རྟེན་ལྟར་གོ་ལ་གསར་པ་འདིར་ཡང་དེ་ལྟར་འཚོ་ཆོགས་པར་སྨྲ༑ ཆེས་སྟབས་བདེ་མོས་བཤད་ན། ཤེས་དཔལ་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས་དང་མཛེས་ལྡན་ཤེས་རིག་དུག་འཇོམས་ནི་མི་མཁོ་བའི་ཁམས་ཆེན་པོ་ཞིག་ན། ལོ་ན་བཅུ་བསུམ་བཞི་ལས་མ་ལོན་པའི་བྱིས་པ་ཞིག་ཡུལ་ཕྱོགས་འདྲ་མིན་དུ་རྒྱུ་བར་རྩོམ་དེ་ལྷ་བཟོ་རིག་པ་བར་གྱུར་བ་དང་། དེས་མཚུངས་པར་རིག་པའི་གཞུང་ལུགས་ཇི་སྙེད་ཅིག་ལ་བག་ཆགས་བསགས་ཟིན་པར་བྱས་ཏེ། རང་ཁ་རང་གསོའམ་ཡང་ན་རང་ཚུགས་ཀྱི་རྐང་པ་བརྟན་པོར་བཞག་ཟིན་པ་འདི་ནི། ཡིད་ཀྱིས་མཚོ་མོས་མི་དཔོག་པ་ཞིག་མིན་ནམ༑རྟོག་བཟོ་དང་འགན་ཁུར་མེད་པའི་རང་དགར་ཅི་འདོད་ཙམ་བསྙད་པ་མིན་པར་སྐྱེ་བོ་ཚུར་མཐོང་ཀུན་ཀྱི་ཡུལ་རང་མཚན་དུ་གྲུབ་པ་དེ་འདྲའི་བྱིས་པ་སྙིང་སྟོབས་ཅན་གྱི་རྣམ་པར་ཐར་བ་ནུབ་ཡོ་རུབ་རྒྱལ་ཁབ་ཁག་ཏུ་རེ་ཟུང་ཡོད་པ་ལས། གླིང་ཆེན་ཨེ་ཤ་ཡར་དཀོན་ཚོད་ཡིན་ལ་ལྷག་ཏུ་མཐོ་བོད་ཀྱི་ས་འདིར་རྨོངས་གཉིད་ཀྱི་ལྷག་རླུང་ཤིན་ཏུ་མཐུག་ཅིང་། ཤེས་དཔལ་གྱི་མཁའ་དབུགས་རབ་ཏུ་སྲབ་པས་ཆེས་དབེན་པ་ཡིན་ནོ། །

འོན་ཀྱང་། སྐྱེས་བུ་འདི་ཉིད་ཀྱི་རང་ངོས་ནས་མཚོན་ན་དེ་དང་དེ་འདྲ་བ་ནི་མཚན་དཔེའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལས། ཆེས་ཆ་ཤས་ཀྱི་ཤས་ཙམ་ལས་ག་ལ་ཡིན༑མིན་ནོ། ། སུས་ཀྱང་ཡིད་དཔྱོད་ཙམ་ཡང་མ་མྱོང་བའི་མཛད་པ་ཟབ་ཅིང་རླིང་བ་ཤིན་ཏུ་མོད། མཚམས་འདི་ནས་བསྟུད་མར་དྲི་བ་འགའ་ཞིག་འབྱུང་སྲིད་པ་ནི། གཞན་གྱིས་ཡིད་དཔྱོད་ཙམ་ཡང་མ་མྱོང་བར་སྐྱེས་བུ་འདིས་དངོས་སུ་སྒྲུབ་བཞག་པའི་མཛད་པ་ཟབ་རླིང་ཅན་ནི་མང་དུ་མཆིས་པ་དེ་ཆེས་མཚར་བ་ཞིག་མ་ཡིན་ནམ། དེ་ལྟར་ཡིན་ན་དེ་ལྟར་བུའི་གཞན་འདྲིང་མི་འཇོག་པའི་རླབས་པོ་ཆེའི་མཛད་འཕྲིན་ཞིག་ཇི་ལྟར་རྒྱས་སམ་ཞེས་པ་སོགས་ཡིན་ངེས༑སྤྱིར་བཏང་དྲི་བ་དེ་དག་གི་ལན་གཏན་ཚིགས་དང་ལྡན་པ་ཞིག་སུས་ཀྱང་རྒྱག་དཀའ་ན་བདག་གིས་ཀྱང་མིན་མོད། འདི་ནས་རང་གི་ལྟ་སྟངས་ཉུང་ངུ་ཞིག་བཤམ་ན་འདི་ལྟར་འདོད་དེ། གཞི་རྩའི་ཆ་ནས་དེ་འདྲའི་ཁྱད་པར་བ་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི། སྤྱིར་ན་ཆོས་སྐད་དུ་བཤད་ཚེ་སྐྱེ་བ་སྔོན་མའི་ལས་འཕྲོ་རུ་ངེས་ལགས་ཀྱང་སོ་སྐྱེ་ཕལ་བའི་ངོར་གནས་ལུགས་ལྡན་པ་ཞིག་གམ་དགོས་པ་ཅན་ཞིག་འཆད་དགོས་ན། བྱིས་པ་འདི་ཉིད་ལ་བརྩོན་འགྲུས་ཀྱིས་རྡོ་ལ་ཨེ་ཁུང་འབིག་པའི་བློ་གཤོག་ཅིག་དང་གཞན་འདྲིང་མི་འཇོག་པའི་སྙིང་སྟོབས་ཆེས་མཚར་བ་ཞིག་ཀྱང་མངའ་བས་ལོས་ཡིན་སྙམ༑

དཔེར་ན། ཆུང་དུས་ནས་རྣམ་གཡེང་ཙག་ཙིག་ལ་མགོ་མ་འཁོར་བར་ཅི་ཡང་སྦྱང་བའི་ཁུར་བླངས་བའི་བྱིས་པའི་དུས་ཀྱི་སྙིང་སྟོབས་དང་། ཁོང་ཉིད་སྐུ་ན་ཕྲ་ལ“མི་ཆེན”ཚོ་དབང་ཤེད་ཆེ་བ་སོགས་ཀྱིས་གཞན་དབང་དུ་གྱུར་བ་མོད་དེ། མི་ཆེན་དུ་ཁས་འཆེས་པ་དག་ཇི་ཙམ་སུན་གཙེར་ཕྱུང་རུང་རང་གི་གཏན་གྱི་འདུན་མའམ་གཉུག་གཤིས་སུ་གྲུབ་པའི་མི་ཚེའི་རིན་ཐང་ལྟ་ཚུལ་ཐུན་མིན་བ་དེས། རང་གི་བླ་ཚེ་སྲོག་གསུམ་ལ་མཐོང་ཆུང་ནམ་ཡང་བྱེད་མ་མྱོང་བར། འབད་པ་བརྒྱ་ཡིས་ལྷོད་གཡེང་དུ་སུར་གང་ཙམ་ཡང་མ་མངགས་ནས་ཆེས་རིན་ཅན་དུ་འཛིན་པ་སོགས་ནི་སྐུ་ཉིད་ཀྱི་རླབས་ཆེ་བའི་ཁྱད་བོན་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་སྐྱེས་བུ་ཆེན་པོ་རྣམ་པའི་ཐུན་མོང་གི་ངོ་མཚར་བའི་རིན་ཐང་བླ་མེད་ཅིག་ཀྱང་ཡིན་པར་འདུགབརྒྱ་ལ་དེ་ལྟ་བུའི་རང་གཅེས་སམ་སྙིང་སྟོབས་དེ་དག་མ་ལྡན་ཚེ། གང་དེ་ནི་གཞན་གྱིས་ཕྱོགས་གང་དུ་ཁ་ལོ་སྒྱུར་ན་དེ་རང་དུ་འདུར་འདུར་ངང་ཤ་ཐང་ཐང་རྒྱུགས་རྒྱུ་ལས། རང་བསམ་དང་རང་ཚུགས་ཀྱི་སྙིང་སྟོབས་ཟེར་བ་མི་མངའ་བས་ན། མི་དེའི་རིགས་ནི་ལུས་རྟེན་མི་ཚུགས་ཤིག་ཁུར་ཡང་རིན་ཐང་བོང་བུ་ལས་ཆུང་བས་ཇི་འདྲའི་སྐྱོ་བ་ལ་ཨང་།སྐུ་འདི་ཉིད་དང་རོགས་འགའ་ལྷན་དུ་སྐབས་ཤིག་བོད་རྒྱ་བལ་གསུམ་མཚོན་པའི་ས་ཕྱོགས་གང་སར་བསྐྱོད་དེ་དགུང་གྲངས་བཅུ་བདུན་བརྒྱད་ཅིག་ནས། སྟོད་མངའ་རིས་གངས་དཀར་ཏི་སེ་ནས་རིམ་པར་བལ་ཡུལ་སོགས་ཕེབས་ཏེ་གནས་ཆེན་མང་པོར་མཇལ་སྐོར་ཟིན་པར་བྱས་པའི་རྣམ་པར་ཐར་བ་དེ་ཚོར་མཇལ་ན། སྟོན་པ་གཤེན་རབ་མི་བོ་ཆེས།  “སྔོན་ཚེ་བདག་གིས་སེམས་སྐྱེད་དུས། ལྷན་ཅིག་སྐྱེས་པའི་སེམས་ཅན་འགའ། ད་ལྟ་མནར་མེད་དམྱལ་བར་ཡོད། ངས་ནི་དགེ་བ་སྤྱད་པས་སྟོན་པར་གྱུར”ཞེས་དང་། ཇི་སྐད་དུ། དེ་དང་མཚུངས་པར་འབྲུག་པ་ཀུན་ལེགས་ཀྱི་ཞལ་ནས།  “དང་པོ་ཁྱོད་དང་འུ་གཉིས་མཉམ། ། བར་དུ་ཁྱོད་ཉིད་བརྩོན་འགྲུས་ཆེ། ། མཐའ་མར་ཁྱོད་ཉིད་རྫོགས་སངས་རྒྱས། ། ད་ནི་ཁྱོད་ལ་ཕྱག་འཚལ་ལོ། ། ”ཞེས་གདམས་པ་ལྟ་བུའི་སྣང་ཚུལ་མང་དུ་མངོན་རྒྱུ་ཡོད༑དེ་ཡང་སྤྱིར་བཏང་དམ་པ་འདི་ཉིད་ཀྱི་ཁྱད་བོན་གཅིག་པུ་མ་ཡིན་པར་ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་ལྗིད་གོག་ཅན་དག་གི་མི་ཚེའི་མགྲུལ་བཞུད་ལ་བལྟས་ན་ཅུང་མངོན་པར་གསལ༑གོང་དུ་ཞུས་པ་ལྟར། ཅི་ནས་ཀྱང་སྐྱེས་བུ་དམ་པ་དག་ནི་དང་ཐོག་གཞན་དང་དུས་ཡུན་ཐུང་ངུ་འགྲོག་ཏུ་ཡོད་ཀྱང་ཡུན་གྱིས་བྱ་བར་འཇུག་ཚེ་སུས་ཀྱང་འགྲན་དུ་མེད་པར། མཛད་པ་རླབས་ཇེ་ཆེ་ནས་ཇེ་ཆེར་གཏོང་སྟེ་གཞན་དང་ཧེ་བག་ཆེན་པོར་ཕྱུང་ནས། ནམ་ཞིག་གཞན་རྣམས་རྒྱང་དུ་བསྐྱུར་ཏེ་ཁེར་རྐྱང་དུ་སྐྱོད་པར་བྱེད༑དེ་ཡང་དམ་པ་འདི་ཉིད་ཀྱང་དང་ཐོག་གནས་སྐོར་སོགས་བགྲོད་སྐབས་རོགས་འགའ་ཡང་བྱུང་མོད། བར་དུ་ཁྱད་པར་མཉམ་མེད་པའི་གདན་ས་སོགས་སུ་ཕེབས་ཏེ། མ་དྲོས་མཚོ་མོའི་གཏིང་ཚད་ལས་ཟབ་ཅིང་ཇོ་མོ་གླང་མའི་དབུ་འཕང་ལས་མཐོ་བའི། ཞིམ་མངར་བདུད་བརྩེ་བུ་རམ་ལས་མངར་ལ་བཅུད་ལྡན་པ། བཅུད་རྒྱུད་ཀྱང་ལྷའི་ཆུ་ལས་རིང་བ་ཞེས་སོགས་ནམ་རྒྱུན་མི་རྣམས་ཀྱིས་ཆེས་ཆེ་བརྗོད་ཀྱིས་བཀུར་བའི། མཐོ་བོད་ཆེས་མཐོའི་གཙུག་ལག་རིག་གཞུང་ངམ་མཚན་ཉིད་རིག་པའི་གཞུང་ལུགས་ཀུན་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྟ་ཕོ་དང་འགྲུས་དུས། རྗེས་རྒྱུགས་ཙམ་ཡང་བྱེད་ནུས་མཁན་སུ་ཡང་མ་བྱུང་བར་ཁེར་རྐྱང་དུ་གྱུར་ཏོ། །ང་ཚོའི་ནམ་རྒྱུན་སུ་ཡིས་ཀྱང་སྐྱེས་བུ་རབ་འབྲིང་མཐའ་གསུམ་ཞེས་སྨྲ་བར་བྱེད་པའང་མི་ཚེའི་བདམས་ག་འདི་ལྟ་བུ་ཞིག་ནས་ད་གཟོད་དབྱེ་འབྱེད་བྱེད་པ་མིན་ནམ། སྦྱོང་པའི་ལམ་དུ་ཞུགས་པ་ཙམ་མིན་པར་ཐབས་ཅི་དྲགས་ཀྱིས་བཤེས་གཉེན་དུ་མར་བསྟེན་ཏེ་སྦུངས་རྩོལ་བྱས་པའི་ལམ་གྱི་རིམ་པ་རྣམས་ནི་གོང་དུ་ཞུས་ཟིན་པ་ལྟར། སྤྱིར་སྐྱེས་བུ་ཆེན་པོ་དག་གམ་ཐུན་མིན་བ་རྣམ་པའི་ལམ་ཁོ་ན་ཉིད་དུ་འཁུམས་ཤིང་། བྱེ་བྲག་སྐྱེས་བུ་དམ་པ་འདི་ཉིད་ཀྱི་སྐུ་ཚེའི་རིན་ཐང་ཐུན་མིན་བ་འཁྲུངས་སའི་ས་བོན་ཡིན་ཅེས་ཡང་ཡང་སྨྲ་འདོད་པས་དེ་ལ་ཅི་ཞིག་གིས་ཀྱང་མི་སྟོ་བར་སེམས་སོ། །དངོས་པོའི་གཤིས་ལུགས་ཤིག་གིས། རླབས་ཆེན་གྱི་རྒྱུ་རྐྱེན་བཟང་པོས་རླབས་ཆེན་གྱི་ལོ་ལེགས་འབྲས་བུར་སྨིན་པ་ལྟར། སྐབས་ཤིག་ན་སྐྱེས་བུ་འདི་ཉིད་གྲྭ་ས་དུ་མས་བཤེས་གཉེན་གྱི་མཚན་རྟགས་བསྩལ་ཅིང་། སེང་གེའི་ཁྲི་རུ་འགྱིང་བའི་སློབ་དཔོན་ཡང“ང”དང“ཁོ”ལ་དགོས་ཚུལ་ཧབ་ཤའང་བྱས་མོད། དེ་འདྲའི་མཚན་རྟགས་དང་གོ་ས་དམ་པ་འདི་ཡི་དམིགས་འབེན་ཡེ་ནས་མིན་པས་ཤིན་ཏུ་ནས་དམན་ས་ཞིག་གམ་ལྡོག་ལམ་དུ་འཇུག་པར་བྱེད༑འོན་ཀྱང་། སྐྱེས་བུ་འདི་ཉིད་ལྟ་བུས་དེ་འདྲའི་མཚན་རྟགས་དང་གོ་ཐོབ་མ་ཟིན་ན་སུ་ཡིས་ཀྱང་མི་ཟིན་ཅིང་། དེ་ལྟ་བུའི་འགན་ཁུར་ཡང་ཡིན་ཅིག་བཞེས་དགོས་པས་དུས་མི་རིངས་ཤིག་ན། ཁོང་ལ་སྙན་པའི་མཚན་དང་དབང་བའི་ཐོབ་ཀྱང་ལྕི་མོ་ཞིག་གསོལ་དགོས་བྱུང་བ་རེད༑དེ་ནི་ཕྱོགས་གཅིག་ནས་བལྟས་ན་ཅུང་ཟད་དཀའ་བའི་བགྱི་བ་ཞིག་ཏུ་ཡིན་ངེས་ཀྱང་། ཡང་གཞན་ནས་བསམ་ཚེ་མ་གཞི་ནས་དེ་ལྟ་བུའི་བགྱི་བ་ལེན་རྒྱུ་ནི་འདི་ལྟར་མི་ཚེའི་གོམ་པ་ཆེས་འཇོག་དཀའ་ས་ནས་སྤོས་ཡོང་བའི་དམ་པ་ཞིག་ལ་མཚོན་ན། དེ་ཙམ་མི་དཀའ་བར་བཤད་ཀྱང་ཆོག་ལ། དེ་ལས་ནམ་ཡང་གཟུར་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཅི་ལ་མེད༑

213ལར་ཤེས་ཡོན་པ་ནི་ཤེས་ཡོན་པ་ཉིད་ཡིན་པ་ལས་དཔལ་འབྱོར་བ་སོགས་གང་ཡང་མིན་པས་ཡིན་ཀྱང་སྲིད་དེ། གང་གིས་ཅི་ཤེས། ཅུང་བླུན་གཏམ་གྱིས་བཤད་ན“གནམ་བཀོས་གོང་མས”རྦོད་འདྲེ་རྦོད་གཏོང་ཅི་ཞིག་བྱས་སམ། ཤར་ནུབ་དང་ལྷོ་བྱང་། གནའ་དུས་དང་དེང་དུས་གང་ཡང་རུང་སྟེ། ཤེས་རིག་གི་དཔལ་ཡོན་རབ་ཏུ་རྒྱས་པའི་རིག་པའི་མགྲིན་སྔོན་དག་གམ། དཔྱོད་ལྡན་མཁས་པའི་གཟུགས་སུ་གྲུབ་པ་ནས་ཕྱིའི་འབྱོར་ཕྱུག་དབུལ་ལོ་ཞེས་བསྙད་ཀྱང་ཐལ་མི་ཆེ་ཚོད་འདུག་པ་ཇི་བཞིན། སྐྱེས་བུ་འདི་ཉིད་ཀྱང་ཤིན་ཏུ་ནས་རབ་ཏུ་དབུལ་པོར་འདུག་སྟེ། རིག་པའི་རྩལ་སྦྱོངས་ཀྱི་གོ་རིམ་ནས་གཞི་ས་དང་ལམ་གྱི་རྣམ་བཞག་དང་། ཐབས་ཤེས་རབ་ཕ་རོལ་དུ་ཕྱིན་པ་བཅས་མཚོན་པའི་མཚན་ཉིད་རིག་པའི་གཞུང་གང་ལའང་ཐོགས་རྡུགས་མེད་པར་མཁྱེན་པ་དང་། བཤེས་གཉེན་གྱི་གོ་འཕང་བསྙེན་པའི་དངོས་སུ་དགུང་གྲངས་ཉེར་དྲུག་ཕེབས་པའི་དུས་དེར། དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གསོལ་བའི་སྐལ་པ་བཟང་པོ་ཚེས་བྱུང་མོད། ཁོང་གིས་ནི་དཔལ་འབྱོར་རམ་འགྲོ་གྲོན་གྱིས་བཞེང་ཐུབ་ཀྱི་མེད༑འདི་དང་འདིས་མཚོན་པར་སྔ་མོའི་དུས་སུ་སློབ་གཉེར་བ་མང་པོ་ཞིག་བཀའ་རམ་པའི་མཚན་རྟགས་བཞེས་བསམ་ཡང་། འབྱོར་བས་རབ་ཏུ་དབུལ་ནས་སློབ་གཉེར་གྱི་གོ་ས་ལས་མར་བབས་པ་ཡང་ཤིན་ཏུ་མང་བར་འདུགའོན་ཀྱང་། དམ་པ་འདིས་ནི་བཀའ་རམ་པའི་མཚན་རྟགས་ཆེད་དུ་ཆེས་མཐོའི་གཙུག་ལག་རིག་པའི་གནས་ལ་ཞུགས་པ་མིན་པར། རང་ཉིད་ཀྱི་ཆེད་དུ་རང་ཉིད་ཀྱིས་སློབ་གཉེར་ལ་བརྩོན་གྱིན་ཡོད་པས། དེང་དུས་ཀྱི་བླ་གྲྭ་རྒྱག་པ་དག་དང་བསྡུར་ན་ཁོང་ནི་སློང་མོ་བ་ཞིག་གི་ཚད་ལས་མེད་ཀྱང་། བཀའ་རམ་པའི་མཚན་རྟགས་བཞེས་ཐོབ་མི་ཐོབ་ལ་འདེང་མི་བརྒྱབ་པར་ཐད་ཀར་བཤེས་གཉེན་གང་སྤུས་བཙལ་ཏེ། བརྡ་དག་སྙན་གསུམ་དང་། སྒྲ་བརྩིས་བཟོ་གསུམ། མཚན་ཉིད་གཞུང་ཆེན་བཀའ་པོད་བརྒྱད་སོགས་གཙོས། འདོན་ཆོག་ཙག་ཙིག་ཐེ་བའི་རིག་གནས་གང་ལ་ཡང་མཐོང་ཐོས་བསགས༑ སྐད་ཆ་རྫིག་པོ་ཞིག་བཤད་ཚེ། གནས་སྐབས་ཟས་གོས་ཙམ་བྱུང་ན་ཆོག་ཤེས་པ་ལས་གསོག་འཇོག་བྱེད་མི་རིགས་པའི་དགེ་སློང་རྣམ་དག་ཅིག་གི་རྣམ་ཐར་ཡང་འདི་རང་ཡིན་པར་འདུག་པས།  “སྟོན་པའི་གསོས་ཕག”དག་གིས་འདི་ལ་ངེས་པར་དུ་བསམ་དགོས་པར་སེམས༑དེ་བཞིན་འདིས་དཔེ་གཞན་ཞིག་སྟོན་པ་ནི། རང་ཉིད་ཀྱི་ཆེད་དུ་སློབ་གཉེར་བྱེད་འོས་པ་ལས་གཞན་གང་གི་ཆེད་དུའང་མིན་པའི་བརྡ་སྟོན་ཞིང་། སློབ་གཉེར་བ་རྣལ་མ་ཞིག་བྱེད་འདོད་ན་མི་ཚེར་ཤེས་བྱའི་གནས་ཇི་སྙིད་ཅིག་ཏུ་འབད་པས་བགྲོད་ཅིང་བཤགས་དགོས་ཤིང་། དེ་ལྟར་ཡུན་གྱིས་བཤགས་པ་ལས་ད་གཟོད་རང་ལ་འཐོབ་འོས་པ་དེ་ཡང་བྱིན་གྱིས་རླབས་ཡོང་བ་དང་། ཡང་ན་གཞན་དོན་དུ་འཆད་རྩོད་རྩོམ་པའི་ལས་ཁོ་ནར་མི་ཚེ་སྐྱལ་ན་དེ་ལས་དགེ་ཆེ་བ་ནི་མེད་པས་དེས་འཐུས་ཤིང་། ཆོས་པ་ཞིག་ལ་མཚོན་ན་མི་སྒེར་གྱི་འཚོ་གོས་འབའ་ཞིག་ལ་བཞུར་ཆེ་ན་དོན་དམ་པར་མི་ཚེའི་རིན་ཐང་ཆུང་བ་སོགས། གང་ལྟར་གནས་སྐབས་ཅ་དངོས་ཟང་ཟིང་ལ་མ་གཡེངས་པར་རང་གཞན་ཀུན་ལ་ཕན་ཁེ་འབྱུང་བའི་ཤེས་བྱའི་གནས་སུ་འབད་པས་བརྩོན་ཞིང་ཞུགས་ན། མཐར་ཐུགས་རྒྱལ་ཁ་དེ་ཡང་འཐོབ་ངེས་པའོ་ཞེས་སྐྱེས་བུ་འདི་ཉིད་ཀྱི་བཞུད་ལམ་འདི་ཙམ་གྱིས་ལམ་སྟོན་པ་ཡིན་ནོ། །དེ་ལྟར་སྐྱེས་བུ་འདི་ཉིད་ཀྱིས་རང་ངོས་ནས་བསགས་པའི་ཕྱིའི་དཔལ་འབྱོར་རམ་ཅ་དངོས་ནོམ་པ་གང་ཡང་མེད་པར། མཐའ་ན་འཐོབ་དཀའ་བའི་ངེས་དོན་གྱི་བཀའ་རབ་འབྱམས་པའི་མཚན་རྟགས་བཞེས་པའི་ཚེས་བཟང་དུས་བཟང་དེར་ཡང་། འདི་ལྟར་རྟེན་འབྲེལ་དང་དགྱེས་སྟོན་ཙམ་དཔལ་འབྱོར་གྱིས་ཞེངས་ཀྱི་མེད་མོད། རང་ཉིད་ལ་ཀུན་གྱིས་བཀུར་བསྟི་བྱ་རིགས་པའི་རིན་ཆེན་ནོར་བུ་ཞིག་ཡོད་པས། ནོར་བུ་དེས་དབང་དང་བཙན་གྱིས་མིན་རུང་རང་གཞན་ལ་དགོས་དགུ་སྟེར་བར་བྱེད་ཅིང་། རང་ཉིད་ཀྱི་མི་ཚེར་འོད་སྣང་སྐྲུན་པའི་དགེ་བའི་བཤེས་གཉེན་ནི་ནམ་ཡང་དགེ་བའི་བཤེས་གཉེན་རང་ཡིན་པས། སྐབས་དེར་ཉིད་ཀྱི་བཤེས་གཉེན་དམ་པ་དང་བསམ་ནུས་པ་དང་བྱ་ཕོད་པའི་འབྱོར་ལྡན་འགའ་ཡིས་ཚེགས་མེད་ཀྱི་སྒོ་ནས་རོགས་སྐྱོར་ལ་བསྟེན་ཏེ། ལོ་དེ་རུ་རྒྱལ་བ་སྨན་གྱི་རི་བོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གཙང་མའང་བཞེས་ཐོབ་སོང་༑རེད་དེ། ཇི་སྐད་དུ།  “མཁས་པས་གཞན་གྱི་ཡོན་ཏན་ཆུང་ངུའང་ལེན”ཞེས་ས་པཎ་མཆོག་གི་གདམས་ངག་རྨད་དུ་བྱུང་བ་ཇི་བཞིན། སྐྱེས་བུ་འདི་ཉིད་དེ་ལྟ་བུའི་མཚན་རྟགས་ཙམ་ནམ་རྒྱུན་ནས་སྣང་བར་མི་འཇོག་པར་མཚན་རྟགས་ཀྱི་དོན་སྙིང་ཚང་དགོས་པའི་ཐུགས་དགོངས་ཟབ་མོ་གཏིང་རུམ་དུ་ཟུག་གདའ་ན། སྔར་བཞིན་མཁན་སློབ་དུ་མ་ཉེ་བར་བཅར་ནས། རང་གཞན་བཤེས་གཉེས་དུ་མའི་དྲུང་ནས་དབང་ལུང་མན་ངག་གདམས་པ་བུམ་པ་གང་བྱོས་ལྟར་བླངས་ཤིང་། ཞོར་དུ་བསྟན་པའི་བྱ་བ་ཅི་རིགས་ཀྱི་བགྱི་སྒོ་བཞེས་ཏེ་སློབ་ཚོགས་དབྱར་སྤྲིན་གྱི་འདུ་རྒོད་དང་ཀུན་ནས་མཚུངས་པར་བསྐྱངས་བ་སོགས་རང་རེའི་ཤེས་རིག་གི་འཕྲིན་ལས་ཕྱོགས་བཅུར་སྤེལ་བར་མཛད་དོ། ། དེ་ནི་རི་བོ་གངས་ཅན་པའི་གནའ་བོའི་མེས་པོ་དག་གི་ཤེས་རིག་བདག་གཉེར་བཏུབ་པའི་གཉེར་དཔོན་ཞིག་སླར་ཡང་སྟོན་པས་ཆེད་མངགས་བྱས་པ་དང་མཚུངས་ལ། དེ་ཉིད་གསལ་བར་བྱེད་པའི་སྒྲོན་མེ་འོད་འབར་བ་ཞིག་ཉི་ཟླ་དང་ཅོ་འདྲི་བྱེད་ནས། ཉིན་མཚན་ཀུན་ཏུ་དགའ་བའི་ཟློས་གར་བསྒྱུར་ལ་མཁས་པ་ཞིག་ཁ་བའི་ལྗོངས་སུ་སྐུ་བལྟམས་པའི་དུས་སམ་སྐལ་བཟང་གི་ཉིན་མོ་ཚེས་པའི་དུས་ཀྱང་ངོ་། །

ཕྱི་དུམ།

དགུན་གསུམ་གྱི་ཐལ་རླུང་འཚུབ་མར་ནམ་ཡང་བྱམས་པ་དང་སྙིང་རྗེ། བརྩེ་བ་སོགས་ལར་ནས་མི་མངའ་བས། རི་བོ་གངས་ཅན་པའི་གནའ་བོའི་མེས་པོས་བཞགས་པའི་རྒྱུ་ནོམ་པ་དག་ལེགས་པར་མཐོ་སྒང་ནས་བརྗིད་ཅིང་བཤམས་པའི་དུས་ཏེ། སྐྱེས་བུ་འདི་ཉིད་དགུང་གྲངས་སོ་བཞིར་བཞེས་པའི་ལོ་དེར། དཀའ་བ་སྟོང་གི་ངལ་བས་བསགས་པའི་ཕ་མེས་རྒྱུ་ནོར་གསུང་རབ་པོ་ཏི་གཙོས། བགྲང་ལས་འདས་པ་བཅོམ་བརླགས་དང་གཞོམ་གཞིག་བྱས་ཏེ། ཁ་བས་གཡོག་པའི་གངས་ཅན་ལྗོངས་འདི་དམར་མདངས་དང་དམར་དྲི་འབའ་ཞིག་ལས་མེད་པའི་གཡུལ་ས་ཆེན་པོར་བསྒྱུར་ནས། དྲག་གཏུམ་རྩུབ་སྤྱོད་ཁོ་ནས་འཇིགས་ཡེར་བའི་ལས་མང་སྤེལ་བྱུང་བའི་དུས་འགྱུར་སྐབས་སམ། རང་རེའི་ཕ་ས་སྨུག་པོ་སྟག་རྫོང་འདྲ་བོ། ཕྱི་ཡི་སྤྱང་དྲེད་ཀྱི་སྦར་མཐིལ་དུ་ཚུད་པའི་ལོ་དེར། བརྩེ་བ་འབུམ་གྱི་སྒྲོན་མེའི་འོད་རླབས་དང་ཚ་དྲོད་འཚེར་བའི་སྤུན་ཟླ་མང་པོའི་ཚེ་སྲོག་རྩད་ནས་བཅད་ཅིང་། རྔུལ་ཆུ་རྔུལ་ཁྲག་གིས་སྐྲུན་པའི་ངལ་རྩོལ་ཡོད་དོ་གཏོར་བརླགས་བྱས་པར། ཤེས་རིག་གི་ཁྱིམ་གཞེས་དྲོད་མོ་སྨན་གྱི་རོ་བོ་ཡང་ཕལ་ཆེར་རྨེག་མེད་དུ་བཅོམ་པས། སྐུ་ཉིད་ཀྱང་རང་རེའི་སྤུན་ཟླ་རྣམས་དང་ལྷན་དུ་སྐུ་ངལ་བསམ་མཐའ་ཡས་པ་བསྐྱོན་ནས། མཐར་ལོ་དེའི་ལོ་འཇུག་ཙམ་ན་རང་ཡུལ་རྒྱབ་ཏུ་བཞག་སྟེ་ཕྱི་ཡུལ་བསུ་མ་མི་འདོད་བཞིན་དུ་འདོད་རྒུ་ལག་ཏུ་བཞགའཕྲུལ་མདའ་དང་སྒྱོགས་མདེལ་གྱི་འཇིགས་དངངས་འོག་ཏུ། ཉིན་གབ་མཚན་བྲོས་ཀྱི་ཟླ་ངོ་དུ་མ་ཕར་ངོགས་སུ་སྤྱུགས་མཐར༑ཕ་ས་སྨུག་པོ་བཙན་འཕྲོག་གི་མནར་གཅོད་དང་ཕ་ནོར་བྱིན་ཆེན་བཅོམ་བརླགས་ཤོར་བའི་སྐྱོ་སྡུག་གྱོང་གུད་ཀྱི་དབུ་ཞྭ་གྱོན་ནས་གཞན་ལ་ངོ་སོ་དང་སོ་དཀར་གྱིས་གནས་མལ་ཨེ་རག་བལྟ་དགོས་སོང་༑ཀྱེ་མ། ཇི་འདྲའི་གདུབ་རྩུབ་ཆེ་བ། ཇི་འདྲའི་འཇིགས་ཡེར་བ། ཇི་འདྲའི་སྐྱོ་སློང་བ། ཇི་འདྲའི་ངུ་བྲོ་བ། ཇི་འདྲའི་ཡེ་མུག་པ། ཇི་འདྲའི་འཁོན་སྐྱེ་བ། འདི་ལྟར་ཤེས་རིག་གི་ཁྱིམ་གཞིས་ཆེན་མོ་ཞིག་བློ་རྡེག་ཅིག་ལ་བྱ་སྒྲོ་མཁའ་རུ་སྤུར་བ་དང་མཚུངས་པར། འདི་ལྟར་ཤེས་རིག་གི་ཡབ་ཡུམ་དག་ཀྱང་ཐལ་བ་རླུང་གིས་སྤུར་བ་དང་མཚུངས་པར། འདི་ལྟར་ཤེས་རིག་གི་ཡོད་ཚད་ཀྱི་བདག་དང་བདག་པོ་ལུད་ལྟར་རྒྱང་དུ་བཀར་སོང་༑

ང་དང་ང་ལྟ་བུ་དག་ནི་འདི་འདྲའི་འཚོ་དཀའ་བའི་འཇིག་རྟེན་གྱི་འོག་ཏུ་སྨྲེ་ངགས་འདོན་ཞིང་ངུ་ངག་འཐེན་ཞོར་སྡུག་ཤི་རྒྱག་འགྲོ་བ་ལས། ཞུམ་པ་མེད་པར་ད་དུང་གདོང་གཏོད་ཀྱི་སྤོབས་པ་དང་ངར་སྒྲས་མགོ་བོ་གྱེན་ལ་འདེག་ག་ལ་བཏུབ༑དེ་འདྲ་སྤོབས་པ་དང་གདེང་ཚོད་ཡོད་པར་མི་འདུག་མོད༑འོན་ཀྱང་། སྐྱེས་བུ་ཆེན་པོ་ཁོང་རྣམ་པ་ནི་དེ་ལྟར་ཅི་སྟེ། ངར་ཞུམ་པ་ལྟ་ཅི། ཚང་ཚིང་ནགས་ནས་སྟག་རྒོད་རྣམས་ངར་བ་དང་རྫ་རི་སྨུག་པོར་བྲེ་སེར་འབྲོང་གི་ང་རོས་འགེང་བར་བྱེད་པ། མུ་མེད་མཁའ་ཀློང་ནས་གཡུ་འབྲུག་སྔོན་མོས་གནམ་སར་ཁྱབ་པའི་ལྡེར་སྒྲ་སྒྲོག་པ་སོགས། སྙིང་སྟོབས་ཀྱི་གོ་ཆ་མཐུག་པོར་བགོས་ཏེ་གདོང་བཏད་སོང་༑འདི་ནི་ཀེར་གྱིས་འགྲོ་བ་དང་ཕྱིའི་བྱད་གཟུགས་ཙམ་འདྲ་ཡང་ནང་ཁྲོལ་དོན་སྣོད་མ་འདྲ་བས་སམ། སྐྱེ་བོ་སྐྱེ་བོའི་བར་མཚུངས་རྟགས་མིན་པའི་ཁྱད་ཅིག་ཡིན་ངེས་ལ། སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཡང་ལྕི་འདེག་པའི་རྒྱ་མ་ཁྲེལ་མེད་དེ་ཡང་ཡིན་སྲིད༑

དེ་ལྟར་ལག་ཁ་ཕོར་ཙམ་ཡང་ཐོགས་དཀའ་སྔར་ཕྱུག་པོའི་གཅེས་ཕྲུག་ཡིན་པ་ལ་འཁྱམ་པོ་སྤྲང་ཕྲུག་ཞིག་ཏུ་བསྒྱུར་བའི་རང་རེ་བ་རྣམས། སྤོབས་པ་བླ་མེད་ཅིག་གིས་གཞན་ཡུལ་ནས་སླར་ཡང་གཞིས་ས་ཞིག་བཟུང་སྟེ་མགོ་བོ་མཐོ་བྱས་དང་། དམ་པ་འདི་ཉིད་ཀྱིས་གཞན་ཡུལ་ནས་སླར་ཡང་ས་མིག་ལག་མཐིལ་ཙམ་ལ་རྫི་རྭ་ལྟ་བུའི་གནས་མལ་སྣ་ཁུང་ཙམ་ནས་རིམ་གྱིས་ས་མིག་རྒྱ་སྐྱེད་དེ། རས་གུར་སོགས་རིམ་པར་སྡོད་ཁང་གསར་བཞེངས་བྱས་ཏེ་རང་རེའི་ཐུན་མོང་མ་ཡིན་པ་གདོད་མའི་རིག་གནས་ཀྱི་སོན་བཟང་བཏབ་ཅིང་། གཤེན་རབ་མི་བོ་ཆེའི་བསྟན་པའི་དབུ་གདུགས་དཀར་པོ་སྔར་བཞིན་མཁའ་རུ་བསྒྲེངས་བྱུང་ལ། སྦྲང་བུ་སྦྲང་རྩིར་འཁོར་བ་ལྟར་རྒྱལ་ཕྱི་ནང་། མགོ་བོའི་སྐྲ་དཀར་ནག་སེར་གསུམ་གྱི་དབྱེ་བ་མ་མཆིས་པར། རིགས་རྒྱུད་མི་འདྲ་བ་མང་པོ་ཞིག་མེ་ཏོག་སྡུམ་རར་མཛེས་པའི་མེ་ཏོག་སྣ་ཚོགས་ཡིད་ཀྱི་དཔལ་དུ་འཁྲུངས་པ་ལྟར། སློབ་ཚོགས་དབྱར་གྱི་ཆར་ཟིམ་ཇི་བཞིན་འཇམ་ཀླས་ལ་ལྷོད་ཤིག་གེས་བགྲང་ཚོད་མེད་པ་ཞིག་བསྐྱོངས་བར་བྱས༑

ཨེ་མ། ངལ་བ་རྒྱ་མཚོ་བརྔུབས་ཤིང་ལྗི་བ་རི་རྒྱལ་ལྷུན་པོ་ཡང་ཁུར་ནས་བོད་ཁ་བ་གངས་ཅན་པའི་གནའ་བོའི་ཤེས་རིག་གམ་གཤེན་རབ་རིང་ལུགས་ཀྱི་བསྟན་པའི་དར་ཆེན་ལྷབ་ལྷུབ་ཏུ་ནམ་མཁར་གཡོ་བར་བྱེད་པའི་བགྱི་བ་ཧུར་གྱིས་བླངས་པ་དེ་ཧང་སངས་པ་ཞིག་མ་ཡིན་ནམ། གོ་ལའི་ཏོག་ནས་མངོན་པར་བསྒྲེངས་བའི་དབུ་གདུགས་དཀར་པོ་ནི་ཇི་འདྲའི་ངོ་མཚར་བ། རྣམ་པ་ཚོ་དགོངས་པ་མ་ཚོམས། གུས་པ་གུ་དོག་ཆེ་སོང་བ་ཡིན་ཀྱང་སྲིད་མོད། ཁོ་བོ་མཚམས་མཚམས་འདི་ལྟར་ཡང་དྲན་གྱི་ཡོད་དེ། འདི་ནི་ནུབ་ཕྱོགས་ཀྱི་ཚན་རིག་སྨྲ་བའི་རྒྱལ་སྲས་སྐྱེས་བུ་ཆེན་པོ་ཨེན་སི་ཐན་གྱིས་དངོས་ལུགས་ལྟོས་གྲུབ་སྨྲ་བ་སྲོལ་བཏད་པ་ལས་མཛད་པ་ཟབ་པར་འདོད༑ཨེན་སི་ཐན་གྱིས་སྔར་མི་ལོ་སྟོང་གྲངས་རིང་ཚན་རིག་གི་མེས་པོ་དག་གི་གྲུབ་འབྲས་ལ་གཞི་བཅོལ་ནས་འཐུས་ཚང་དུའམ་ཁ་གསལ་དུ་བྱས་པར་གྲགས་མོད། འོན་ཀྱང་། ང་ཅག་གི་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱིས་མ་མཐའ་མི་ལོ་སྟོང་ཕྲག་ལྔ་ཙམ་ཟིན་ཉེའི་ལོ་རྒྱུས་མངའ་བའི་གནའ་བོའི་མེས་པོའི་ཤེས་རིག་ཅིག་འཇིག་མཐའི་སྐད་ཅིག་ལ་སླེབས་པར་སླར་ཡང་སྲོག་དབུགས་བསྐྱུག་པ་མིན་ནམ།

གོང་དུ་ཞུས་པ་ལྟར། རིག་གནས་ཤིག་གི་དམུ་ཐག་ཆད་ལ་ཁད་ནས་མཐུད་པ་དང་། སྔ་ལམ་དུ་འགྲོ་ལ་ཁད་ནས་གསོས་ཤིང་། འགྱེལ་ལ་ཁད་ནས་བསླངས་པ་ཡིན༑ལྷ་ཁང་སྐུ་གཟུགས་སོགས་ཕྱིའི་བསྟན་པ་རྨེག་མེད་དུ་བཏང་བ་ཅི་བཤད། ནང་གི་ཤེས་རིག་མཚོན་དཔེ་གསུང་རབས་གླེགས་བམ་སྟོང་ཕྲག་བརྒལ་བ་དག་ལས་རྒྱལ་བའི་བཀའ་རིན་པོ་ཆེ་མ་དཔེ་གཅིག་ལས་ལྷག་མེད་དུ་བཏང་བ་དེ་ཙམ་གྱིས་གསལ་བཤད་ལོས་བྱེད། རང་རེའི་ཤེས་རིག་གི་ཡ་གྱལ་དུ་གྱུར་བའི་ནང་བསྟན་འདི་ཉིད་འཕེལ་འགྲིབ་ཀྱི་དུས་རིམ་དབྱེ་སྐབས། སྔ་དར། བར་དར། ཕྱི་དར་ཞེས་གསུམ་དབྱེ་བར་དེང་དུས་ཤེས་ཡོན་པ་ལ་ལས་སྐྱར་དར་ཞེས་པ་ཞིག་བསྣན་འདུག་པར་དེ་ལ་དོན་ལེན་བྱེད་ནས། སྐྱེས་བུ་ཆེན་པོ་འདི་ཉིད་ལ་སྐྱར་དར་ཤིང་རྟ་ཆེན་མོ་ཞེས་མཚན་གསོལ་ན་འདོད་བྱུང་། གཡུང་དྲུང་བོན་ལུགས་རྣམས་ཀྱིས་སྟོན་པ་རང་ཉིད་ཀྱིས་བོད་གངས་ཅན་སོགས་ཡུལ་ཕྱོགས་གང་སར་བོན་ཐེག་པ་རིམ་དགུ་དང་སྒོ་བཞི་མཛོད་ལྔ། ཕྱི་ནང་བསང་གསུམ་གྱིས་མཚོན་པའི་བདེན་གཉིས་ཀྱི་གནས་ལུགས་སློབ་མ་རྣམས་ལ་གསུང་སྟེ་སྤེལ་བར་བསྟན་པ་སྔ་དར། བཙན་པོ་བརྒྱད་པ་གྲི་གུམ་གྱིས་ལན་གཅིག་བསྣུབ་པར་སླར་ཡང་བཙན་པོ་སྤུ་སྡེས་སྤེལ་བ་ལ་བསྟན་པ་བར་དར། བཙན་པོ་ཁྲི་སྲོང་སྐབས་སླར་ཡང་བསྣུབས་ཏེ་ཕྱིས་སུ1017ལོར་གཤེན་ཆེན་གྱིས་འབྲིག་མཚམས་ནས་བོན་གཏེར་བཞེས་ཏེ། བཀའ་བབ་བུ་ཆེན་བཞི་གཙོས་པའི་གཏེར་སློབ་རྣམས་ཀྱིས་མདོ་སྔགས་རྫོགས་གསུམ་གྱི་བོན་སྤེལ་བར་བསྟན་པ་ཕྱི་དར་ཞེས་འདོགས་ན། རིག་གནས་ཤིག་གི་དམུ་ཐག་ཆད་ལ་ཁད་ནས་མཐུད་པ་དང་། སྔ་ལམ་དུ་འགྲོ་ལ་ཁད་ནས་གསོས་ཤིང་། འགྱེལ་ལ་ཁད་ནས་བསླངས་པ་ཡིན་ན་ཅིའི་ཤིང་རྟ་ཆེན་མོ་ཞེས་འདོགས་མི་རིགས༑གོ་ཐོས་ཡིན་ན་དཔྱོད་ལྡན་བློ་གྲོས་དཔལ་ལྡན་ལགས་ཀྱི་ནང་ཆོས་ཀྱི་རྩ་བའི་གཞུང་བཀའ་པོད་ལྔ་བ་དགག་བཞག་གམ་དོགས་སློང་གི་ཞགས་པ་དུ་མ་དབྱུག་པར། མི་རྣམས་ཧ་ལས་ཏེ་འདི་ནི་ཚོགས་པ་ཆེན་པོ་ཞིག་གིས་བྱས་སྐད་ཅེས་མི་གཅིག་གིས་ནུས་ཤུགས་ཡིན་པར་ཡིད་མ་ཆེས་པར་བཟོས་མྱོང་ཟེར༑དེ་ལྟར་ན་སྐྱེས་བུ་ཆེན་པོ་འདིའི་མཛད་འཕྲིན་ལ་གཞིག་དུས་ཀྱང་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་བྱས་སམ་སྙམ་པའི། མི་རྣམས་ནི་ཧང་འཐོར་འགྲོ་བའི་རླབས་ཆེ་བ་ཞིག་དངོས་གནས་བྱས་ཡོད༑སྤྱིར་ན་མི་མང་འཛོམས་པ་ལས་བྱ་བ་རླབས་ཆེན་དག་ད་གཟོད་ལེགས་པར་འགྲུབ་པ་ལས་མི་གཅིག་གིས་མ་གཏོགས་མི་མང་གི་ནུས་ཤུགས་ལར་ནས་འབྲེལ་མེད་ཅིག་མ་མཆིས་མོད། དེ་ཡང་སྣེ་འཁྲིད་མཁན་ཞིག་དང་ལམ་སྟོན་མཁན། ཡང་ན་ནུས་ཤུགས་འདོན་མཁན་ཞིག་ཡོད་ངེས་ལ་བྱེ་བྲག་ཏུ་དམ་པ་འདིའི་མཛད་པ་འཕྲིན་ལས་གཅིག་པུར་བསམ་འདེང་ན་ཧ་མི་ལས་རང་དབང་མེད༑ མཛད་པ་ཕལ་ཆེ་བ་ཞིག་ཁ་ནས་སྨྲ་ཐབས་བྲལ་ལ་ལག་གིས་འབྲི་བ་ཡང་དེ་བས་དཀའ་བས། གཡག་གི་ཁུར་བོ་བོང་བུས་འདེག་མི་བཏུབ་པའི་དཔེ་ལྟར། འདིར་ནི་ཁོ་བོས་སྐུ་ཉིད་ཀྱི་མཛད་འཕྲིན་ལས་གནད་རེ་ཟུང་སྙིང་དུ་བཟུང་ནས་སྐད་ཆ་ཁ་ཤས་བཤད་ཁུལ་བྱས་པ་ཙམ་ལས། དོན་དུ་སུ་གང་གིས་ཀྱང་ཆ་ཚང་བ་ཞིག་སྟོན་མི་ནུས་ན་བདག་གིས་ནི་དེ་བས་མིན་པ་ར་འཕྲོད་ཡོང་༑དེ་ཡང་འདི་འདྲའི་སྐྱེན་བུ་ཆེན་པོ་རྣམས་ནི་བདག་སོགས་རྨོངས་ཅན་རྣམས་ཀྱིས་ནི་ཆེར་མི་མཐོང་བ་ཇི་སྐད་དུ། མདོ་ལས། བླུན་པོའི་གསེབ་ན་མཁས་པ་རྨོང་། མི་ཤེས་པ་ལ་ཕལ་དང་འདྲ། མ་རིག་པ་ལ་གསེར་ཡང་རྡོ། དེ་ཕྱིར་མཁས་པ་མཁས་གྲལ་བཙུན། ཞེས་པ་ལྟར་དོན་གྱི་མཁས་པ་རྣམས་ནི་བདག་སོགས་ཀྱིས་རིན་ཐང་རྟོགས་དཀའ་བས་གཞལ་བྱར་མ་ངེས་སོ། །འོན་ཀྱང་། ངེས་དོན་གྱི་མཁས་པ་ཁོང་དང་ཁོང་ལྟ་བུ་དག་མཁས་པའི་ཁྲོད་ན་མངོན་པར་བརྗིད་ཅིང་བཙུན་པས། དེ་ཡང་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མས་ཉིད་ཀྱི་རིན་ཐང་རྟོགས་ཏེ་བསྟོད་བསྔགས་སམ་གླེང་ཚུལ་སྣ་བརྒྱའི་མེ་ཏོག་ཕྲེང་བ་རྣམ་པར་བཀྲ་འདུག་ལ། མེ་ཏོག་ཀུན་ལས་ལྷག་མཆོག་ཨུ་དུམ་བ་ར་ཞིག་སྤྱི་ནོར་ལྷག་པའི་ལྷ་མཆོག་གི་ཚེམས་བར་ནས་བཞད་པ་འདི་ལྟར་དེ།  “ཁྱོད་ནི་ཁ་བ་གངས་ཅན་པའི་ཚིག་མཛོད་ཅིག་དང་། ཁྱོད་ཀྱི་ཆོས་ལུགས་ནི་ཁ་བ་གངས་ཅན་གྱི་མེས་པོའི་ཆོས་ལུགས་རེད”ཅེས་པའི་སྡོམ་ཚིག་ཅིག་བབས་མྱོང་བ་དེ་ལྟར་རོ། །སུ་ཡིས་སྐྱེས་མཆོག་འདི་ཉིད་འདེང་འཇོག་མཐོ་དམའ་གང་ཙམ་བྱས་ཀྱང་། མང་ཉུང་ཇི་ཙམ་བསྒྲོགས་རུང་། ཆེ་ཆུང་ག་ཙམ་འཇལ་ཡང་། འཕྲ་སྦོམ་ཅི་ཙམ་བསྙད་ཀྱང་ཆོག་མོད། འདི་ལྟ་བུ་ཨེ་མ་གནད་དུ་འབྱོར་ལ་གཏིང་དུ་ཟུགས་པའི་སྡོམ་ཚིག་འཁྲེགས་པོ་ཞིག་འབབ་ཏུ་མེད་ཨང་། འདི་ནི་ད་གཟོད་མཁས་པ་མཁས་པའི་ཁྲོད་ན་མཛེས་པའི་གསོན་དཔེ་ཡིན་ལ་མཁས་པ་མཁས་པའི་དབུས་ན་བཙུན་ཚུལ་ཀྱང་ངོ་། ། དེས་ན་གལ་སྲིད་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱི་མཛད་པ་འཕྲིན་ལས་ལ་ངེས་ཤེས་ཆེས་ཟབ་པ་དེ་ཡིན་ཟེར་ན་གོང་གི་སྡོམ་ཚིག་འབབ་མཁན་དེ་ཡིན་པར་ངེས༑བདག་གིས་ནམ་རྒྱུན“ཁྱོད་ནི་གངས་ཅན་པའི་ཚིག་མཛོད”དང“ཁྱོད་ཀྱི་ཆོས་ལུགས་ནི་གངས་ཅན་གྱི་མེས་པོའི་ཆོས་ལུགས་དེ་རེད”ཅེས་གསུང་གསེར་ནག་འདྲ་བོ་འདི་མཇལ་ཐེངས་རེ་དང་དྲན་ཐེངས་རེར། ཚ་དྲོད་ཀྱི་མེ་དཔུང་རེ་དང་མིག་ཆུའི་ཐིགས་པ་རེ་འབབ་ཡོང་༑ཇི་ལྟར་ལགས་ཤེ་ན། དང་པོ་ནི་གནད་ལ་ཐེངས་ཤིང་དོན་དུ་སྨིན་པའི་ཡེ་ཤེས་སྤྱན་ལྡན་གྱི་གསུང་འཁྲུལ་མེད་དུ་འདུག་པས་ཡིན་ངེས་ལ། ཕྱི་མ་ནི་རང་རེ་ལ་ཡང་མི་རིགས་གཞན་དང་འདྲ་བར་རང་རྐྱ་བའི་ཤེས་རིག་འོད་དུ་འཚེར་བ་ཞིག་ཡོད་པ་གདོན་མི་ཟ་ན་ཡང་། ད་ལྟའི་གནས་སྟངས་ལ་ཤ་མིག་ཡང་ཡང་སྦྱིན་མྱོང་བས་ཡིན་སྲིད༑

གང་ལྟར་སྐུ་དངོས་སུ་འཇིག་རྟེན་མི་ཡུལ་ཁམས་འདིར་བཞུགས་ནས་ད་ལོ་བར་ཏག་ཏག་མི་ལོ་དགུ་བཅུ་འཁོར་བའི་ཁྲོད། གོང་དུ་གུས་པས་རག་རིམ་ཞིག་གཙོ་བོ་འགའ་སྔོགས་འདོན་གྱི་ཚུལ་དུ་སྨྲས་ཟིན་ལྟར་ལགས་ཤིང་། རྒྱས་པ་སྐུ་ཚེའི་མཛད་རྣམ་དག་ཏུ་གསལ་བར་ཡོད་ཅིང་ཁྱད་པར་རང་རྣམ་ཞིག་ཀྱང་ཡོད་པར་འདུག་པས། མ་འོངས་པར་མཇལ་བའི་བདག་ཅག་ལ་ཡོད་སྲིད་ན་དད་པའི་ཆིག་ཆུ་ལོང་ལོང་དུ་འབབ་དང་འགྲོག་སྟེ། སྤོབས་པ་ཞིག་དང་སྙིང་སྟོབས་ཤིག་ཁྱོད་ལ་བསྩལ་བར་ཐེ་ཚོམ༑གཞན་ཡང་རྣམ་ཐར་གློག་བརྙན་ཞིག་ཀྱང་འཁྲབ་ཀྱིན་ཡོད་པར་བཤད་པས་ནམ་ཞིག་ཡི་གེ་ཤེས་མི་ཤེས་སུས་ཀྱང་རོལ་མྱོང་ཆོག་པར་འགྱུར་ན་དེ་ལས་གོ་སྐབས་བཟང་པོ་དང་སྟབས་བདེ་ཞིག་གང་ན་ཡོད༑ཡིན་ན་ཡང་དེས་ནི་སྐྱེས་བུ་དངོས་ཀྱི་མཛད་པ་ཡོད་ཚོད་དམ་གང་འཁྲབ་པ་དེས་མཛད་པ་དངོས་ལེགས་པར་སྟོན་མི་ཐུབ་པ་ནི་དངོས་ཀྱི་བདེན་པ་ཞིག་ཏུ་འཁུམས་སོ། །

གཞན་ཡང་སྐུ་འཚོ་བཞུགས་ཙམ་ལས་བརྒལ་ཏེ་མི་ལོ་སྟོང་ཕྲག་དང་མི་རབས་བགྲང་ཡས་པ་ཞིག་ལ་སེམས་ཀྱི་བགོ་སྐལ་དུ་བཞག་པའི་འཕྲིན་ལས་ཆེས་ཟབ་ལ་བརྟན་པ་ཞིག་ཡོད་པ་ནི། མཁས་པའི་བྱ་བ་གསུམ་ལས་རྩོམ་པ་ཟེར་ཆེན་གྱིས་ཡོངས་སུ་གསལ་བར་བྱེད་པ་དེའམ། གསུང་བརྩམས་པོ་ཏིམཐུག་རྔམ་ཇི་སྙེད་ཅིག་བཞུག་པ་དེ་ཡིན༑དཔེར་ན། རབ་ཏུ་རྣོ་བའི་བློ་གཟུ་བོས་སྔ་རབས་མེས་པོའི་བྱུང་བ་ནས་གངས་ཅན་བོད་ཀྱི་འདས་མ་ད་གསུམ་ལ་བསམ་གཞིག་བགྱིས་པའི་བརྩམས་ཆོས་རྨད་དུ་བྱུང་བ་རྣམས་ཏེ། རྒྱལ་རབས་ལོ་རྒྱུས་དང་། བསྟན་འབྱུང་རྣམ་ཐར། བཟོ་ཤེས་རིག་རྩལ། ཞལ་གདམས་ལེགས་བཤད། ཁྱད་པར་དུ་སྔགས་སེམས་གཙོས་པའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་འགྲེལ་དང་རྣམ་བཤད་གསེར་རིའི་ཕྲེང་ལྟར་བསྟར་བ་དེ་དག་ནི་དོན་གྱི་མི་ནུབས་རྟག་འཆང་ཡིན་ནོ། ། ད་སྔ་བོད་ཡིག་སྟེང་ན་གསུང་འབུམ་པོད་ཆེན་བཅུ་དྲུག་དང་གཞན་པའི་ཕྱི་ཡིག་ན་རྫོགས་པ་ཆེན་པོའི་སྐོར་རྐྱང་རྐྱང་པོ་ཏི་བཞི་བཅུ་ལྷག་ཡོད་པར་གྲགས་པ་དེ་ཙམ་གྱིས་མི་ངོམས་རྒྱུ་གང་ཡང་མེད་ལ། གསུང་པོད་རེ་རེ་ནས་ཁ་ཕྱེས་ཤིང་ཞིབ་ཀྱིས་གཟིགས་ན། བརྗོད་བྱ་རྗོད་བྱེད་གང་ཐད་ནས་མེས་པོའི་ཤེས་དཔལ་གྱི་འོ་དྲི་རྩམ་དྲི་གཏིང་ནས་བྲོ་བ་ཞིག་ཡོད་པས། གང་ཞིག་གཏན་ལ་འབེབ་པར་རིག་པའི་རྒྱབ་དཔུང་དུ་དྲངས་པའི་ལུང་ཚིག་མེས་པོའི་འོད་ཕུ་དེ་རྣམས་མཇལ་བ་ཙམ་གྱིས་ངོ་མི་འཚར་བ་ཡང་མེད་པ་བཤད་སྤོབས་པ་ཞིག་རེད༑ གང་ལྟར་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱིས་ཆུང་ཆུང་དུས་ནས་དཀའ་ཁག་ཇི་འདྲ་བ་འགའ་རྒྱུད་ནས་འཇིགས་པ་མེད་པར་གདོང་དུ་བཏད་ཅིང་། བརྩོན་པ་ཆེན་མོས་ཤེས་རབ་དང་སྙིང་སྟོབས་ལྷན་གཅིག་ཏུ་འགྲོག་སྟེ་མཛད་འཕྲིན་ག་ཙམ་རྒྱས་པའམ་ཡང་ན་སྐུ་ཚེའི་སྟོད་སྨད་དུ་བཞག་པ་ཇི་ཙམ་མཆིས་པ་སོགས། ལེགས་པར་བསམ་ཞིང་གཞིག་སྟེ་དེ་རིང་དགུ་བཅུའི་གོ་སྟོན་འདི་རྒྱུད་ནས་རྗེས་དྲན་པར་བྱ་འོས་ཉིད་དུ་སེམས་སོ། །

སྨྲས་པ།

ཆུང་ཆུང་བྱིས་པ་ལོ་བདུན་ཡིན་ཀྱང་། ། ལོ་ཆུང་ཟེར་ནས་བག་ལ་མ་ཞ། །

ཚུར་ལ་ལྟོས་དང་འདི་རུ་གཟིགས་ཤིག། ལོ་ཆུང་བཟོ་རིག་མཁས་པ་འདིར་མཆིས། །

གཞོན་པ་རྣམས་ཀྱང་རྒྱུ་རྐྱེན་དུ་མས། ། བཀའ་ཁག་བར་ཆོད་ཅི་ཞིག་འཕྲད་ཀྱང་། །

སྤོབས་པ་མ་ཞུམ་ཚུར་ལ་གཟིགས་དང་། ། འདི་རུ་གཞོན་ནུ་སྙིང་སྟོབས་ཅན་ཞིག།

ཁྱད་པར་སློབ་ལ་གཉེར་བའི་གདོང་དམར། ། རེ་བ་ཅན་ཚོས་བཤེས་གཉེན་འཁོར་ཡུག།

རང་གིས་འཚོལ་ལ་ཨ་ན་ཨུ་ཚུགས། ། གྱིས་དང་འདི་རུ་དམིག་བུ་བཞུགས་སོ། །

དེ་བཞིན་རང་གིས་རང་ཉིད་གཅེས་ན། ། སྙིང་སྟོབས་སྲོག་གི་དབྱུག་པས་ཤོགས་དང་། །

འཕྲལ་གྱི་རྒྱུ་དང་ནོམ་པ་གང་དག། མེད་ཀྱང་མི་འཇིགས་ལམ་སྟོན་འདིར་གསལ། །

དེ་ཡང་ཁྱོད་རང་ཨ་ཆད་མཐའ་རུ། ། བཏུགས་ཀྱང་མ་ཞུམ་ཁ་ཕོ་བསྡམ་ན། །

མཐར་ཐུགས་རྒྱལ་ཁ་ཁྱོད་ལ་རགས་ངེས། ། གཏན་ཚིགས་བཅས་པ་འདི་ཡིས་འདྲེན་ནོ། །

གཞན་ཡང་འོད་འཕྲོའི་ལེགས་པའི་ཡོན་ཏན། ། རྗེས་རབས་དག་ལ་འཇོག་པར་འདོད་ན། །

རྩོམ་པ་ཉི་མའི་ཟེར་ལས་དགའ་བ། ། མི་ཏུབ་རྟག་འཆང་མེད་པ་འདིས་སྟོན། །

གང་ལྟར་ལོ་རྒན་དགུ་བཅུའི་བགྲེས་པོ། ། ཚེམས་དཀར་དབུ་དཀར་ཅན་འདིས། །

དཀར་པོའི་ལམ་ཕྱོགས་གང་ལ་གང་དགོས། ། དེ་ལ་དེ་རྟོན་མཛད་འདི་སོམས་ཤིག།

༢༠༡༥/༡/༡ཉིན་གྱི་དགོང་མོར་བྲིས་ཤིང་ཟླ་དེའི་ཚེས་བཟང་ཉིན་དབེན་པའི་རི་ཁྲོད་ཅིག་ཏུ་ཤེར་དབང་བས་མཇུག་གྲུབ་པར་བྱས་སོ། །

(སྤྱིའི་གཟིགས་གྲངས། 90 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འགྲེལ་བརྗོ…
error: རྩོམ་འདི་བདག་དབང་ཅན་ཡིན།