ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྣལ་འབྱོར་ནམ་མཁའ་ལྷུན་གྲུབ་ཀྱི་མགུར་གླུ་ཚན་བཤུས།

བཤུ་འབྲི་བ་དང་«དཔྱད་མཆན་»འགོད་པ་པོ་ཁྱུང་ཐོག་རྒོད།

ཨེ་མ་ཧོ། སྤྱིར་བླ་མ་རྣམས་ལ་གསོལ་བ་འདེབས། །དགོས་བཀའ་དྲིན་ཅན་གྱིས་ཐུགས་རྗེས་གཟིགས།། ཡུལ་འདི་རུ་འཚོགས་པའི་ཕོ་མོ་ཚོགས།། སྤྲང་བདག་ལ་ཡིད་ཙམ་ཉན་པར་ཞུ།། རྒྱལ་ཁམས་མི་འདྲ་མི་གཅིག་ན།། སྐྱིད་སྡུག་མི་འདྲ་མི་གཅིག་འདུག།། དེ་གཅིག་གིས་ཉོས་པ་མ་ཡིན་ནོ།། གཅིག་གིས་བཙོང་བ་མ་ཡིན་ནོ། །དེེ་སྦྱིན་འཕྲོག་གཉིས་ཀྱི་ལས་དབང་རེད། །རང་དབང་རང་ལ་ཡོད་རིགས་ལ།། སྦྱིན་པ་ཐོངས་ལ་རྐུ་འཕྲོག་སྤོངས།། བསོད་ནམས་འབྲས་བུ་ཐོབ་ངེས་སོ། །རྒྱལ་ཁམས་མི་འདྲ་མི་གཅིག་ན། །སངས་རྒྱས་སེམས་ཅན་སྣ་ཚོགས་འདུག།། དེ་གཅིག་གིས་ཉོས་པ་མ་ཡིན་ནོ།། གཅིག་གིས་བཙོང་བ་མ་ཡིན་ནོ།། དེ་སྡུག་བསྲན་ཡོད་མེད་ཁྱད་གཅིག་འདྲ།། དཀའ་བ་ད་ལྟ་སྤྱོད་འགྱུར་ན།། སངས་རྒྱས་འབྲས་བུ་ཐོབ་ངེས་སོ།། རྒྱལ་ཁམས་མི་འདྲ་མི་གཅིག་ན། །རིག་དང་མ་རིག་སྣ་ཚོགས་འདུག། །དེ་གཅིག་གིས་ཉོས་པ་མ་ཡིན་ནོ།། གཅིག་གིས་བཙོང་བ་མ་ཡིན་ནོ།། དེ་ཡང་དག་སྣང་ཡོད་མེད་ཁྱད། །རྒྱལ་བའི་མདོ་རྒྱུད་ཟབ་མོ་ལ།། དད་མོས་གུས་པས་གཟིགས་གྱུར་ན།། རིག་པའི་ཡེ་ཤེས་འཆར་ངེས་སོ།། རྒྱལ་ཁམས་པདྨ་ཁ་ཕྱེ་ལ།། དད་མོད་ཡོད་མེད་སྣ་ཚོགས་འདུག།། དེ་གཅིག་གིས་ཉོས་པ་མ་ཡིན་ནོ།། གཅིག་གིས་བཙོང་བ་མ་ཡིན་ནོ།། དེ་འཆི་བ་དྲན་དང་མ་དྲན་ཁྱད། །སྔ་འཆི་ཕྱི་འཆི་ཆུ་གཉེར་འདྲ།། དེ་ལ་ལེགས་པར་བལྟས་གྱུར་ན། །དད་མོས་གུས་བློ་སྐྱེ་ངེས་སོ།། ཨེ་མ་ཧོ། ཕ་བླ་མ་རྣམས་ལ་གསོལ་བ་འདེབས།། འདིར་འཚོགས་འདུས་པའི་ཕོ་མོ་ཚོ།། སྤྲང་བདག་ལ་ཡུད་ཙན་ཉན་པར་ཞུ། །སྤྱིར་འཁོར་བ་ཁྲག་གི་རྦ་རླབས་འདི།། ཁ་གཏིང་མེད་པར་འཁྲུག་གོ་ཟེར།། སྒོས་ཉོན་མོངས་ཀྱི་དམག་མི་མང་དོ་(ངོ་)ཟེར།། དུག་ལྔའི་མཚོན་ཆ་རྣོ་འོ་ཟེར།། མ་རིག་རྐུ་མ་འཇབ་དོ་(བོ)ཟེར།། དཀར་ནག་རྡེའུ་རྩི་འོ་ཟེར།། དགེ་བ་ཅན་རྣམ་བདེ་གནས་ཐོབ།། སྡིག་པ་ཅན་རྣམས་བཀྲག་མདངས་ཤོར།། རླུང་ནག་འཚུབ་མས་རྒྱབ་ནས་དེད།། མུན་པ་ནག་པོས་མདུན་ནས་བསུ།། ཕོ་ཉ་མང་པོས་མཐའ་ནས་བསྐོར།། གསོད་གཅོད་སྡུག་བསྔལ་དཔག་ཏུ་མེད།། དེ་ལྟར་བསམ་ལ་སྡིག་སྤངས་དགེ་ལ་འབད་པར་བྱ།

«དཔྱད་མཆན།»

ཀློག་པ་པོ་ལགས་ཡང་དག་དགེ་ལ་བསྐུལ་བའི་མགུར་མ་འདི་ཉིད་བློ་རྣལ་དུ་ཕབས་ཏེ་ཐེངས་གཅིག་ཀློག་དང་། ཁྱོད་ཀྱི་སེམས་ནང་ལ་སྔར་མེད་ཀྱི་ཚོར་བ་གསོན་པོ་ཞིག་དང་ལྷན་དུ་ལུས་ལའང་བ་སྤུ་གཡོ་བའི་སྣང་ཚུལ་ཞིག་འབྱུང་ངེས། འདི་ནི་ལྟ་བ་ཁ་རུ་ཁྱེར་བའི་སྐད་ཆ་མ་ཡིན་པར། ངེས་འབྱུང་གི་བློས་བསྐུལ་ཏེ་མི་ཚེ་རི་ལ་འཛད་ཅིང་འདིར་སྣང་སྒྱུ་མར་མཐོང་བའི་ངེས་དོན་གྱི་དགེ་བྱེད་པ་ཞིག་གིས་ཉམས་མྱོང་ལས་བརྡོལ་བའི་མ་བཅོས་རང་བབས་ཀྱི་མགུར་གླུ་རྣལ་མ་ཞིག་ཡིན། འདིའི་ཚིག་གི་ལྷུ་རུས་ཀྱི་གསེང་ན་མྱོང་བ་དངོས་ཀྱི་སྣང་བརྙན་འབུར་ཐོན་དུ་བཀོད་པ་དང་། ཁ་ཐག་རིང་ས་ཞིག་ལ་བཤད་པ་མ་ཡིན་པར། སྐྱེ་བ་དང་འཆི་བ་སོགས་དངོས་ཡོད་མཐོང་ཐོས་སུ་གྱུར་བ་དག་གིས་ལམ་ནས་དགེ་ལ་བསྐུལ་བའི་གདམ་པ་ཞིག་ཡིན་པས་གོ་བ་འཆར་བདེ་ལ་ཚོར་བ་དྲངས་སླ་བ་དང་། འགོ་ནས་མཇུག་བར་དུ་མྱོང་བ་གཤའ་མར་ཕབས་པའི་གདམ་པ་རུ་འཁུམས་པས་རྡོ་ཆགས་ལྷུ་སྒྲིག་ལྟ་བུ་དང་ཨུ་ཚུགས་བཙན་སྒྲིགས་བྱས་པའི་རྩོམ་ཉོབ་དག་བཀླགས་པ་བཞིན་གྱི་དཀའ་སྣང་མེད། འདི་ཉིད་བཀླགས་རྗེས་སུ་ཁྱེད་ཀྱི་འཆི་བ་ཐེངས་གཅིག་དྲན་ངེས་ལ། འཆི་བ་དྲན་ཚེ་དགེ་སྦྱོར་ལ་བསམ་བློ་འཁོར་ངེས་ཡིན། དགེ་སྦྱོར་ཡིད་ལ་གསལ་གདབ་བྱེད་པ་ནི་དགེ་བསྐུལ་ཡིན་པས་མགུར་མ་འདིའི་དགོས་པའང་འགྲུབ་པ་ཡིན་ལ་ཁྱེད་ཀྱིས་རྩོམ་ཞིག་བཀླགས་པའི་དོན་གོ་ཡང་ཆོད་པ་ཡིན་ནོ།། །།

(སྤྱིའི་གཟིགས་གྲངས། 79 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉེ་ཆར་འདི་…
error: རྩོམ་འདི་བདག་དབང་ཅན་ཡིན།