བླ་མ་ལྷ་ཡི་མཛད་པ་དྲན།
རྩོམ་པ་པོ། ཁྱུང་ཐོག་རྒོད།
སྨྲ་དབང་མི་ཡི་སེང་གེ་ཡི།།
གསང་གསུམ་འཕྲིན་ལས་རྨད་པོ་ཆེ།།
ཟོལ་མེད་བླ་རུ་འདེགས་མཛད་པའི།།
གཡུང་དྲུང་མཚན་དེ་སྤྱི་བོར་བསྙེན།།
ཁྱེད་ཐུགས་དྲི་མེད་ལྷ་ལམ་ལས།།
གཞན་ཕན་ཉི་ཟླ་འཛུམ་པའི་འོད།།
ཉམས་ཐག་འགྲོ་ལ་འཁྱུད་པ་ཡིས།།
སྐྱེ་དགུའི་སེམས་རྩ་དྲོད་ལ་བསྒྱུར།།
བློ་གསར་པད་མའི་ཚོམ་བུ་རུ།།
ཀ་ཁའི་ཟེའུ་འབྲུ་སྨིན་པ་སྟེ།།
སློབ་ཚོགས་མེ་ཏོག་གླིང་ཁ་དེར།།
གནའ་དེང་ཤེས་བྱའི་སྦྲང་ཆར་ཕབ།།
རྨད་བྱུང་ཐུགས་ཀྱི་དགོངས་ཀློང་དུ།།
ལེགས་ཚོགས་ནོར་བུ་སྤུངས་པ་སྟེ།།
རྣམ་དག་མཛད་པའི་ཆ་ཤས་རེས།།
གཤེན་བསྟན་གདུགས་དཀར་གྱེན་ཏུ་བཏེགས།
རི་བོ་གངས་ཅན་ཏི་སེ་ཡི།།
བླ་དྭགས་དོད་པའི་སློབ་གླིང་སྟེ།།
ཤེས་རིག་ཕུན་ཚོགས་ཞིང་ཁམས་ཉིད།།
གསར་དུ་བསྐྲུན་པ་ངོ་མཚར་ཆེ།།
སྨྲ་དབང་བླ་མའི་ཐུགས་ཀྱི་སྲས།།
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་བདག།
རིག་བརྒྱའི་ཁྱབ་བདག་འགྲོ་བའི་མགོན།།
བླ་མ་ལྷ་ཡི་མཛད་པ་དྲན།།