ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ཕ་རན་སིར་གནས་འཁོད་བོན་གྱི་དགོན་པ་དང་ཚོགས་སྡེ་གཤེན་བསྟན་དར་རྒྱས་གླིང་ལ་ཕེབས་ཏེ་བསྟན་དོན་མཛད་འཕྲིན་བཀའ་དྲིན་བསྐྱངས་པ།

དེ་ཡང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་གཤེན་བསྟན་དར་རྒྱས་གླིང་གི་བླ་གྲྭ་ལས་སྣེ་ཐུན་མོང་གིས་གསོལ་སྨོན་ཞུས་པ་ཇི་བཞིན་ ༢༠༡༩ ཟླ་ ༠༦ ཚེས་ ༡༣ ཉིན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་སྟོན་འཁོར་རྣམས་འཇའ་མེན་རྒྱལ་ས་བྷཱར་ལིན་ berlin ནས་ཕེབས་ཐོན་གནང་སྟེ་སྔ་དྲོ་ཆུ་ཚོད་ ༠༩ དང་སྐར་ ༣༡ ཐོག་ཕ་རན་སིའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་གཙོས་ས་གནས་ཚོགས་སྡེ་ཁག་དང་། ཡུ་རོབ་བོན་ཚོགས་ཀྱི་འཐུས་མི་རྣམ་པ་དང་། འབྲེལ་ཡོད་དད་ལྡན་སེར་སྐྱ་ཁག་ཅིག་གནམ་ཐང་དུ་ཕེབས་བཅར་ཞུས། ཉིན་གུང་གསོལ་ཚིགས་གྲུབ་རྗེས་སྟོན་འཁོར་རྣམས་གནམ་ཐང་བརྒྱུད་ཨང་གཞེར་ Angers ST laud བར་མེ་འཁོར་ནང་ཕེབས་པ་དང་། ཨང་གཞེར་ Angers མེ་འཁོར་འབབ་ཚུགས་སུ་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་ཁག་ཅིག་ཕེབས་བཅར་ཞུས་ཤིང་འཇིབ་འཁོར་བརྒྱུད་ཉིན་དེའི་ཕྱི་དྲོ་ཕྱག་ཚོད་བདུན་པའི་ནང་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད། གཤེན་བསྟན་དར་རྒྱས་གླིང་གི་བླ་མ་དགེ་བཤེས་དང་། དད་ལྡན་མི་མང་བྱིངས་ཀྱིས་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་རྔ་གཤང་དུང་གླིང་དང་། འཕན་དར་རྒྱལ་མཚན། མཆོད་པ་རྣམ་ལྔ་བཅས་མཆོད་རྫས་སྣ་ཚོགས་ཐོགས་ནས་སེར་ཕྲེང་གི་རུ་བསྟར་བསྒྲིགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། ཚོགས་ཁང་ཆེན་མོའི་ནང་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་་འཕང་མཐོ་པོར་བཞུགས་སུ་གསོལ་ཏེ་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ཀྱིས་མནྡལ་འདེགས་འབུལ་ཞུས། བླ་གྲྭ་མི་མང་ཐུན་མོང་ནས་བླ་མ་མཆོད་པ་དལ་བུས་དབྱངས་སུ་གྱེར་རྗེས་ལྷ་དར་གུས་ཕྱག་དང་བཅས་ཏེ་མཇལ་ཁ་ཞུས། མཇལ་བཅར་གྲུབ་རྗེས་ཁྲི་འཛིན་སྟོན་འཁོར་རྣམས་བླ་བྲང་གི་བཞུགས་ཤག་ཏུ་གདན་འདྲེན་ཞུས་ཤིང་སྐུ་ངལ་བསྟེན། 

ཕྱི་ཚེས་ ༡༤ ཉིན་ཚོགས་ཁང་ཆེན་མོའི་ནང་དད་ལྡན་མི་མང་ཆིག་བརྒྱ་བདུན་ཅུ་ལྷག་འདུ་འཛོམས་ཞུས་རྗེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་དྲངས་ཤིང་ཐོག་མར་འཚམས་འདྲི་ངོ་སྤྲོད་གྲུབ་རྗེས། མཆོག་ཉིད་ཀྱིས་ཡི་དམ་དབལ་ཁྱུང་དམར་པོའི་ཆོ་གའི་གོ་རིམ་བཞིན་མཚམས་བཅད་པ་དང་། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཁྱུང་ཆེན་རིགས་ལྔ་བཅས་ཀྱི་སྐོར་ནས་གསུང་ཁྲིད་གནང་ཞིང་། བླ་གྲྭ་ཐུན་མོང་ནས་སྔོན་འགྲོ་སྟ་གོན་གྱི་རིམ་པའི་འདོན་པ་དབུ་འཛུགས་ཞུས། ཚེས་ ༡༥ ཉིན་མཆོག་ཉིད་ནས་སྐྱབས་སུ་འགྲོ་བའི་སྤང་བླང་གི་བསླབ་བྱ་དང་། ཏིང་འཛིན་གསུམ། སྒོམ་བཟླས་ཀྱི་རིམ་པ་བཅས་གསུང་ཁྲིད་བཀའ་དྲིན་ཆེ་བ་བསྩལ་ཞིང་བླ་གྲྭ་ཐུན་མོང་ནས་དངོས་གཞི་ཚོགས་ཀྱི་མཆོད་པ་རྒྱས་འབུལ་ཞུས། ཕྱི་ཚེས་ ༡༦ ཉིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་རྣམས་རྒྱས་འཛོམས་གྲུབ་པ་དང་། སྔ་དྲོ་ཕྱག་ཚོད་ ༡༡ ནས་ཡི་དམ་དབལ་ཁྱུང་དམར་པོའི་བཀའ་དབང་དབུ་བཙུགས་ཏེ་སྔོན་དངོས་རྗེས་གསུམ་གྱི་སྒོ་ནས་དབང་ཆོག་བཀའ་དྲིན་བསྩལ་ཞིང་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བསྡུ་ཞུས། མཇུག་ཏུ་དགེ་སློབ་འདུས་མང་ཡོངས་ཀྱིས་སྐྱབས་རྗེ་མཁན་སློབ་རྣམ་པའི་གསོལ་འདེབས་དབྱངས་སུ་བསྐྱོན་ཏེ་གྱེས་ཕྱག་ཞུས་པ་དང་། འབྲེལ་ཡོད་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུའི་མཇུག་བསྡུའི་གསུང་བཤད་ཕུལ། མཆོག་ཉིད་ནས་འདུས་མང་ཡོངས་ལ་ཐུགས་རྗེ་ལེགས་གསོལ་དང་སྦྲགས་སངས་རྒྱས་གཤེན་རབ་མི་བོའི་སྐུ་ཐང་གསོལ་རས་བཀའ་དྲིན་བསྩལ་བ་བཅས་དང་། ཉིན་རྒྱབ་ཉེ་འཁོར་གྲོང་བརྡལ་སོ་མུ་ཡཱུར་ Saumur ལ་གཟིགས་སྐོར་དང་འབྲེལ་དགོང་མོའི་གསོལ་ཚིགས་ཞུས། ཕྱི་ཚེས་ ༡༧ སྔ་དྲོར་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་རྟེན་དང་བརྟེན་པ་རྣམས་ལ་རབ་གནས་གནང་སྟེ་སྐབས་འདིའི་བསྟན་དོན་མཛད་འཕྲིན་ལེགས་པར་གྲུབ་པ་དང་། ཉིན་རྒྱབ་རྒྱལ་ས་པེ་རིས་སིར་ཆིབས་སྒྱུར་བསྐྱང་སྟེ་དེར་འཁོད་ཡུ་རོབ་བོན་ཚོགས་དད་འབངས་རྣམས་ལ་མཇལ་འཕྲད་དང་། ཕྱི་ཚེས་ ༡༨ ཉིན་དེར་འཁོད་བོད་མི་རྣམས་ལ་བླང་དོར་བཀའ་སློབ་བསྐྱང་རྒྱུ་ལགས་པ་བཅས་ཀྱི་གནས་བསྡུས་སུ། 

ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༡༧ ཉིན་མེ་ལོང་ཞེས་སུ་འབོད་པས།

(སྤྱིའི་གཟིགས་གྲངས། 895 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་ཕྱི་…
error: རྩོམ་འདི་བདག་དབང་ཅན་ཡིན།