ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ།

༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༠༩ པའི་ཚེས་ ༡༠ དང་ ༡༡ གཉིས་ལ་ཡུ་རོབ་ཁུལ་ནེ་ཐཱ་ལན་དྲུ་(Netherlands)ཏ་པི་ཧྲི་ཙའི་བོན་ཚོགས་སུ་ཕེབས་ཏེ། ཉམས་ལེན་པ་བཞི་བཅུ་ལྷག་ལ་སེམས་འཛིན་སྐོར་དམིགས་བསལ་གསུང་ཁྲིད་དང་། བོན་གྱི་འཇུག་སྒོར་གསར་དུ་ཞུགས་མཁན་རྣམས་ལ་སྐྱབས་སེམས་ཀྱི་སྡོམ་པ་གནང་། ཕྱི་ཟླ་ ༠༩ ཚེས་ ༡༥ ནས་ ༡༨ བར་ཉིན་བཞིའི་རིང་པོ་ལན་དྲུ་(Poland)ལིག་མིན་སྐྱ་བོན་ཚོགས་བྱམས་མ་གླིང་དུ་ཨ་ཁྲིད་འཕོ་བའི་ཁྲིད་དང་། ཉམས་ལེན་དཔེ་སྟོན་གནང་བ་མ་ཟད་བོན་སྒོར་གསར་ཞུགས་རྣམས་ལ་སྐྱབས་སེམས་ཀྱི་སྡོམ་པ་གནང་། ཕྱི་ཟླ་ ༠༩ ཚེས་ ༢༣ ནས་ ༢༦ བར་ཧྥིན་ལན་དྲུ་(Finland)བདེ་ཆེན་རི་ཁྲོད་བོན་ཚོགས་སུ་ཀུན་བཟང་སྙིང་ཐིག་ནས་རྫོགས་ཆེན་ཉམས་ལེན་སྐོར་སློབ་ཁྲིད་དང་། དམིགས་བསལ་རྒྱུན་ལྡན་མཉམ་འཛོམས་ཀྱིས་ཉམས་ལེན་གནང་མཁན་རྣམས་ལ་གདམས་ངག་གནད་སྨིན་བཀའ་དྲིན་བསྐྱངས།

དེ་ལྟར་རེ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྟན་འགྲོའི་མཛད་ཕྲིན་རྣམས་བསྐྱངས་གྲུབ་པ་དང་། ཕྱིར་རྒྱ་གར་དུ་ཞབས་སོར་བཀོད། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རྒྱ་གར་ལྡི་ལིའི་གནམ་ཐང་བརྒྱུད་ཤི་ལི་འགུ་རིས་གནམ་ཐང་ལ་ཕེབས་ཤིང་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ཕེབས་པདང་། དེ་གའི་དགེ་སློབ་ལས་བྱེད་ལྷན་ནས་ཕེབས་བསུ་མཇལ་ཁ་ཞུས་ཤིང་སློབ་མ་རྣམས་ལ་ཐུགས་བརྩེ་ཆེན་པོས་བདེ་ཐང་གི་འཚམ་འདྲི་དང་བརྔན་སྐྱེས་གྱ་ནོམ་པ་གནང་། ཕྱི་ཚེས་ ༠༥ ཉིན་སློབ་ཁང་གསར་པ་གཙོས་སློབ་གྲྭའི་ཁོར་ཡུག་ལ་གཟིགས་སྐོར་དང་། སློབ་མའི་སློབ་སྦྱོང་གི་གནས་བབ་ལ་གཟིགས་རྟོག་ཞིབ་ཕྲར་གནང་། ཕྱི་ཚེས་ ༠༦ ཉིན་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་སྤྲོ་སྐྱིད་གསོལ་སྟོན་གྲ་རྒྱས་གནང་སྟེ་དགེ་སློབ་ལས་བྱེད་དང་ལྷན་ལུ་རྡི་ཡིའི་(Dudhia)ཆུ་འགྲམ་ལ་གླིང་ཁ་གཏོང་དུ་ཕེབས།

ཕྱི་ཚེས་ ༠༧ ཉིན་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་མི་དང་ལྷན་ལས་དོན་བྱེད་ཕྱོགས་སྐོར་བཞུགས་མོལ་ཚོགས་འདུ་དང་བཀའ་སློབ་ལམ་སྟོན་གནང་། དེ་ལྟར་སློབ་གྲྭར་མཛད་པ་ཁག་གྲུབ་ནས་ཕྱི་ཚེས་ ༠༨ ཉིན་དགེ་སློབ་ཡོངས་ནས་ཕེབས་སྐྱེལ་ཞུས་ཤིང་མཁའ་ལམ་བརྒྱུད་ནས་ཀ་ཋ་མན་གྲུར་(Kathmandu)ཕེབས། དེར་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་དང་གྲྭ་ཚང་གཉེར་པ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། དགེ་བཤེས་ཚུལ་ཁྲིམས་རྣམ་དག་སོགས་ལས་སྣེ་རྣམས་ཕེབས་བསུར་བཅར་ཏེ་ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ་རང་དགོན་དུ་ཕེབས་འབྱོར་བྱུང་བ་དང་། དགོན་གྱི་འདུས་མང་ནས་ཕེབས་བསུའི་སེར་ཕྲེང་གྲྭ་རྒྱས་ཞུས་ཤིང་འཆད་རར་གཤེན་རབ་མཆོད་རྔ་བརྡུང་གྲུབ་རྗེས་འཚོགས་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེག་འབུལ་ཞུས་པ་དང་སྐྱ་སེར་ཡོངས་ནས་མཇལ་ཁ་ཞུས། དེ་ལྟར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནུབ་ཕྱོགས་དང་རྒྱ་གར་ཤི་ལིའི་འགུ་རིས་སུ་གནས་ཆགས་པའི་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭ་བཅས་ལ་རེ་ཞིག་མཛད་པ་ཁག་གྲུབ་སྟེ་རང་དགོན་དུ་ཞབས་སོར་བདེ་བར་བཀོད་པའི་གནས་བསྡུས་སུ་འབྲེལ་ཡོད་ནས་གནས་ཚུལ་མཁོ་འདོན་བྱུང་བ་རྣམས་ཕྱོགས་སུ་བསྡུས་ཏེ། 

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༨ ཉིན་སྐྱ་ཀ་ཁྲ་བོ་ནས་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,181 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དམུ་ར་ཝེར་…
error: རྩོམ་འདི་བདག་དབང་ཅན་ཡིན།