ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།

ཕྱི་ལོ་༢༠༡༩ ཟླ་བ་ ༠༢ ཚེས་ ༡༢ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་གཙོས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ་བཀའ་རམས་པ་རྨ་རི་དྲང་སྲོང་ཡེ་ཤེས་རྒྱ་མཚོ་མཐའ་ཡས། བཀའ་རམས་པ་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན། བཀའ་རམས་པ་སྨན་པ་དྲང་སྲོང་འོད་ཟེར་མི་ནུབ་རྒྱལ་མཚན་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ།

བཀའ་རམས་པ་རྨ་རི་དྲང་སྲོང་ཡེ་ཤེས་རྒྱ་མཚོ་མཐའ་ཡས་གུས་ཉིད་བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་རྨ་རུ་ཤང་རྨ་རུ་ནོར་བུ་དགའ་བ་དང་། མ་ནུ་བཟའ་ནོར་འཛོམ་གཉིས་ཀྱི་བུ་རུ་སྐྱེས། ལོ་ལྔ་ནས་ཕ་ཡི་མདུན་དུ་ཡི་གེ་འབྲི་ཀློག་སྦྱངས། ལོ་བརྒྱད་ནས་ཕྱུགས་རྫི་སོང་།  ལོ་བཅུ་དགུ་ཐོག་ཀླུ་དགོན་བདེ་ཆེན་གཡུང་དྲུང་གླིང་དུ་བཀའ་འགྱུར་ལུང་ཞུས།   ཉེར་གཅིག་ཐོག་རག་ཤི་རྟོག་ལྡན་དྲི་མེད་གཡུང་དྲུང་མདུན་དུ་རབ་བྱུང་སྒྲུབ། དེ་ནས་རྐོང་པོ་བོན་རི། གངས་རི་རྩེ་དྲུག་སོགས་གནས་སྐོར་མང་དུ་སོང་།    ཉེར་གཉིས་ཐོག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མདུན་ནས་བོན་འབྲེལ་བྱིན་རླབས་ཞུས་ཏེ་རྣལ་བབས་དང་མུན་མཚམས་བསྡད།   དེ་ནས་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་དུ་སྒྲུབ་གྲྭ་བསྡད། རང་ལོ་ཉེར་ལྔ་ཐོག ༢༠༠༢ ༨ ༡༩ ཆུ་ཚོད་༣ སྐར་མ ༤༠ ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེར་འབྱོར།   ༢༠༠༢ ༩ ༣༠ ཉིན་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས། ༸སྐྱབས་རྗེ་རྩ་བའི་བླ་མ་མཁན་སློབ་དགེ་རྒན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་བྱིན་རླབས་རྒྱ་གང་ཆེ་ཐོབ་སྟེ་སྐབས་བབ་སློབ་ཚན་རྣམས་རིམ་བཞིན་སྦྱོང་ཞོར་དུ་བཤད་སྒྲུབ་འདུས་སྡེའི་རྩིས་པ་སོགས་དགོན་གྱི་ལས་སྣེ་གང་ལྕོགས་ཞབས་ཞུ་བསྒྲུབས། ༢༠༡༦ ༣ ༡༣ ཉིན་བཤད་གྲྭའི་སློབ་ཚན་རྫོགས་ནས་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་ཉམས་ལེན་བརྩོན། རྩ་བའི་བླ་མ་ལ་ལོ་འདིར་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་འབུལ་སྐབས་ “ཨེར་སངས་དགྱེས་པའི་གཡུང་དྲུང་།” ཞེས་གནང་བ་དང་། ད་ལན་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་སྩོལ་བའི་མཛད་སྒོ་འཚོགས་བཞིན་པ་བཅས་སོ།། ༢༠༡༩ ༢ ༡༢་ཉིན།

བཀའ་རམས་ལྷ་ལྡོང་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན་གུས་ཉིད་ལྷ་ལྡོང་ཚེ་རིང་ནམ་མཁའ་དང་མ་འབེ་བཟའ་བསོད་ནམས་མཚོ་དཔལ་གཉིས་ཀྱི་བུ་རུ་ ༡༩༧༩ ༣ ༡༥ ཉིན་སྐྱེས། རང་ལོ་བརྒྱད་ནས་བཅུ་གཉིས་བར་དུ་རང་ཡུལ་གྱི་སློབ་ཆུང་འགྲིམ་ཞོར་ཕ་མའི་ཞབས་ཞུ་བསྒྲུབས་པ་དང་། དུས་མཚུངས་སུ་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་མདུན་ནས་ཡབ་སྲས་སྔོན་འགྲོ་ཞུས། དེ་ནས་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་བྲུའི་རྣལ་འབྱོར་བ་གཡུང་དྲུང་ཐོགས་མེད་དང་། ཨ་ཁུ་བོན་རྒན་ནམ་མཁའ་བསྟན་འཛིན་དང་། དགེ་སློང་ཚུལ་ཁྲིམས་དབང་རྒྱལ། དགའ་ཕྱུག་སོགས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག གྱེར་དབྱངས་འདོན་གསུམ། འབུད་རྡུང་དཀྲོལ་གསུམ་སོགས་སྦྱངས་ནས་ཡུལ་མིའི་རེ་འདུན་བཞིན་ཞབས་བརྟན་བསྒྲུབས། ༡༩༩༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་སྐབས་ཁྲོམ་ཚང་དགོན་དུ་གདན་འདྲེན་ཞུས་ནས་ལྷ་རྒོད་དབང་དང་གཙང་གཙུག་གི་སྡོམ་པ་ཞུས། དེ་རྗེས་རྩེ་དྲུག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མདུན་ནས་རྩ་རླུང་སྦྱངས་པ་དང་དབང་ལུང་གང་མང་ཐོབ། ༢༠༠༠ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་སྒྲུབ་གྲྭར་ཞུགས་ནས་བླ་མ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཆོག་དང་ཤར་རྫའི་བཀའ་ཡི་བོན་འབྲེལ་བྱིན་རླབས་གང་མང་ཐོབ་པ་དང་། དཔོན་སློབ་རྒྱལ་བ་དང་། དགེ་བཤེས་བཟོད་པ་འགྱུར་མེད་བཅས་མདུན་དུ་ཁྲིད་ལུང་ཞུས། དེའི་སྐབས་སུ་སྔོན་འགྲོ་འབུམ་དགུ་བསགས་སྦྱངས་བྱས་པ་དང་། རྩ་རླུང་གཏུམ་མོའི་ཉམས་ལེན་སྦྱངས། ༢༠༠༢ ༨ ༡༩ ཆུ་ཚོད་གསུམ་པ་སྐར་མ་བཞི་བཅུ་ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར། ༢༠༠༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་པོ་བསྟན་པ་གཡུང་དྲུང་གཉིས་ཀྱི་མདུན་ནས་དགེ་སློང་སྡོམ་པ་ཞུས། ༢༠༠༢ ༩ ༣༠ ཉིན་བཤད་གྲྭའི་སྒྲིག་ཁོངས་ནང་དུ་ཞུགས། ༢༠༠༢ ནས་ ༢༠༡༩ བར་དུ་སྡུད་གྲྭ་དང་། རྟགས་རིགས། ཚད་མ། ཐེག་འགྲེལ། ས་ལམ། ཕར་ཕྱིན་སྐབས་བརྒྱད། དབུ་མ། མཛོད། འདུལ་བ། བཀའ་འགྲེལ་གསལ་བྱེད། མ་རྒྱུད། ནམ་མཁའ་འཕྲུལ་མཛོད། བཀའ་རྒྱུད་སྐོར་བཞི། གབ་འགྲེལ། ཡང་རྩེ་ཀློང་ཆེན། བསྒྲགས་པ་སྐོར་གསུམ་བཅས་གཞུང་ཆེན་ཁག་དང་། རིག་གནས་མིང་གཞི་དང་། སུམ་ཅུ་པ་དང་། རྟགས་འཇུག སྙན་ངག རྩིས་དཀར་ནག སྒྲ དཀྱིལ་འཁོར། མཆོད་རྟེན་གཟུངས་གཞུག་སོགས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་མཆོག་དང་། སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་མཆོག སྐྱབས་རྗེ་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་སློབ་རྣམ་གཉིས། རྩ་འཛིན་སློབ་དཔོན་དགེ་བཤེས་སྐལ་བཟང་རྒྱ་མཚོ། དགེ་བཤེས་ཤེས་རབ་ཀུན་གསལ་དགེ་བཤེས་ཉི་མ་རྒྱལ་མཚན་བཅས་ཀྱི་མདུན་ནས་ཁྲིད་ལུང་དང་། ཡི་དམ་ཞི་ཁྲོ་དང་། སྨྲ་སེང་། དྲན་པ། ཀུན་འབུམ་གོ་འབྱེད་སོགས་བཅས་དབང་གང་མང་ཐོབ། དེའི་སྐབས་སུ་དགོན་གྱིས་ལས་དོན་འབུད་པ་དང་ལོ་གཉིས་རིང་དབུ་སྐྱོར། ལོ་དྲུག་ཞབས་བརྟན་དབུ་མཛད་སོགས་གང་ནུས་ཞུས། ༢༠༡༦ ༣ ༡༣ ཉིན་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ལ་ཞུགས་ནས་དེའི་སྐབས་སུ་ལོ་གཅིག་གི་རིང་སྒྲུབ་གྲྭའི་དགེ་སྐོས་བྱས། ༢༠༡༣ ༡༠ ༡༨ ནས་ ༡༡ ༡༨ བར་དུ་ཞྭ་དཀར་བསྟན་པའི་མངའ་བདག་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དྲུང་ནས་ཆོ་ག་བཅུ་གཉིས་དང་། གསས་མཁར་མཆོག་ལྔ་སོགས་ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་ཞུས། ༢༠༡༠ ༡༢ ༢༥ ནས་ ༢༠༡༡ ༡ ༡༥ བར་དུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དབུས་པའི་དགོན་འདིའི་མཁན་སློབ་རྣམ་པའི་མདུན་ནས་ལྗགས་ལུང་ཨ་གསལ་ཉམས་ལེན་ལྔ་སྐོར་དང་གསང་སྔགས་གཞུང་ཆེན་རྫོགས་ཆེན་གཞུང་དང་། ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་འབུམ་པོད་བཅུ་བཞི་ཆ་ཚང་ལུང་ཐོབ། ༢༠༡༩ ༡ ༢༡ ཧོར་ཟླ་ ༡༢ པའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པའི་འཁྲུངས་མཆོད་སྐབས་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་གཙོས་པའི་མཁན་སློབ་ལྷན་འཛོམས་ཀྱི་མདུན་དུ་རིགས་གནས་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་་ “ཨེ་མ་ཀུན་བཟང་རང་གྲོལ” ཞེས་བསྩལ། དི་རིང་མིག་དམར་ཐ་སྐར་འགྲུབ་སྦྱོར་ལ་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་སྔོན་འགྲོའི་བཤད་པ་དང་འབྲེལ་མཛད་སྒོ་འཚོགས་བཞིན་པ་བཅས་སོ།།

བཀའ་རམས་པ་སྨན་པ་དྲང་སྲོང་འོད་ཟེར་མི་ནུབ་རྒྱལ་མཚན་ལགས་ནི་མདོ་སྨད་རྔ་བ་རུ་གྲགས་པའི་ཧོ་ཙ་སྡེ་བ་རུ་ཕྱི་ལོ་ ༡༩༨༤ ༡ ༣༠ ཉིན་ཕ་ནམ་མཁའ་དང་མ་རྫོགས་ཀོ་གཉིས་སུ་སྐྱེས་ཤིང་ཆུང་དུས་སུ་བློན་ཚང་ཡུལ་ཚོའི་གཞི་རིམ་སློབ་ཆུང་འགྲིམས། རང་ལོ་དགུ་ནས་བཟུང་ནང་མིས་བཀས་བཀོད་ལྟར་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས། དེ་ནས་བཟུང་བཀའ་དྲིན་བླ་ན་མཐོ་བའི་དགེ་རྒན་དཔོན་སློབ་བསྟན་འཛིན་ཕུན་ཚོགས་དང་། དགེ་བཤེས་འཇམ་དབྱངས་བརྩོན་འགྲུས། ཨ་ཁུ་བློ་གྲོས་བཅས་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་དང་བརྡ་དག་སོགས་ལ་སྦྱངས་པ་བྱས། རང་ལོ་བཅུ་གཉིས་ཐོག་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་དང་རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྣམ་གཉིས་ཀྱི་སྐུ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་ཚུལ་མིང་ལ་རིན་ཆེན་རྒྱལ་མཚན་བཏགས་ཤིང་དྲིན་ཅན་བླ་མ་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་མང་དུ་ཞུས།  ༢༠༠༣ ལོར་བོན་གྱི་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་འབྱོར་ཞིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཤར། དེ་ནས་གྲྭ་ས་ཆེན་པོའི་སྒྲིག་སྲོལ་ལྟར་སྐྱབས་རྗེ་རྣམ་གཉིས་ཀྱི་མདུན་ནས་གཙང་གཙུག་གི་སྡོམ་པ་ཞུས་ཤིང་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། དེ་ནས་བཀའ་དྲིན་བླ་ན་མཐོ་བའི་དགེ་རྒན་ཆེན་མོ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། རྩ་འཛིན་སློབ་དཔོན་དགེ་བཤེས་སྐལ་བཟང་རྒྱ་མཚོ། དགེ་བཤེས་ཤེས་རབ་ཀུན་གསལ་ལ་སོགས་དགོན་འདིའི་རབ་འབྱམས་དགེ་བའི་བཤེས་གཉེན་དུ་མ་དགེ་རྒན་དུ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་པའི་གནས་ལ་སྦྱངས་བ་བྱས། ༢༠༠༩ ལོར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་སྐབས་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་མཁན་སློབ་དུ་མའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས། ༢༠༡༠ལོར་བཤད་སྒྲུབ་འདུས་སྡེ་སྐབས་བཅུ་དྲུག་པའི་བཀོད་སྒྲིག་འོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག དེ་བཞིན་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་སོགས་ཀྱིས་དམིགས་བསལ་བཀའ་ལུང་སྩལ་སྐབས་རྫོགས་ཆེན་གྱི་བོན་སྡེ་མི་འདྲ་བ་ལྔ་བཅུ་ང་གཉིས་ཙམ་གྱི་ལྗགས་ལུང་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་བཅུ་བཞི་ཆ་ཚང་གི་དཔེ་ལུང་ཐོབ། ༢༠༡༦ ལོར་བཤད་གྲྭ་མཐར་ཕྱིན་ནས་ལྷར་ཡང་སྒྲུབ་གྲྭའི་ཁོངས་སུ་ཞུགས་ནས་རྫོགས་ཆེན་གྱི་ཕྱོགས་ལ་སློབ་སྦྱོང་དམིགས་ཀྱིས་བྱས་པ་མ་ཟད་ཞོར་དུ་རྩ་རླུང་དང་འཕྲུལ་འཁོར་སོགས་ལ་སྦྱངས་བ་བྱས། ༢༠༡༩ ༡ ༢༡ ཉིན་སྐྱབས་རྗེཡོངས་འཛིན་སྨྲ་བའི་དབང་པོ་དབུ་བཞུགས་ཐོག་མཁན་སློབ་རྣམ་པའི་མདུན་ཏུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལ”སྨྲ་སེང་བློ་གྲོས་འབྱུང་གནས”ཞེས་བསྩལ་གནང་བ་སོགས། མདོར་ན་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བ་ཙམ་ལ་སློབ་སྦྱོང་བྱས་ཤིང་མི་རིང་བར་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་ཡིན་པ་བཅས་མཚམས་སྦྱོར་མདོ་བསྡུས་སུ་བཀོད་པའོ།། གང་གི་གྲོགས་སུ་གྱུར་བ་རྔ་རང་རིག་གིས། ༢༠༡༩ ༢ ༡༡ ཉིན་བྲིས།

མེ་ལོང་་ཡེ་ཤེས་དྲ་བའི་རྩོམ་སྒྲིག་པས་ ༢༠༡༩ ༢ ༡༢ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

91722cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཉིན་གསུམ་པ།
(སྤྱིའི་གཟིགས་གྲངས། 1,153 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།