ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་སྟོན་པའི་འཁྲུངས་མཆོད་དང་སྐབས་༡༥པའི་སྒྲུབ་ཐོན་མཛད་སྒོ་འཚོགས་པའི་གནས་བསྡུས།

མདོ་ལས། བདག་ཀྱང་སྐྱེ་བ་གྲངས་མེད་གང་ཟག་རིམ་པར་བརྒྱུད།།   བརྒྱུད་པའི་དུས་སུ་བསོད་ལྡན་སྟོབས་མཆོག་གིས།། སྟོན་པ་བསོད་ནམས་དབང་ནི་བསོད་ལྡན་ཞིང་ཁམས་དེ་རུ་བྱོན།། དེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན།། སྐྱེ་བ་གྲངས་མེད་ཚོགས་ཀྱི་ལམ་ལ་བསགས།། རྒྱལ་པོའི་སེམས་བསྐྱེད་སྐྱེས་པའི་དུས་དེ་རུ།། བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ།། གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབ།། ཅེས་གསུངས་པ་ལྟར། བསྐལ་ཆེན་གྱི་སྟོན་པ་ཆེན་པོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་ཐོག་མར་སོ་སོ་སྐྱེ་བོ་ནས་ས་ལམ་རིམ་པར་བརྒྱུད་དེ་ཐར་པ་བྱང་ཆུབ་ཆེན་པོའི་སྐུ་བརྙེས་ནས་སླར་ཡང་མི་མཇེད་གདུལ་དཀའ་འདུལ་བའི་སྟོན་པ་འབྱོན་པར་དགོངས་པ་སྟེ།   འོག་མིན་གྱི་ཞིང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་དང་སྲིད་པ་ཡེ་སངས་ཡུལ་དུ་སངས་པོ་འབུམ་ཁྲི་གཉིས་ཀྱི་དྲུང་དུ་བྱོན་ནས་འགྲོ་བ་ཇི་ལྟར་འདུལ་བའི་བོན་ལུང་ཞུས་ནས་རིམ་བཞིན་གནས་རི་བཞི་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཕེབས། རི་རྒྱལ་ལྷུན་པོའི་ཁ་ཁྱེར་རྒྱལ་ཆེན་རྒྱལ་ས་གོང་མ་ནས་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་གནས་མཆོག་འོལ་མོ་ལུང་རིང་དུ། འདབ་ཆགས་རྒྱལ་པོ་ཁུ་བྱུག་ཏུ་སྤྲུལ་ནས་བྱོན་ཏེ་འགྲོ་བ་རབ་འདྲེན་མཆོད་རྟེན་རྩེ་ལ་བབས། དེ་ནས་རྒྱལ་བོན་ཐོད་དཀར་ཡབ་ཀྱི་སྟ་ལ་རྒྱུད། ཡོ་ཕྱི་རྒྱལ་བཞད་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་ལ་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༼༡༨༠༣༩༽འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདི་ལ་གཡུང་དྲུང་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དུས་ཆེན་སྲུང་བརྩི་ཞུས། དེ་ཡང་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༠༢ ཚེས་ ༡༤ སྟེ་ཧོར་ཟླ་ ༡༢ རྒྱལ་ཟླ་བའི་བོད་ཚེས་༡༣ཉིན་མཆོད་བཟོ་ལེགས་པར་བྱས་ཤིང་། ཚེས་པ་ ༡༤ ཉིན་ནས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་དབུ་བཞུགས་ཐོག་མཁན་སློབ་རྣམ་པ་གཙོས་གྲྭ་མང་འདུས་པ་རྒྱ་མཚོས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས།  ཞག་གི་སྙིང་པོ་ཚེས་ ༡༥ ཞོགས་པ་ཕྱག་ཚོད་བཞི་པའི་ཐོག་གསོ་སྦྱོང་འཚོགས་རྗེས་ཁྲིམས་ཆེན་ཞུ་མཁན་རྣམས་ལ་དག་པ་དྲང་སྲོང་གི་སྡོམ་པ་གནང་སྟེ་ཀློང་རྒྱས་ཀྱི་གཞུང་བསྲངས། སྒྲུབ་ཁང་ནང་དགེ་བཤེས་ཚོ་གཅིག་གིས་བོན་སྐྱོང་གི་ཚོགས་འཁོར་ཕུལ། ཕྱག་ཚོད་དགུ་པའི་ཐོག་སེར་ཕྲེང་ཕེབས་པ་དང་།

དེ་རྗེས་ཕྱག་ཚོད ༡༠ ཐོག་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྐབས་བཅོ་ལྔ་པའི་སྒྲུབ་ཐོན་གྱི་མཛད་སྒོ་དབུ་བཙུགས་ཏེ།  དགེ་བཤེས་གསས་ཤུལ་དྲང་སྲོང་བཟང་པོ་ཁྲི་གཙུག་ལྷུན་གྲུབ། དགེ་བཤེས་རྒྱ་བོ་དྲང་སྲོང་ཡེ་ཤེས་འོད་ཟེར་མཆོག་སྒྲུབ། གཡོ་ཤོད་དྲང་སྲོང་བདེ་ལེགས་ཚུལ་ཁྲིམས་རྒྱ་མཚོ། བྲུ་དྲང་སྲོང་ཡེ་ཤེས་རབ་གསལ། དབུར་ཁྱུང་དྲང་སྲོང་ཡེ་ཤེས་བདུད་རྩི་རྒྱ་མཚོ། བྲུ་དྲང་སྲོང་ཚུལ་ཁྲིམས་འཇིམས་མེད་དབང་པོ། འབེ་ཚ་དྲང་སྲོང་བསྟན་འཛིན་ལྷུན་གྲུབ། ཨ་ཤག་དྲང་སྲོང་ཁྲི་གཙུག་བསྟན་འཛིན་རྣམ་དག བྲུ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན། བྲུ་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་རྒྱལ་མཚན། བབས་གཟི་དྲང་སྲོང་བློ་གྲོས་བསྟན་པ་རྣམ་དག གེབ་ཆེན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱ་མཚོ། རྒྱུན་འཕྲུག་དྲང་སྲོང་ཡོན་ཏན་རྒྱ་མཚོ། འགོ་བ་དྲང་སྲོང་སྙིང་རྗེ་ཕྲིན་ལས་མཐར་ཕྱིན། ཧོར་ཚང་དྲང་སྲོང་ཚོགས་གཉིས་དགེ་ལེགས་རྒྱ་མཚོ། དྲང་སྲོང་ཚུལ་ཁྲིམས་དཔལ་བཟང་། དྲང་སྲོང་མཁྱེན་རབ་རྣམ་དག་རྒྱ་མཚོ་བཅས་བཤད་གྲྭའི་སློབ་མཚན་རྫོགས་ནས་སྒྲུབ་གྲྭར་ཞུགས་ཏེ་ལོ་གསུམ་གྱི་རིང་རྫོགས་པ་ཆེན་པོའི་གཞུང་ཆེན་མ་བུ་ཆ་ལག་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་དུས་ཀྱི་བཅས་མཚམས་ཟིན་པ་དང་། ཡང་སྟོན་དྲང་སྲོང་ཚེ་དབང་ཚུལ་ཁྲིམས་རྒྱལ་མཚན་སྒྲུབ་གྲྭ་ནང་ཞུགས་ཏེ་ལོ་ངོ་བཞི་ཡི་རིང་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་མ་བུ་ཆ་ལག་དང་བཅས་པ་ཐོས་བསམ་སྒོམ་གསུམ་བྱས་ཏེ་དུས་ཀྱི་བཅས་མཚམསལེགས་པར་ཟིན་ཏེ་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་འདི་དང་སྟབས་བསྟུན་ཏེ་སྒྲུབ་ཐོན་རྟེན་འབྲེལ་གྱི་མཛད་སྒོ་འཚོགས། ཐོག་མར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་པའི་མཁན་སློབ་རྣམ་པ་དང་སྒྲུབ་ཐོན་པ་རྣམ་པ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སྒྲུབ་གྲྭ་པ་རྣམ་པ་བཅོ་བརྒྱད་ནས་འདུས་མང་ཡོངས་ལ་གསོལ་ཇ་འབྲས་སིལ་དང་སྐུ་འགྱེད་བཅས་ཕུལ།  དེ་མཚམས་ནས་ཁོང་རྣམ་པ་བཅོ་བརྒྱད་ལ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་བའི་གསུང་ཕྲིན་འཚོགས་ཆེན་དགེ་སྐོས་དགེ་བཤེས་ཤེས་རབ་མཆོག་རྒྱལ་ལགས་ནས་སྒྲོགས་སྦྱོང་གནང་ཏེ་ཁོང་རྣམ་པ་བཅོ་བརྒྱད་ལ་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་གནང་སྟེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་མཆོག་ནས་ཕྱག་འཁྱེར་རྟེན་འབྲེལ་ལེགས་མཚོན་དང་བྱིན་མདུད་བཅས་བསྩལ།  རིམ་བཞིན་མཁན་སློབ་རྣམ་པས་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་དང་བྱིན་མདུད་བཅས་གནང་ནས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་གཤེན་གྱི་དགེ་སྦྱོར་བ་རྣམས་ལ་འདི་ཕྱིའི་ལམ་སྟོན་གྱི་བཀའ་སློབ་བཀའ་དྲིན་བསྩལ།  དེ་ནས་སྨོན་ལམ་གསུངས་ནས་འཚོགས་གྲོལ་ཏེ་གཤེན་གྱི་དགེ་སྦྱོར་བ་རྣམས་ཚོགས་ཁང་གསར་པའི་ནང་གདན་འདྲེན་ཞུས་ཏེ་ཁྲི་རུ་བཞུགས་སུ་གསོལ་ནས་སྐྱ་སེར་མི་མང་རྣམས་ཀྱིས་མཇལ་ཁ་ཞུས་ཏེ་ཕན་ཐོགས་ཕུལ་ནས་སྒྲུབ་ཐོན་མཛད་སྒོ་མཇུག་གྲུབ། ཉིན་རྒྱབ་འདུས་མང་ནས་ཨ་རྫོགས་སྙན་གསུམ་དབྱངས་ལ་བསྐྱོན་ནས་གསུངས་པ་དང་། དགོང་མོ་བླ་མ་མཆོད་པ་གསུངས་ཏེ་གཤེན་རབ་མཆོད་རྔ་བརྡུངས་པ་དང་། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་དང་ཚོགས་ཁང་། དེ་བཞིན་གྲྭ་ཤག་ཡོངས་སུ་རྫོགས་པ་ལ་མར་མེ་དང་གློག་མཆོད་སྣ་ཚོགས་བསྒྲོན་ཏེ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་མཆོད་སྤྲིན་ཕུལ་ཏེ་སྟོན་པའི་རྒྱལ་པོ་གྱེར་བ་དང་། ཕྱག་སྐོར་མཆོད་འབུལ་གྱི་ངང་ནས་སྒོ་གསུམ་དགེ་ལ་བསྲེས་ཏེ་སྟོན་པའི་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་སྒྲུབ་ཐོན་མཛད་སྒོ་ཐེངས་བཅོ་ལྔ་པ་སྤེལ་བ་བཅས་ཀྱི་གནས་བསྡུས་སུ་བསོད་ནམས་དབང་གྲགས་ཀྱིས་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢ ༠༢ ༡༦ དགོངས་མོར་སྤེལ།། །།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 583 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།