ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་ཐེངས་གཉིས་པའི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ་ཆེན་མོ་དབུ་ཚུགས་པའི་གནས་བསྡུས།

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྤྱི་ལོ་ ༡༩༨༧ ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་ནས་ད་ལོ་སྤྱི་ལོ་ ༢༠༡༢ ལོར་མི་ལོ་ཉེར་ལྔ་འཁོར་བའི་དུས་བཟང་དང་བསྟུན་བོད་རིག་པའི་མཁས་དབང་སྙན་གྲགས་ཅན་མང་པོ་གདན་འདྲེན་ཞུས་ནས་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ་འདིའི་ཚེས་ ༡༠།༡༡ གཉིས་རིང་དགོན་འདིར་ཚོགས་པའི་གནས་ཚུལ་འབྲེལ་ཡོད་ཁག་ནས་ཁྱབ་བསྒྲགས་བྱས་པ་ལྟར་ཡིན། སྤྱིར་བཏང་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་སྤྱི་ལོ་ ༡༩༩༩ ལོར་རྒྱ་པན་གྱི་གྲོང་ཁྱེར་ཨོ་ས་ཁར་འཚོགས་པ་དང་། ཐེངས་གཉིས་པ་དེ་ཧྥ་རན་སའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་འཚོགས་ཡོད་པས་ད་ལན་གྱི་ཚོགས་འདུ་འདི་ཉིད་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཆགས་ཡོད།

   གཞན་ཡང་དུས་བཟང་འདི་དང་བསྟུན་འཛམ་བུའི་གླིང་དུ་ནད་མུག་འཁྲུག་རྩོད་ཞི་བ་དང་། ས་འགུལ་དང་ཆུ་ལོག་སོགས་རང་འབྱུང་ཁམས་ཀྱི་འཇིགས་པ་རྣམས་མིང་མེད་དུ་ཞི་ནས་སྐྱེ་འགྲོ་རྣམས་བདེ་སྐྱིད་ཟད་པ་མེད་པའི་གཏེར་ལ་ལོངས་སྤྱོད་པའི་མཐུན་རྐྱེན་དུ་དམིགས་ནས་གདན་ས་འདིར་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་པ་ཆེན་མོ་ཚུགས་ཏེ་སྤྱི་ཚེས་ ༡༢ ཉིན་སྔོན་འགྲོའི་རྒྱུན་བཞིའི་གེགས་སེལ་གྱི་ཆེད་དུ་སེར་སྐྱ་ཀུན་གྱིས་ལམ་འཕྲང་བཅོས་པ་སོགས་སྔོན་འགྲོའི་གྲ་སྒྲིག་བྱས། སྤྱི་ཚེས་ ༡༣ ཉིན་སྔ་དྲོ་བཅའ་བཟོ་དང་ཕྱི་དྲོ་ཐར་གླུད་བཀར་བ་དང་། ཁྲུས་གསོལ། ཚེ་ཐར་བཅས་ཀྱི་ཆོ་ག་རྫོགས་པར་བསྒྲུབས། སྤྱི་ཚེས་ ༡༤ སྔ་དྲོ་ས་ལེན་གྱི་སེར་ཕྲེང་དང་བཅས་ས་ཡི་ཆོ་ག་གཞུང་བཞིན་རྫོགས་པར་བསྒྲུབས་རྗེས་ཨ་མཆོད་བཅུ་གཉིས་ཀྱིས་སྔོན་འགྲོའི་ཆོ་གའི་ཆེད་རྣམ་ཀློང་གཉིས་ཀྱི་གཞུང་བསྲངས།

   ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་ ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མི་མང་རྣམས་ལ་རྣམ་དག་པད་མ་ཀློང་ཡངས་དང་། གཡུང་དྲུང་ཀློང་རྒྱས་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་ཏེ་དབང་གི་ངོ་སྤྲོད་དང་འགྲེལ་བཤད་བོད་སྐད་ཐོག་གསུངས་པ་རྣམས་ཕྱི་རྒྱལ་ནས་ཕེབས་པའི་སློབ་མ་རྣམས་ཀྱི་ཆེད་དུ། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་དབྱིན་སྐད་ཐོག་གསུང་བསྒྱུར་གནང་སོང་། སྒྲུབ་པ་ཆེན་མོ་འདིའི་ཆེད་དུ་ཨ་རི་དང་། ཧྥ་རན་སི། འཇར་མན། རྒྱ་ནག ཉི་ཧོང་། རྒྱ་གར། མིག་སུ་ཀོ པོ་ལན། ཐེ་ལན། དབྱིན་ལན། ཨ་ཧྥུ་རི་ཀ ཨུ་རུ་སུ་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཉི་ཤུ་ལྷག་ནས་བོན་གྱི་སློབ་མ་རྣམས་འཛོམས་འདུག སྒྲུབ་པ་ཆེན་མོའི་རིང་གྲྭ་མང་བྱིང་ནས་བླ་ཆེན་དྲན་པ་ནམ་མཁའི་འབུམ་ཚོགས་གསུང་བཞིན་པ་དང་། སྒྲུབ་ཁང་གསར་པའི་ནང་ཁྲོ་བོའི་སྒྲུབ་པ་དང་། སྒྲུབ་ཁང་རྙིང་པའི་ནང་བོན་སྐྱོང་སྲུང་མའི་བསྐང་འབུམ་གསུང་གི་འདུག གློ་དང་དོལ་པོའི་ཁུལ་ནས་ཕེབས་པའི་རིགས་སྔགས་འཆང་བ་བཅུ་ཕྲག་ཁ་ཤས་ནས་སྒྲུབ་པ་ཆེན་མོའི་རིང་བླ་ཆེན་དྲན་པའི་སྒྲུབ་པ་སྐྱོང་བ་བཅས་དང་།

   དེ་བཞིན་མཛད་སྒོ་འདི་དང་འབྲེལ་<དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དྲན་དེབ་>ཅེས་པ་བོད་ཡིག་གི་དེབ་ཅིག་དང་། <<Triten Norbutse Monastery 25th Anniversary Celebration>>ཞེས་པའི་དབྱིན་དེབ་ཅིག། དེར་མཚུངས་<<དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་ལ་བཀྲ་ཤིས་བདེ་ལེགས་ཞུ།>>ཞེས་ཁ་བྱང་དུ་འཁོད་པའི་བོད་ཆུ་སྦྲུལ་ལོའི་ལོ་ཐོ་བསྡུས་པ་དང་། ཉེར་ལྔའི་དུས་དྲན་གྱི་དྲན་རྟེན་ཆེད་དུ་བཟོས་པའི་སྟོད་གོས་དང་། དེ་འབྲེལ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གཙོས་པའི་བླ་གྲྭ་རྒན་གྲས་འགའ་ཞིག་གིས་གྱེར་གནང་བའི་བསྐང་གྱེར་སོགས་འདོན་པ་སྣ་མང་ཡོད་པའི་འོད་སྡེར་ཞིག་ཀྱང་དུས་ཆེན་གྱི་དྲན་རྟེན་ཆེད་བཟོས་གནང་འདུག་པ་དང་། ད་དུང་<<25th Anniversary Founding Triten Norbutse Monastery >>ཞེས་བཀོད་པའི་སྣུམ་སྨྱུག་སྤུས་ལེགས་བཅས་བཟོ་སྐྲུན་བྱས་འདུག གཞན་ཡང་རིན་པོ་ཆེ་མཆོག་གི་སློབ་མ་<<Florens Van Raab van Canstein>>ཞེས་པ་ཁོང་གིས་དུས་ཆེན་འདི་དང་འབྲེལ“རྩ་བའི་༼ཡོངས་འཛིན་རིན་པོ་ཆེ་༽བླ་མ་ལྷན་དུ་གཡུང་དྲུང་བོན་གྱི་རྩ་ཆེའི་གནས་རི་བསྐོར་བ”<Travelling with the master Pilgrimage into the heartland of the yungdrung Bon Tradition> ཞེས་པའི་དེབ་ཅིག་པར་སྐྲུན་ཞུས་འདུག་པ་དེ་ཉིད་སྤྱི་ཚེས་༡༦ཉིན་སྒོ་འབྱེད་གནང་རྒྱུ་མ་ཟད།

   དམིགས་བསལ་དེ་རིང་སྔོན་འགྲོའི་དབང་དང་བསྟུན་ཏེ་སྤྱི་ལོ་ ༢༠༠༥ ལོར་ཁྲི་བརྟན་ནོར་རྩེའི་རྣམ་ཐར་རྩོམ་སྒྲིག་ཚོགས་ཆུང་ནས་བོད་ཡིག་ཐོག་བྲིས་པའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དེ་ཉིད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་དབང་སྐུ་ཞབས་གཡུང་དྲུང་ཚེ་དབང་ངམ་(ཆལ་སི་རམ་བྷོ་Charles Rambl)མཆོག་གིས་དབྱིན་བསྒྱུར་དག་བཅོས་དང་རིན་པོ་ཆེར་བཅར་འདྲི་ལན་མང་ཞུས་ཏེ། ཁ་སྣོན་བཏབ་པའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དབྱིན་དེབ་ཀྱི་མ་ཕྱི་དེ་ཉིད་མཁས་དབང་མཆོག་གིས་མང་ཚོགས་ལ་ངོ་སྤྲོད་གཏམ་བཤད་དང་སྒོ་འབྱེད་གནང་རྗེས་རིན་པོ་ཆེར་ཕུལ་གནང་བ་བཅས་ཀྱི་དེ་རིང་གི་མཛད་སྒོ་མཇུག་གྲུབ་པ་དང་།

   སྤྱི་ཚེ ས་ ༡༦ ཉིན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་རྣམ་ཀློང་གཉིས་ཀྱི་དངོས་གཞིའི་བཀའ་དབང་བསྩལ་རྒྱུ་དང་། སྤྱི་ཚེས་་༡༧ ཉིན་ཞི་ཁྲོ་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་རྒྱུ། སྤྱི་ཚེས་ ༢༨ ཉིན་ཞི་ཁྲོ་སྨན་གསུམ་གྱི་དངོས་གཞིའི་བཀའ་དབང་བསྩལ་རྒྱུ་དང་། དམིགས་བསལ་དུ་སྒྲུབ་པ་ཆེན་མོ་འདིའི་སྐབས་སུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པའི་བཀའ་རམས་པ་དགུ་ལ་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བསྩལ་ནས་མཐར་སྤྱི་ལོ་༢༠༡༣ ཟླ་ ༠༡ ཚེས་ ༠༢ ཉིན་སྒྲུབ་པ་ཆེན་མོ་ཡོངས་སུ་མཇུག་གྲུབ་རྒྱུ་བཅས་སོ།། །།

བགྲེས་གཏམ་གསར་འགོད་པ་ཁྱུང་གསས་ནས།

(སྤྱིའི་གཟིགས་གྲངས། 182 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྐབས་འདིར་…
error: རྩོམ་འདི་བདག་དབང་ཅན་ཡིན།