ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང༌དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གཞུང་ཆེན་ཆེད་སྦྱོང་བགྲོ་གླེང་ཐེངས་ལྔ་པའི་གནས་བསྡུས།


གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡ པོའི་ཚེས ༡༢ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨ སྐར་མ་ ༤༠ ་ཐོག་རྒྱུགས་སྤྲོད་ཁང་དུ་གྲྭ་མང་རྣམས་འཛོམས། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་དང་། དེ་བཞིན་དགེ་རྒན་ལྷན་ཚོགས་དང་། དགེ་བའི་བཤེས་གཉེན་རྣམ་པ་བཅས་རྒྱུགས་དཔང་དུ་ཕེབས་ཤིང་།

ཐོག་མར་ཐེངས་འདིའི་བཤད་རྒྱུགས་ཀྱི་གཙོ་སྐྱོང་བ་ཆེད་སྦྱོང་སློབ་ཐོན་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས། མདོ་ལས། གང་བསླབ་གཅིག་ལ་ཕུལ་དུ་ཕྱིན་པར་གྱིས། །མི་འགྲུབ་བློ་སྣ་མང་ན་གང་ཡང་འཆོལ། །ཀུན་ལ་བསླབ་ན་གཅིག་ཀྱང་ཕུལ་ཕྱིན་མེད། །གཅིག་ལ་མཁས་ན་མཁས་པ་ཕུལ་ཕྱིན་འགྱུར། །ཞེས་སོགས་ཀྱི་དགོངས་དོན་ལྟར་ཆེད་སྦྱོང་ངམ་རིགས་གཅིག་རྐང་འཛིན་གྱི་ལམ་སྲོལ་དང་དགོས་དམིགས་སྐོར་ངོ་སྤྲོད་གནང་། དེ་ནས་རྒྱུགས་སྤྲོད་ཀྱི་དོ་དམ་པས་སྟངས་འཛིན་འོག་རྒྱུགས་སྤྲོད་ཀྱི་བརྗོད་གཞི་རྒྱན་ཤོག་འཐེན་ཏེ་ཐོག་མར་རྫོགས་ཆེན་ཆེད་སྦྱོང་བ་བཀའ་རམས་པ་ཁྲི་ལྡེ་ཚུལ་ཁྲིམས་ལགས་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་རིམ་ལོ་རྒྱུས་སྐོར་ནས་ཆུ་ཚོད་ཕྱེད་ཀའི་རིང་བགྲོ་གླེང་གནང་རྗེས། སྐར་མ་ ༡༥ རིང་ལ་དྲི་བ་དྲིས་ལན་གནང་བ་དང་། 

དེ་ནས་གསང་སྔགས་མ་རྒྱུད་ཆེད་སྦྱོང་བ་བཀའ་རམས་པ་གཙུག་ཕུད་རབ་གསལ་ལགས་ནས་རྒྱན་ཤོག་འཐེན་རྗེས་ཐར་ལམ་གྱི་སྔོན་འགྲོའི་ཉམས་ལེན་རྣམས་ཀྱི་གོ་རིམ་གཞུང་གཞན་དང་མི་མཐུན་པ་འབྱུང་བ་རྣམས་ལ་དམིགས་བསལ་གྱི་དགོས་པ་ཡོད་མེད་སྐོར་ནས་བགྲོ་གླེང་དང༌། སྐར་མ་ ༡༥ དྲི་བ་དྲིས་ལན་བཅས་གནང་། 

དེ་ནས་གསང་སྔགས་བཀའ་འགྲེལ་ཆེད་སྦྱོང་བ་སློབ་གཉེར་བ་ཚུལ་ཁྲིམས་རབ་བརྟན་ལགས་ནས་རྒྱན་ཤོག་འཐེན་རྗེས་བརྗོད་གཞི་བྱ་བ་གཙང་སྤྱོད་པས་ཞི་རྒྱས་དབང་དྲག་བཞིའི་ལས་སྤྱོད་མི་ནུས་པ་དང་། རྣམ་པ་ཀུན་ལྡན་པས་དེ་རྣམས་སྤྱོད་ཐུབ་ཚུལ་སྐོར་ནས་བགྲོ་གླེང་དང༌། སྐར་མ་ ༡༥ དྲི་བ་དྲིས་ལན་བཅས་གནང་ཡོད་པ་དང་། དེ་ཡང་བཤད་བྱ་གང་ཞིག་རྩལ་དུ་བཏོན་ནས་བཤད་ཐུབ་མིན་དང་། བཤད་ཚུལ་གྱི་གོ་རིམ། དྲིས་ལན་གྱི་ལྗིད་ཚད་ལ་ལྟོས་ཏེ་ཨང་རིམ་སྤྲད། མཐར་གཙོ་སྐྱོང་བས་མཇུག་བསྡུས་གཏམ་བཤད་གནང་སྟེ་ཐེངས་འདིའི་ཆེད་སྦྱོང་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡ པོའི་ཚེས་ ༡༢ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,101 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མདོ་དྲི་མེ…
error: རྩོམ་འདི་བདག་དབང་ཅན་ཡིན།