ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ག་ཤེལ་དགོན་གྱི་ཕྱོགས་བཞིའི་དབེན་གནས་བཞི་ཡི་ལོ་རྒྱུས་རགས་བསྡུས།

རྩོམ་པ་པོ། ཚུལ་ཁྲིམས་རབ་བརྟན། ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ།

     སྒེག་ལྡན་གོ་ལ་ཟླུམ་པོའི་ཡོངས་སྟེང་ཞང་བོད་མེས་པོའི་ཕ་ཁྱིམ་སྟེ་བླ་རི་གངས་དཀར་ཏི་སེ་དང་བླ་མཚོ་མ་ཕམ་གཡུ་མཚོ་གཉིས་ཀྱི་འགྲམ་ངོགས་ནས་ལང་ཚོའི་མེ་ཏོག་བཞད་པའི་གདོང་དམར་བོད་པའི་ཕ་མྱེས་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་ཆོས་རིག་འདི་ཉིད་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས། མི་རིགས་རང་གི་ས་ནས་འཚར་ལོངས་བྱུང་བའི་རང་ཆོས་རྣལ་མ་ཞིག་ཡིན་ཞིང་། དེ་ལ་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་སྒྲུབ་མཛད་མཁན་གྱི་ཞང་བོད་ཀྱི་བླ་མ་དང་གྲུབ་ཐོབ་སོགས་བསམ་གྱི་མི་ཁྱབ་པ་ཞིག་བྱུང་ཡོད་ལ། དེ་ག་གིས་སྒྲུ་པ་ཉམས་ལན་གནང་སའི་དབེན་གནས་དང་དགོན་སྡེ་དེ་བཞིན་བྱུང་ཡོད་པ་དཔེར་ན། མ་རྒྱུད་གནས་ཆེན་ཉེར་བཞི་དང་། སྤུ་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐབས་

སུ་བཙུགས་པའི་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་དང་། གཤེན་བསྟན་ཕྱི་དར་གྱི་མེ་རོ་སློང་བའི་བྲུ་ཞུ་སྤ་རྨེའུ་གཤེན་བཅས་ཀྱི་གདན་ས་ཁག་དང་། གཞན་གྲྭ་ས་གོང་འོག་བར་གསུམ་ལྟ་བུ་ཡིན། མདོར་ན་ཞང་བོད་གཉིས་ཀྱི་ལྗོངས་སུ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་འཕེལ་ཞིང་དགོན་དང་སྒྲུབ་སྡེས་རི་ལུང་ཡུལ་གྲུ་གང་སར་ཁེངས་ཀྱང་། དེ་དག་ཐམས་ཅད་ཀྱི་ལོ་རྒྱུས་འདི་རུ་འགོད་པའི་སྐབས་མིན་པས་ཟུར་བཤད་ཙམ་མོ། ད་ལན་སྐབས་འདིར་བཤད་པར་བྱ་བ་དཔལ་ལྡན་ག་ཤེལ་དགོན་གྱི་ཕྱོགས་བཞིའི་དབེན་གནས་བཞི་ཡི་ངོ་སྤྲོད་ཅུང་ཙམ་འཆད་པར་འདོད་པ་ཡིན། འདས་པའི་ལོ་རབས་ཀྱི་ཁྲོད་དུ་དབེན་གནས་འདི་དག་ལ་ཉམས་རྟོགས་ཀྱི་སྣང་བ་རྒྱས་པའི་རྣལ་འབྱོར་བ་ཇི་སྙིད་ཞིག་བྱུང་འདུག་ཀྱང་དེ་དག་གི་རྣམ་ཐར་དང་ལོ་རྒྱུས་ཟུར་ཙམ་ཞིག་ཤོག་ཐོག་ཏུ་འགོད་ཐུབ་མི་འདུག་པས་ཕོངས་སེམས་ཤིན་དུ་ཆེ། སྤྱིར་དབེན་གནས་འདི་དག་ནི་སྔ་དར་རིག་འཛིན་དུ་མའི་བཞུགས་གནས་ཡིན་པ་མ་ཟད་དེང་གི་ཆར་ཡང་ཡུལ་མི་སྐྱ་སེར་ཐུན་མོང་གི་སྔོན་འགྲོ་དངོས་གཞི་རྩ་རླུང་མུན་མཚམས་སྒྲིབ་སྦྱོང་རྣལ་དབབ་སོགས་སྒོམ་སྒྲུབ་ལྷད་མེད་བྱེད་སའི་ས་གནས་བྱིན་ཅན་ཞིག་ཏུ་གྱུར་ཡོད་པས་ལོ་རྒྱུས་ཤོག་དཀར་ཐོག་ཏུ་དབབ་འོས་པ་ཞིག་ཆགས་ཡོད། ད་ལན་འདིར་ཡུལ་མི་རྒན་རབས་དག་གི་ངག་རྒྱུན་འདྲི་གཅོད་འདྲ་བྱས་ཀྱང་དེ་ཙམ་ཤེས་མཁན་མེད་པའི་རྐྱེན་གྱིས་ཞིབ་ཕྲ་ཞིག་ནི་འགོད་རྒྱུ་རྙེད་མ་སོང། དང་པོ་དབེན་གནས་བཞི་ནི། ཤར་སྒ་རུ་གཡུང་དྲུང་འདུ་གླིང་། བྱང་ཤར་འདྲའི་རི་ཁྲོད། ནུབ་རང་ཁྱིམ་སྒྲུབ་ཕུག། ལྷོ་གཡུ་ལུང་མཐོང་གྲོལ་བདེ་ཆེན་རི་ཁྲོད་བཅས་ཡིན།

དང་པོ་ཤར་སྒ་རུ་གཡུང་དྲུང་འདུ་གླིང་གྱི་ལོ་རྒྱུས།

    ཤར་སྒ་རུ་གཡུང་དྲུང་འདུ་གླིང་ནི་ག་ཤེལ་དགོན་གྱི་ཤར་ཕྱོགས་སུ་རྐང་ཐང་ཆུ་ཚོད་གཅིག་མ་ཟིན་ཙམ་ཕྱིན་པའི་ས་གནས་སུ་གོ་སྡོམ་གཉིས་ཀྱི་ལུང་མདའི་རི་གོང་དུ་ཆགས་ཡོད། གནས་རིའི་ཆགས་ཚུལ་ནི་གཡས་འདབས་ནས་གོ་ཆུ་སྔོ་མོ་གཡུ་སྦྲུལ་ཐུར་དུ་རྒྱུགས་འདྲ་གྱ་གྱུར་བཞུད་ཅིང་། གཡོན་འདབས་ནས་དར་དམར་ཡོལ་ར་འཐེན་འདྲའི་སྡོམ་ཆུ་དམར་མོ་ཀླུང་ལྷུང་ལྷུང་འཇོ་བའི་གཙང་ཆེན་ཉ་མོ་ཁ་སྤྲོད་ཀྱི་ཅུང་མཐོ་བའི་རི་གོང་བྲག་དཀར་སྒ་རུའི་དབྱིབས་ཅན་དྲུང་དུ་གནས། གནས་འདི་ལ་སྒ་རུ་གཡུང་དྲུང་འདུ་གླིང་ཟེར་དོན་ནི་རྒྱབ་ངོས་ཀྱི་བྲག་རི་ནི་སྒ་རུའི་དབྱིབས་གཟུགས་སུ་གྲུབ་པ་དང་བྲག་ངོས་ལ་གཡུང་དྲུང་གི་རང་བྱོན་ཡོད་པས་ན་དེ་སྐད་ཟེར་བར་སེམས། གནས་རི་འདི་ལ་ཐུན་མིན་གྱི་བཀའ་རྟགས་རང་བྱོན་མང་པོ་མཇལ་རྒྱུ་ཡོད་པ་འདི་ལྟར། སྒྲུབ་ཕུག་གི་གཡང་ཟུར་དུ་བཟོད་པ་རིན་པོ་ཆེའི་ཞབས་རྗེས་དང་། ཕུག་པའི་གོང་དུ་ཚེ་དབང་རིག་འཛིན་གྱི་ཞབས་རྗེས། ཕུག་པའི་གཡོན་ཟུར་དུ་ག་ཤེལ་ཁྲི་རིན་པོ་ཆེའི་བཞུགས་ཁྲི། གནས་རིའི་ཅུང་ཟད་རྒྱབ་ངོགས་སུ་ཁྲི་རིན་པོ་ཆེའི་གཏེར་ཆུ། སྒྲུབ་ཕུག་གི་ཞབས་བྲག་ངོས་སུ་གཡུང་དྲུང་རང་བྱོན་བཅས་དད་ལྡན་ཆུ་བུར་མིག་གིས་ད་ལྟ་ལོངས་སུ་སྤྱོད་རྒྱུ་ཡོད། ཡུལ་མི་རྒན་གྲས་དག་གིས་ངག་རྒྱུན་ལ་ཤོད་སྲོལ་ལྟར་ན། སྒྲུབ་ཕུག་དེ་ནི་ཚེ་དབང་རིག་འཛིན་གྱི་སྒྲུབ་ཕུག་ཡིན་པར་བཤད་ཀྱི་འདུག་པས་དེ་ཕྱིར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་ལྡན་པའི་སྒྲུབ་གནས་ཤིག་ཏུ་ངོས་འཛིན་ཆོག་པ་ཡིན། མ་ཟད་ད་ལྟ་གནས་འདིར་ཚེ་དབང་རིག་འཛིན་གྱི་སྒྲུབ་ཕུག་དང་ཞབས་རྗེས་སོགས་མང་པོ་མཇལ་རྒྱུ་ཡོད་པར་བལྟས་ན་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་ཤིག་ཡིན་པར་ངོས་འཛིན་བྱེད་འོས་པ་ཡིན། དེ་ནས་དུས་ཡུན་རིང་པོ་ཞིག་གི་ནང་ལ་གནས་འདིར་སྒྲུབ་པ་ཉམས་ལེན་གནང་མཁན་གང་འདྲ་ཞིག་བཞུགས་ཡོད་མེད་ད་ལྟ་གསལ་པོ་ཤེས་ཀྱི་མེད། ཕྱིས་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་དུ་ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་མཆོག་གིས། སླར་མཚམས་ཁང་འདི་ཉིད་ཉམ་གསོ་གནངས་ཤིང་ཞབས་ཕྱི་བ་ཞང་ཞུང་གྲྭ་པ་ཤེས་རབ་ཕུན་ཚོགས་དང་། ཁོང་སྐུ་འཁོར་གཉིས་གནས་འདིར་བཞུགས་པ་མ་ཟད་བླ་མ་མཆོག་གིས་སྔར་རྐང་ཡུལ་དབུས་ཕུག་ནས་གཏེར་དུ་དྲངས་བའི་རྩ་གསུམ་ཤོག་དྲིལ་དག་སྒྲུབ་གནས་་་་་འདིར་གཏན་ལ་ཕབས་པ་དང་། གཞན་ཡང་སྟོང་རྒྱུང་གི་སྒྲུབ་སྐོར་སོགས་ཁོང་གིས་སྙན་རྒྱུད་ཀྱི་ཡི་གེ་མང་པོ་ཞིག་འདིར་ཤོག་ཐོག་ཏུ་ཕབ་ནས་དེ་དག་གི་སྙན་སྒྲུབ་ཡང་མཛད་འདུག། དེ་རྗེས་ཞང་ཞུང་གཡུང་དྲུང་ཕུན་ཚོགས་དང་། ཨ་རེ་བྲིས་པ་སྐར་བཟང་གཡུང་དྲུང་བཅས་རིམ་བཞིན་ཐུན་བཞི་ཉམས་ལེན་དང་དགེ་སྦྱོར་ཆགས་མེད་གནང་ནས་གནས་འདིར་བཞུགས་འདུག། དེ་མཚམས་རིག་གནས་གསར་བརྗེ་ཚེས་སྐབས་རི་ཁྲོད་འདི་ཉམ་ཆག་ཏུ་སོང་ནས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཡིད་སྐྱོ་བའི་གནས་ཤིག་ཏུ་གྱུུར་ཡོད། སླར་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་རིག་ཚ་གཅོད་པ་ཤེས་རབ་ཚུལ་

(སྤྱིའི་གཟིགས་གྲངས། 132 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།