ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ག་ཤེལ་དགོན་གྱི་ཕྱོགས་བཞིའི་དབེན་གནས་བཞི་ཡི་ལོ་རྒྱུས་རགས་བསྡུས།

བཞི་པ་ལྷོ་གཡུ་ལུང་བདེ་ཆེན་རི་ཁྲོ་ཀྱི་ལོ་རྒྱུས།

     ལྷོ་གཡུ་ལུང་བདེ་ཆེན་རི་ཁྲོད་ནི་ག་ཤེལ་དགོན་གྱི་ལྷོ་ཕྱོགས་ས་ལོག་གྲོང་ཚོའི་བྱང་ངོས་སུ་གནས་ཡོད།་ གནས་འདིར་གཡུ་ལུང་ནང་ཟེར་དོན་སྔར་ལུང་པ་དེར་གཡུ་ཡི་ཕུག་པ་ཞིག་ཡོད་པས་ན་གཡུ་ལུང་ཟེར་བར་གྲགས། དགོེན་དེ་ནས་རྐང་ཐང་ཆུ་ཚོད་གཅིག་ལྷག་ཙམ་སྐྱོད་ན་གནས་དེར་འབྱོར་བ་ཡིན། གནས་མཆོག་འདི་ནི་ཐོག་མར་གཤེན་ཚང་པ་གཙུག་ཕུད་དང་འཆི་མེད་ཡུམ་སྲས་གཤེན་གསུམ་སོགས་རིག་འཛིན་གོང་མ་དག་ཞབས་སུ་བཅག་ཏེ་བྱིན་གྱིས་རླབས་པའི་གནས་རི་ཁྱད་པར་ཅན་ཞིག་ཡིན་པར་གྲགས། གནས་ཀྱི་ཆགས་ཚུལ་ནི་རི་རྩེ་བྲ་དཀར་གདོང་ལྔ་གནམ་དུ་མཆོང་འདྲའི་བརྗིད་ཆག་ལྷུན་སྟུགས་ཀྱི་ཚུལ་གྲུབ་ཡོད། རི་སྐད་ནས་སྤང་རི་དང་ནགས་ཀླུང་འདྲེས་མའི་ཉམས་དགའ་ལ་ཡིད་འོང་བའི་རྨད་བྱུང་ས་ཡི་དགེ་མཚན་ཡོངས་སུ་རྫོགས་པ་དང་། གནས་རི་དེའི་རྩེ་ལྐོག་དུ་བྲག་དཀར་ཞི་ཚོགས་དབྱིབ་ཅན་གྱི་ངོས་སུ་གཡུང་ལུང་ཤེལ་རྔ་ཕུག་པ་ཞེས་པའི་བྲག་ཕུག་ཞིག་ཡོད་པ་དེ་ནི་སུམ་ཅུ་རྩ་གསུམ་དུ་ཡོད་པའི་གཡུ་ལུང་ཤེལ་གྱི་བྲག་ཕུག་གི་གནས་ཚབ་ཡིན་ཟེར་སྲོལ་འདུག། གཞན་ཡང་དེ་ཡི་ཉེ་སྐོར་དུ་སྲིད་རྒྱལ་དྲིལ་དམར་གྱི་བླ་ཤུག་དང་། སྲིད་རྒྱལ་དྲིལ་ནག་གི་སྐུ་རང་བྱོན། སྒྲ་བླ་མའི་ཞབས་རྗེས། བར་དོའི་འཕྲང་སོགས་བཀའ་རྟགས་རང་བྱོན་མང་པོ་ཡོད། ནུབ་ངོས་སུ་ག་ཤེལ་ཁྲི་ཆེན་གྱིས་སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་ལི་ལས་གྲུབ་འི་རྟེན་གསུམ་གཏེར་བཞེས་པའི་སྒྲུབ་ཕུག་བྱིན་ཅན་སོགས་བཀའ་རྟགས་རང་བྱོན་མང་ཡོད་པ་འགྲེལ་བཤད་དེ་ཙམ་གྱིས་འཚམས་པར་བྱས། རི་ཁྲོད་འདི་ལ་གནས་པའི་བཙུན་པ་དང་བཙུན་མ་དག་ལ་ཆུ་མེ་ཤིང་གི་དཀའ་ངལ་མེད་པ་མ་ཟད་གྲོང་སྡེ་དང་ཐག་ཉེ་ནས་ཀུ་ཅོ་སྐད་འབོད་ཀྱིས་གནོད་འཚེ་ཡང་མེད་ལ། ཡུལ་སྡེ་དང་ཐག་རིང་ནས་འཚོ་བ་མི་འབྱོར་བའི་དཀའ་ངལ་ཡང་དེ་བས་ཀྱང་མེད། རི་ཁྲོད་འདི་ཐོག་མར་ཕྱག་འདེབས་མཁན་སྤྲུལ་པའི་གཏེར་སྟོན་ག་ཤེལ་གཡུང་དྲུང་རྒྱལ་མཚན་ནམ་ཚེ་དབང་བདེ་ཆེན་སྙིང་པོ་མཆོག་ཡིན་ཁོང་ནི་ཤར་གྲོལ་སྨིན་གླིང་དགོན་གྱི་ལོ་རྒྱུས་ཐོག་གི་བླ་མ་སྐད་གྲགས་ཆེ་ཤོས་ཤིག་ཡིན། བླ་མ་མཆོག་གིས་མཚམས་ཁང་བཞེངས་རྗེས་མཚམས་ཁང་དེར་ཐོག་མར་བཞུགས་མཁན་ཁྲ་སྐལ་ཚུལ་ཁྲིམས་ཞུ་བ་དེ་ཉིད་ཡིན་ཚོད་འདུག། དམ་པ་དེ་ནི་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་མ་ཚེས་བར་དབེན་གནས་འདིར་ཐུན་བཞི་ཉམས་ལེན་དང་མུན་མཚམས་ཐོད་རྒལ་བཅས་ཀྱི་དགེ་སྦྱར་བླ་ན་མེད་པ་སྒྲུབ་ནས་བཞུགས། དེ་རྗེས་མཚམས་པ་དཔོན་བཟང་དགེ་སློང་ཚུལ་ཁྲིམས་ཉི་མ་མཆོག་དབེན་གནས་འདིར་སྙན་སྒྲུབ་ཉམས་ལན་རྒྱུན་སྐྱོང་མཛད་ནས་བཞུགས། དེ་རྗེས་རིག་གནས་གསར་བརྗེ་ཚེས་ནས་མཚམས་ཁང་འདི་འཐོར་ཞིག་ཏུ་ཕྱིན་ནས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་རྔ་བརྡ་དུང་སྐད་གཏོང་མཁན་མེད་པ་ཆགས་ཡོད། དམངས་གཙོ་བཅོས་བསྒྱུར་རྗེས་སུ་ངེས་པ་དོན་གྱི་རྣལ་འབྱོར་ལ་མཐའ་ཡས་རང་གྲོལ་ལམ་རིག་ཚ་ཨོ་དོང་མཆོག་གིས་སླར་མཚམས་ཁང་འདི་ཞིག་གསོ་མཛད་གནང་ཡོད། དམ་པ་དེ་ནི་ཤར་རྫའི་གདན་ས་གཡུང་དྲུང་ལྷུན་པོ་ལ་ཕེབས་ནས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཁག་སོགས་ལ་སྦྱོང་བརྩོན་ལེགས་པོར་གནངས་ཤིང་རང་ཡུལ་དུ་ཕྱིར་ཕེབས་གནང་རྗེས་རི་ཁྲོད་འདིར་བཞུགས་ཏེ་ཡུལ་འདི་ཡི་གྲྭ་པ་ཨ་ནེ་མི་སྐྱ་མོ་བཅས་ལ་སྔོན་འགྲོ་དངོས་གཞི་དང་རྩ་རླུང་མུན་མཚམས་སོགས་ཀྱི་འཆད་ཁྲིད་གནང་ནས་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར་ཡོད། མཐར་ཕྱི་ལོ་༡༩༩༩ལོར་ངོ་མཚར་པྲ་ལྟས་དུ་མ་བཅས་ཏེ་གནས་འདིར་དགོངས་པ་ཞི་དབྱིངས་སུ་གཤེགས། སྐུ་ཡི་བཀོད་པ་བོན་དབྱིངས་སུ་ཐིམ་སྐབས་དད་ལྡན་སྐྱེ་བོ་ཕོ་མོ་ཀུན་གྱི་མཐོང་སར་འཇའ་གུར་སྒྲ་འོད་རྟགས་ཡ་མཚན་གསལ་པོ་བྱུང་བ་ཤོད་སྲོལ་འདུག།དམ་པ་ཁོང་ནི་ཡིག་བྲིས་འབྲུ་ལྗིབ་གང་ཐད་ལ་ཆེས་མཁས་པ་ཡིན་སྟབས་རྒྱལ་ཁབ་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ནས་ཨང་དང་པོའི་བྱ་ག་ཡང་མང་པོ་ཐོབ་མྱོང་ཡོད།ད་ལྟ་གནས་འདིར་བཞུགས་མཁན་མཚམས་པ་གཙོ་བོ་ཁྲ་དགེ་སློང་བརྩོན་འགྲུས་རྒྱལ་མཚན་མཆོག་ཡིན། ཁོང་ནི་ག་ཐ་ས་ཐང་དུ་སྐུ་འཁྲུངས་པ་དང་དགུང་ལོ་ཅུང་ཟད་ཕེབས་དུས་གྲུབ་ཆེན་ནམ་མཁའ་ནམ་རྒྱལ་མཚན་གྱི་མདུན་ནས་རབ་དུ་བྱུང་ཞིང་ཐོས་བསམ་ཡུན་རིང་གནང་རྗེས་རི་ཁྲོད་འདིར་མཚམས་བཞུགས་གནང་ཡོད་པ་མ་ཟད་ཡུལ་འདི་ཡི་བཙུན་མ་དང་མི་སྐྱ་ཕོ་མོ་དག་ལ་སྔོན་འགྲོ་དངོས་གཞི་དང་རྩ་རླུང་མུན་མཚམས་སོགས་ཀྱི་འཆད་ཁྲིད་གནངས་ཏེ་བསྟན་དོན་དུ་མཛད་ཕྲིན་སྐྱོང་དང་སྐྱོང་བཞིན་ལགས་སོ། གོང་གསལ་དབེན་གནས་བཞི་པོའི་ལོ་རྒྱུས་ཐུང་ངུ་དེ་ཡུལ་མི་རེ་འགས་བསྐུལ་བར་བརྟེན་ཕྱི་ལོ་༢༠༡༢་ལོའི་ལོ་མཇུག་ཏུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བྲིས།

(སྤྱིའི་གཟིགས་གྲངས། 132 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།