ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ག་ཤེལ་དགོན་གྱི་ཕྱོགས་བཞིའི་དབེན་གནས་བཞི་ཡི་ལོ་རྒྱུས་རགས་བསྡུས།

གསུམ་པ་ནུབ་རང་ཁྱིམ་སྒྲུབ་ཕུག་གི་ལོ་རྒྱུས།

    ནུབ་རང་ཁྱིམ་སྒྲུབ་ཕུག་ནི་གལ་ཤེལ་དགོན་ནམ་ཤར་གྲོལ་སྨིན་གླིང་དགོན་གྱི་ནུབ་ཕྱོགས་རང་ཁྱིམ་གྲོང་རྡལ་གྱི་བྱང་ངོས་རི་ལྡེབས་སུ་ཆགས་ཡོད། དགོན་དེ་ནས་རྐང་ཐང་ཆུ་ཚོད་གཅིག་མ་ཟིན་ཙམ་ཕྱིན་རྗེས་སྒྲུབ་གནས་དེར་འབྱོར་བ་ཡིན། སྒྲུབ་གནས་འདི་ནི་ལོ་ངོ་ཉེས་སྟོང་ལྷག་གི་ལོ་རྒྱུས་དང་ལྡན་པའི་སྒྲུབ་གནས་ཤིག་ཡིན་ཚོད་འདུག། གང་ཡིན་ཞེ་ན་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། བླ་ཆེན་དྲ་པའི་སྲས་ཚེ་དབང་རིག་འཛིན་སོགས་མཚམས་བཞུགས་གནང་བའི་ལོ་རྒྱུས་བཤད་སྲོས་ཡོད། དེ་ཕྱིར་སྔ་རབས་གྲུབ་ཐུབ་གོང་མ་དག་གིས་སྒྲུབ་པ་ཉམས་ལེན་གནང་མྱོང་བའི་དབེན་གལ་ཆེན་ཞིག་ཏུ་ངོས་འཛིན་འཛིན་བྱེད་ཆོག་པ་ཡིན། གནས་འདིར་རིག་འཛིན་དེ་དག་གིས་སྒྲུབ་པ་ཉམས་ལེན་གནང་བའི་དུས་ནི་སྤུ་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་དུས་སམ་དེའི་མཇུག་གང་རུང་ཞིག་ལ་ངོས་འཛིན་དགོས་པར་སེམས། རྒྱལ་པོ་མུ་ཁྲིའི་སྐབས་བོད་དང་། བོད་ཆེན་པོའི་མཚམས་སྤུ་རྒྱལ་གངས་རི་ལ་སྒུབ་ཞེས་ནམ་མཁའི་ནོར་བུའི་ཏི་སེའི་འོད་ལས་གསལ་ཡོད་ལ། དེ་རྗེས་རྒྱལ་པོ་གྲི་གུམ་གྱིས་བོན་བསྣུབ་སྐབས་བོན་གཤེན་རིག་འཛིན་དག་གནས་ངེས་མེད་དུ་ཕེབས་ནས་བསྙེན་བསྒྲུབ་ཉམས་ལེན་གནང་ཡོད་སྟབས། དུས་རིམ་སྔ་ཕྱི་དེ་དག་གི་ནང་ཁྱུང་ཡུལ་སྤུ་རྒྱལ་ཁུལ་བཅས་ལ་རིག་འཛིན་དེ་གད་གིས་ཞབས་སོར་བཀའ་དྲིན་བསྐྱངས་ནས་སྒྲུབ་པ་ཉམས་ལེན་གནང་མྱོང་ཡོད་འདུག་པས་དུས་སྐབས་ཙམ་ཞིག་ཏུ་ངོས་འཛིན་བྱེད་དགོས་པར་སེམས། སྤྱིར་གནས་རི་འདི་ནི་སྲིད་རྒྱལ་མེ་དྲེད་མའི་གནབས་རི་ལ་ངོས་འཛིན་བྱེད་སྲོལ་འདུག། ད་ལྟ་གནས་འདིེར་མེ་དྲེད་མའི་ཞབས་རྗེས་ད་ང་། སྒྲུབ་ཕུག་ནང་དུ་སྲིད་རྒྱལ་དྲིལ་དམར་གྱི་སྐུ་རང་བྱོན་དང་། ཡིག་འབྲུ་ཨ་ཨྂ་ཧཱུྂ་རང་བྱོན་དང། ཡིག་འབྲུ་ཉ་རང་བྱོན་བཅས་བྱིན་རླབས་ཀྱི་ཚན་ཁ་མ་ཉམ་ནས་ཁྲ་ལྷམ་མེར་དད་ལྡན་ཀུན་གྱི་ཆུ་བུར་མིག་གིས་མཇལ་ཡུལ་དུ་བཞུགས་ཡོད། མཁས་པ་སྟོང་རྒྱུང་སོགས་ཀྱི་རྗེས་སུ་དུས་རབས་མང་པོ་ཞིག་གི་ནང་ལ་མཚམས་པ་སུ་ཞིག་བཞུགས་ཡོད་མེད་ད་ལྟ་གསལ་པོ་ཐག་ཆོད་ཀྱི་མི་འདུག། ཕྱིས་གྲུབ་པའི་རྣལ་འབྱོར་ཨ་འཚོ་ཀུན་དགའ་རྒྱལ་མཚན་མཆོག་ཁོང་འདིར་མཚམས་བཞུགས་གནང་བ་མ་ཟད་ཞི་དམ་ཕྱི་ནང་གསང་གསུམ་ལ་སྒྲུབ་པ་ཉམས་ལེན་རྒྱ་ཆེན་གནང་བས་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་པར་འཁྲུངས། བསྟན་དང་འགྲོ་བའི་དོན་རླབས་ཆེན་བསྐྱངས་ནས་དགོངས་པ་ཞི་དབྱིངས་སུ་གཤེགས། དེ་རྗེས་གྲུབ་དབང་ཉག་རྩེ་བྱ་བྲལ་མཆོད་དབེན་གནས་འདིར་བཞུགས་ཤིང་ཡུལ་འདི་ཡི་འདྲེ་གདོན་སྡུག་པ་ཅན་དག་དམ་ལ་བཏགས་ཏེ་ཕྱིས་ཡུལ་སྡེ་གནོད་པ་བྱ་མི་ཆོག་པའི་བཀའ་རྒྱ་བགོས། མ་ཟད་ཡུལ་སྡེ་འདིར་ཕྱུགས་རིགས་ལ་ནད་ཡམ་ཆེན་པོ་བྱུང་སྐབས་དམ་པ་ཁོང་གིས་བྲག་ངོས་སུ་སྐྱེར་ཕུར་བརྡབ་ནས་གྲུབ་རྟགས་ཆེན་པོ་བཞག་རྗེས་ཕྱུགས་ཟོག་ལ་ནད་ཡམ་རྒྱུན་ཆད་སྟེ་ཡུལ་སྡེར་ལྷིང་འཇགས་སུ་གནས་ཐུབ་པ་བྱུང་། སྐབས་དེར་བྲག་ངོས་སུ་བརྡབ་པའི་སྐྱེར་ཕུར་དེ་དུས་ད་ལྟ་ཡང་ཡོད་སྐད་འདུག། དེ་རྗེས་ཤེལ་ཞིག་སྐལ་བཟང་གྲགས་པ་སྒྲུབ་ཕུག་འདིར་མཚམས་བཞུགས་གནང་བ་དང་། དམ་དེ་ནི་རྣལ་འབྱོར་མེ་སྟོན་ཉི་མ་རྒྱལ་མཚན་གྱི་མདུན་ནས་ཁྲིད་ལུང་དབང་གསུམ་བུམ་པ་གང་བྱོས་ནོད་ཅིང་བོད་རབ་བྱུང་བཅུ་བཞི་ཤིང་རྟ་ཕྱི་ལོ་༡༨༣༤ལོར་ཤར་གྲོལ་སྨིན་གླིང་དགོན་ཕྱག་བཏབས་ནས་མཛད་ཕྲིན་རྒྱ་ཆེན་བསྐྱངས་ཤིང་མཐར་བསྟན་འགྲོའི་དོན་མཐའ་ཡས་པ་གནངས་ཏེ་དགོངས་པ་ཞི་དབྱིངས་སུ་གཤེགས། དེ་རྗེས་ག་གཞུང་དུ་སེ་ར་མཁན་པོ་འདས་གྲོང་ཕྱིན་པའི་རྐྱེན་གྱིས་སྡེ་བ་གཞུང་གིས་བརྒྱུད་བསྐུལ་བྱས་པའི་བོད་དམག་ག་ཐ་རུ་སླེབས་ནས་ག་གཞུང་དགོན་པ་དང་ཡུལ་སྡེ་ཕལ་ཆེར་གཏོར་བརླགས་ཆེན་པོ་བཏང་བས་ལྷན་དུ་མཚམས་ཁང་འདི་རྩ་མེད་བཟོས་ཡོད། དེ་རྗེས་སྒང་ཐོད་དཔོན་ཚང་གི་བླ་མ་དབང་རྒྱལ་བཀྲ་ཤིས་མཆོག་གིས་སླར་མཚམས་ཁང་འདི་ཉམས་གསོ་གནང་ནས་ཁོང་འདིར་སྐུ་མཚམས་བཞུག་ཡོད། མདོར་ན་དུས་དེ་ནས་ལྟ་ད་ལྟའི་མཚམས་པ་མདོ་ར་ཚུལ་ཁྲིམས་འོད་ཟེར་མཆོག་གི་བར་དུ་མཚམས་བཞུགས་གནང་བའི་བླ་མ་དག་གི་མཚན་སྨོས་རྒྱུ་ཡོད་པ་འདི་ལྟར། གཙང་ཤེལ་ཞིག་བླ་མ་ཚུལ་ཁྲིམས་རྒྱལ་མཚན། ག་ཤེལ་གཡུང་དྲུང་རྒྱལ་མཚན། བླ་མ་གཙོ་རྒྱལ། ཤེལ་ཞིག་བླ་མ་བསྟན་འཛིན་གྲགས་པ། བླ་རུ་བླ་མ་ལྗ་རྒྱལ། ཁྱུང་པོ་བླ་མ་བསྟན་པ་རྒྱལ་མཚན། ཨ་འཚོ་ལྷུན་རྗེས། ནག་ཙ་མཚམས་པ་སོགས་ཡིན་སྐད་འདུག། འདིར་ཁོ་བོས་བླ་མ་དེ་དག་གི་མཚན་གྱི་རྣམ་གྲངས་བགྲང་རྒྱུ་རྙེད་པ་ཙམ་ལས་དམ་པ་དེ་རྣམས་ཀྱིས་མཛད་ཕྲིན་གང་འདྲ་ཞིག་བསྐྱངས་བ་དང་། སྒྲུབ་པ་ཉམས་ལེན་གང་ཞིག་གནང་མིན་སྐོར་ད་ལྟ་གསལ་པོ་འགོད་རྒྱུ་རྙེད་མ་སོང་། ད་ལྟ་གནས་འདིར་བཞུགས་མཁན་མཚམས་པ་གཙོ་བོ་མདོ་ར་ཚུལ་ཁྲིམས་འོད་ཟེར་མཆོག་ཡིན་ཁོང་ནི་ག་ཐ་སྒང་རུ་དུ་སྐུ་འཁྲུངས་པ་དང་། ཆུང་ནས་དགེ་སྦྱོར་ལ་བརྩོན་པ་མ་ཟད་དཔལ་གཡུང་དྲུང་བསྟན་རྒྱས་གླིང་གི་ཤར་རྫའི་སྒྲུབ་གྲྭ་ལ་ཞུགས་ནས་ཀུན་མཁྱེན་ཤར་རྫ་པའི་གསུམ་འབུམ་སོགས་ལ་སྦྱོང་བརྩོན་དཔྱིས་ཕྱིན་པར་གནང་ཞིང་མཐར་སྒྲུབ་གྲྭ་ནས་ཐོན་རྗེས་རི་ཁྲོད་འདིར་བཙུན་མའི་སྒྲུབ་གྲྭ་གསར་བཙུགས་གནང་ཞིང་དེ་སྔོན་སྒྲུབ་གྲྭ་ཐེངས་གཅིག་བཏང་ཟིན་པ་ཡིན། ད་ལྟ་སྒྲུབ་གྲྭ་ནང་དུ་བཙུན་མ་བཅུ་ཕྲག་ལྷག་ཡོད་ལ་གཞན་ཡང་མི་སྐྱ་ཕོ་མོ་དག་ལ་སྔོན་འགྲོ་དངོས་གཞི་དང་རྩ་རླུང་མུན་མཚམས་བཅས་ཀྱི་འཆད་ཁྲིད་གནང་མུས་སུ་བཞུགས་ཡོད།

(སྤྱིའི་གཟིགས་གྲངས། 132 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།