ཕྱི་གླིང་བོན་ཚོགས་ནས་ཐུགས་གསོའི་འཚམས་འཕྲིན།
༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་སྦྲུལ་ལོ་ས་ག་ཟླ་བའི་ཚེས་པ་ ༡༦ སྟེ། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༦ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༤༥ ཐོག ༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད། གསང་གསུུམ་བོན་གྱི་མཛོད་འཛིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་གཅིག་སྟེ། མི་ལོ་བརྒྱ་ཕྲག་གཅིག་ལྷག་གི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བ་སྤྱིའི་དོན་དུ་རླབས་ཆེ་བའི་མཛད་པའི་འཕྲིན་ལས་ཡོངས་སུ་གྲུབ་པར་བྱས་ནས། རེ་ཞིག་མི་རྟག་པའི་ཚུལ་མཛད་ནས་ཐུགས་དམ་གཡོ་བ་མེད་པའི་ངང་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པར་ཡིད་གདུང་བའི་བློ་ཕམ་ཚད་མེད་བྱུང་བཞིན་མྱ་ངན་གུས་འདུད་ཞུ་བ་དང་ཆབས་ཅིག སྐྱབས་རྗེ་གང་ཉིད་སླར་ཡང་བསྟན་པ་དང་རང་ཅག་འགྲོ་བ་སྤྱིའི་དོན་དུ་འབྱོན་པར་སྨོན་ལམ་དང་། དམ་པ་གང་གི་དགོངས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པའི་གསོལ་བ་ཤུགས་དྲག་ཏུ་འདེབས་བཞིན་ཡོད་པ་བཅས། ཕྱི་གླིང་བོན་ཚོགས་སྐབས་བཞི་པའི་རྒྱུན་ལས་ཐུན་མོང་གིས་ཐུགས་གསོའི་འཚམས་འཕྲིན་དུ་བཏེགས་པ་དགེའོ། །
ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༣ ཉིན།