ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཕྱི་ལོ་ ༢༠༢༢ ལོའི་དབྱར་ཁྲིད་ཆེན་མོ་གཙོས་བསྟན་འགྲོའི་མཛད་འཕྲིན་ཁག་ཅིག་ལེགས་གྲུབ་བྱུང་བའི་གནས་བསྡུས།

གསང་གསུམ་གདམས་པས་ཐུགས་རྒྱུད་ཡོངས་སུ་ཕྱུག་ཅིང་མཁྱེན་བརྩེ་ཡེ་ཤེས་ཀྱི་ཀློང་ནས་བསྟན་འགྲོའི་མཛད་འགན་ཁུར་དུ་བཞེས་ཏེ། གཟུགས་སྐུ་ལྷུན་པོའི་གཟི་འོད་ངུར་སྨྲིག་གིས་མཛེས་པ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་གང་ཉིད་ཀྱིས་ཟབ་གསང་བཀའ་ཡི་བདེན་པའི་དེ་ཉིད་ཐུགས་ལ་བཀོད་ཅིང་མགུལ་ནས་དྲངས་པ་དང་། འཁོར་ལོ་གསུམ་གྱི་མཛད་པའི་རླབས་ཕྲེང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཕྱོགས་མེད་དུ་སྤྲོ་བཞིན་པ་ལས། ཉེ་བའི་ཆར་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་མཛད་རིམ་ཁག་བསྐྱངས་ཟིན་པ་དང་། ཕྱི་ཟླ་  ༠༦ ཚེས་ ༢༢ ཉིན་མཆོག་གི་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁ་སླར་ཕ་རན་སིའི་རྒྱལ་ས་རུ་བཀོད། གོང་ཟླའི་ཚེས་ཉེར་ ༢༣ ནས་ ༢༦ བར་འཇའ་མེན་ནིས་ཧོ་ཕན་གྱི་ས་གནས་ཀྱེ་མ་འོད་མཚོ་གླིང་དུ་བོན་གྱི་རྫོགས་ཆེན་ཉམས་ལེན་པ་ཚོ་ཁག་ཅིག་ལ་ས་གནས་དངོས་དང་བརྙན་ལམ་བརྒྱུད་ནས་སྔར་འཕྲོས་དྲན་པ་གསེར་གདམས་ནས་ལྷག་མཐོང་ངོ་སྤྲོད་སྐོར་གྱི་གདམས་ངག་དང་ཉམས་ལེན་ཟུང་དུ་སྦྲེལ་ནས་བཀའ་འཁོར་བསྐོར་བ་དང་། ཕྱི་ཟླ་ ༠༧ པའི་ཚེས་ ༠༡  ནས་ཚེས་ ༠༤ བར་ཨོ་སུ་ཏྲུ་རིས་ཡའི་བོན་ཚོགས་ཡེ་ཤེས་གསལ་གླིང་དུ་ཞབས་སོར་བཀོད་ཅིང་དེ་གའི་དགེ་སློབ་རྣམས་ཀྱིས་ཐུགས་སྐུལ་བཞེད་དོན་ལྟར་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གཙོས་རྟེན་དང་བརྟེན་པ་རྣམས་ལ་རྣམ་དག་ཡུམ་གྱི་ཆོ་གའི་སྒོ་ནས་རབ་གནས་བྱིན་རླབས་བསྩལ་བ་དང་། དགེ་ཕན་ངོ་སྤྲོད་གནད་སྨིན་བཀའ་དྲིན་བསྐྱངས།

གོང་ཟླའི་ཚེས་ ༠༧ ཉིན་ཧུང་གྷི་རིས་རྒྱལ་ས་བྷུད་དྷ་པ་སི་རུ་ཞབས་སེན་འོད་ཀྱི་འཁོར་ལོ་བདེ་བར་བཀོད་ནས་དེ་གའི་གཡུང་དྲུང་བསྟན་རྒྱས་འདུས་སྡེའི་བོན་ཚོགས་སློབ་མ་རྣམས་ཀྱིས་རེ་བསྐུལ་ལྟར་ཐུན་མོང་ནང་པའི་གཙུག་ལག་མཐོ་སློབ་ཁང་དུ་ཕྱི་ཚེས་ ༠༨ ཀྱི་དགོང་དྲོ་ནས་དབུ་བཟུང་ཕྱི་ཚེས་ ༡༢ བར་རྫོགས་ཆེན་མེ་ལོང་བདུན་པའི་འཆད་ཁྲིད་དང་། དྲི་བ་དྲིས་ལན་བཀའ་དྲིན་བསྐྱངས།

ཕྱི་ཟླ་ ༠༧ པའི་ཚེས་ ༡༢ ཉིན་ཡུ་རོབ་ཁུལ་བོན་གྱི་ལྟེ་གནས་སམ་༧སྐྱབས་རྗེ་ཡོངས་འཛིན་བླ་མས་ཕྱི་ཕྱོགས་སུ་མཛད་པའི་འཕྲིན་ལས་བསྐྱངས་པའི་བོན་གྱི་༧གདན་ས་གསུམ་པ་ཞེས་སུ་འབོད་པ་༧དཔལ་གཤེན་བསྟན་དར་རྒྱས་གླིང་དུ་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེས་སླར་ཞབས་སེན་འོད་ཀྱི་ཟླ་བ་འགྱུར་མེད་བརྟན་པའི་ཁྲི་ལ་ལྷན་ནེ་ལྷམ་མེར་བཀོད་དེ་བསྟན་འགྲོ་སྤྱི་ཡི་མཛད་འགན་ལ་ཐུགས་བསྐྱེད་བླ་མེད་གནང་། 

དམིགས་བསལ་འབྲེལ་ཡོད་མི་ཉུང་བ་ཞིག་གི་དགོས་འདུན་བཞིན་ད་སྔོན་མཐོ་སློབ་ཁག་ཏུ་འགྲིམས་པའི་སློབ་མ་རྣམས་ལ་དམིགས་ཏེ་བཤད་གྲྭའི་ལམ་སྲོལ་བཙུགས་པ་ལྟར་གཤེན་བསྟན་དར་རྒྱས་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་མཆོག་གིས་དུས་མཚུངས་ཕྱི་ཟླ་ ༠༧ པའི་ཚེས་ ༠༦ ཉིན་བཤད་གྲྭའི་སློབ་ཐུན་འཚོགས་ཐེངས་གསུམ་པ་དབུ་འཛུགས་གནང་ཞིང་གོང་ཟླའི་ཚེས་ ༡༧ བར་ཉིན་གྲངས་ ༡༢ ཙམ་གྱི་རིང་འདི་གའི་སློབ་མ་སུམ་ཅུ་ཙམ་ལ་སྔར་འཕྲོས་ས་ལམ་འཕྲུལ་སྒྲོན་ལེའུ་གཉིས་པ་ནས་མཚན་ཉིད་རིག་ལམ་གྱི་འགྲོས་ལྟར་དཔེ་ཁྲིད་ཞིབ་ཅིང་སྨར་བ་བཀའ་དྲིན་བསྩལ་བ་དང་། མཁས་དབང་ཆར་ལི་སི་རམ་བྷོལ་གྱིས་དུས་ཚིགས་དེའི་ནང་དུས་བསྟུན་རེའུ་མིག་ལྟར་མཚན་ཉིད་སློབ་ཚན་དོན་གཉེར་ཅན་རྣམས་ལ་བོད་ཡིག་བོད་སྐད་སློབ་ཁྲིད་བཀའ་དྲིན་བསྐྱངས།

ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༤ ནས་ཕྱི་ཟླ་ ༠༨ ཚེས་ ༡༢ བར་བདུན་ཕྲག་གསུམ་རིང་ལོ་འདིའི་དབྱར་ཁྲིད་ཆེན་མོ་ཚུགས་ནས་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་ས་གནས་དངོས་སུ་ཕེབས་པའི་སློབ་མ་རྣམས་དང་། དེ་བཞིན་བརྙན་ལམ་དུ་ཞུགས་པའི་སློབ་མ་བཅས་ལ་ལོ་སྔོན་མའི་འཕྲོས་རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་ནས་གདམས་ངག་ཉམས་ལེན་དང་། ཁྲིད་ལུང་སྦྲག་མའི་སྒོ་ནས་ནང་དོན་རིག་པའི་གོ་རྟོགས་སྤེལ་ཞིང་གནས་སྐབས་དང་མཐར་ཐུག་གི་ཞི་བདེ་སྒྲུབ་པའི་ཐབས་ལམ་མིག་ལྟོས་ཀྱི་རྒྱན་དུ་བཀའ་དྲིན་བསྐྱངས། ཕྱི་ཟླ་ ༠༨ ཚེས་ ༢༡ ནས་ ༢༦ བར་དམིགས་བསལ་རྫོགས་ཆེན་ཉམས་ལེན་ལ་གཞོལ་བའི་དུས་ཚིགས་ཡིན་པས་སྔར་བཞིན་རྒྱུན་སྐྱོང་གནང་སྟེ། སློབ་མ་བརྒྱ་ཕྲག་ལྷག་ལ་རྫོགས་པ་ཆེན་པོ་ཞང་ཞུང་ཉམས་རྒྱུད་རྒྱས་པ་ནས་བརྒྱུད་རིམ་བླ་མ་རིམ་བྱོན་གྱི་ཉམས་ཁྲིད་ངོ་སྤྲོད་དང་། ཉམས་ལེན་རྣམ་འབྱོར་ལ་བརྩོན་པ་ཟུང་དུ་སྦྲེལ་བའི་སྒོ་ནས་འདི་ལོའི་དབྱར་ཁྲིད་ཆེན་མོ་ཁ་དགེ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་ཙམ་དུ།

སྲིད་པའི་མིག་ཅེས་སུ་འབོད་པས་ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༢༦ ཉིན། 

(སྤྱིའི་གཟིགས་གྲངས། 375 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།