ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དགོན་གཤེན་བསྟན་དར་རྒྱས་གླིང་དུ་སངས་རྒྱས་སྨན་ལྷའི་སྒྲུབ་པ་ཆེན་མོ་བསྐྱངས་པ།

གཤེན་བསྟན་དར་རྒྱས་གླིང་གི་སྒོམ་སྒྲུབ་འདུས་ཚོགས་ཀྱི་རྣམ་པ་ནི་སྤྱིར་ན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གཞིར་བཅས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ནང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་རྣམ་གཉིས་གཙོས་རང་དགོན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པ་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གཙོས་དམིགས་བསལ་གདན་ཞུས་ཆེད་ཕེབས་གནང་བའི་བླ་ཆེན་དང་སྐྱེས་ཆེན་རྣམ་པས་བབ་བསྟུན་དབང་ལུང་ཁྲིད་གསུམ་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་ནི་འདུས་སྡེའི་གནས་སྟངས་མདོར་བསྡུས་ཙམ་དུ་ལགས།  ཁྱད་པར་དུ་ཕྱི་ལོ་ ༢༠༠༩ ལོར་བྲུ་ཡི་ཨ་ཁྲིད་ཆེན་མོ་དང་རྫོགས་ཆེན་སེམས་སྨད་སྡེ་དགུ་མ་བུ་གཉིས་ཀྱི་ཁྲིད་རིམ་ལྟར་སྒོམ་སྡེའི་བཅའ་གཞི་དབུ་བཙུགས་པ་ནས་ཕྱི་ལོ་ ༢༠༡༢ ལོར་མཐར་གྲུབ། དེ་མུས་ ༢༠༡༤ ལོར་བྲུ་ཡི་ཉམས་རྒྱུད་ཕྱག་ཁྲིད་གཙོས་ཉམས་རྒྱུད་སྐོར་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་མ་བུའི་ཁྲིད་རིམ་ལྟར་སྒོམ་སྡེའི་བཅའ་གཞི་དབུ་བཙུགས་ཏེ་ ༢༠༡༧ ལོར་མཐར་གྲུབ། ༢༠༡༩ ལོར་རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་དང་། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་མ་བུའི་ཁྲིད་རིམ་གྱི་སྒོམ་སྡེའི་བཅའ་གཞི་དབུ་བཙུགས་ནས་ ༢༠༢༣ ལོར་མཇུག་གྲུབ་པ་བཅས་སྒྲུབ་གྲྭའི་བཅས་མཚམས་རྣམས་རིམ་པས་གྲུབ་པ་དང་། དེ་དག་གི་བར་མཚམས་ལོ་རེར་སྒྲུབ་པ་ཆེན་པོ་རེ་འཚོགས་ནས་དམིགས་བསལ་དབང་ལུང་མན་ངག་གི་གནང་སྦྱིན་བསྩལ་བའི་མཛད་རིམ་བསྐྱངས་པ་རྣམས་ནི་ད་སྔོན་གཤེན་བསྟན་དར་རྒྱས་གླིང་གི་འདུས་སྡེའི་བྱ་བཞག་དང་། རང་གཞན་དོན་གཉིས་འགྲུབ་པའི་དགེ་ཚོགས་ཀྱི་བྱ་བ་རྨད་དུ་བྱུང་བ་ཞིག་ཏུ་ཆགས་ཡོད། འདི་ལོར་སྒྲུབ་གྲྭ་སྔ་མ་གྲུབ་པ་དང་། ཕྱི་མ་བསྡུ་བ་གཉིས་ཀྱི་བར་མཚམས་ལོ་དུས་དང་བསྟུན་ནས་རང་དགོན་གྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་དང་། སྨན་དགེ་རྣམ་སྲས་གྲགས་པ་རྣམ་གཉིས་གདན་འདྲེན་ཞུས་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༠༩ ཚེས་ ༠༦ ནས་«སྨན་ལྷའི་དཀྱིལ་འཁོར་གྱི་ཆོ་གའི་»སྒོ་ནས་རྡུལ་ཚོན་གྱི་ཕྱག་ལེན་དབུ་བཙུགས་རྗེས་བཅའ་གཞིའི་ལས་རིམ་རྣམས་ཚགས་ཚུད་གནང་། ཚེས་ ༡༢ ནས་ ༡༨ བར་བླ་གྲྭ་རྣམས་ཀྱིས་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་དབུས་པའི་དགེ་སློབ་བརྒྱ་ཕྲག་ལྷག་ལྷན་གཅིག་ཏུ་སྨན་གྱི་སྒྲུབ་པར་བཞུགས་ཤིང་ཉིན་རྒྱུན་མཚན་རྒྱུན་གྱི་སྒོ་ནས་སྨན་ལྷའི་ཆོ་ག་རྒྱས་བསྡུས་གཉིས་ཀའི་སྒྲུབ་ཐབས་ཉམས་སུ་བླངས། རྒྱུན་གྱི་དགེ་སྤྱོད་སྦྱིན་བཞིའི་ཕྱག་ལེན་རྣམས་ཀྱང་ཆགས་མེད་གནང་། བར་མཚམས་རྣམས་སུ་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་ནས་སངས་རྒྱས་སྨན་ལྷའི་ཆོ་གའི་ཁྲིད་ལུང་བཀའ་དྲིན་བསྐྱངས་པ་མ་ཟད་ཕྱི་ཚེས་ ༡༨ ཉིན་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་ཏེ། ཁྲིད་དང་དབང་དམ་གྱི་བཀའ་ལུང་སྤྱི་བོར་ཕེབས། དེའི་རྗེས་བཀྲ་ཤིས་གཤེགས་བསྐྱོད་དང་། བསྔོ་སྨོན་མཚམས་སྦྱོར་གྱི་སྒོ་ནས་རང་གཞན་དོན་གཉིས་འགྲུབ་པའི་རེ་སྨོན་དང་བཅས་ཏེ་རྗེས་བྱ་ལེགས་པར་གྲུབ། དུས་མཚུངས་བཅོ་ལྔའི་རྒྱུན་ཚོགས་ཀྱི་དུས་ཚེས་དང་སྟབས་གཅིག་ཏུ་ཁེལ་བས་ན་དགེ་སློབ་ཐུན་མོང་ནས་«དྲན་པ་ཆོག་དྲུག་ལས་གཤེན་ལྷ་འོད་དཀར་གྱི་ཚོགས་མཆོད་»རྒྱས་འབུལ་ཞུས། དེའི་རྗེས་སྨན་ལྷའི་སྒྲུབ་སྨན་ཕྱེ་མ་དང་རིལ་བུ་གནང་སྦྱིན་དང་བཅས་ཏེ་སྐབས་འདིའི་སྨན་གྱི་སྒྲུབ་པ་མགོ་མཇུག་བར་གསུམ་ཁ་དགེ་བཀྲ་ཤིས་ངང་ནས་གྲུབ་པ་དང་། ཐམས་ཅད་དགའ་མགུ་ཡི་རངས་དང་བཅས་ཏེ་ཞི་བ་དང་བདེ་ལེགས་ཀྱིས་མཇུག་བསྡུ་ཞུས་པའི་གནས་བསྡུས་སུ།

སངས་རྒྱས་སྨན་ལྷའི་ཆོ་གའི་དགོས་ཆེད་མདོ་ཙམ་ཞུས་ན། སྤྱིར་ན་སྨན་འབུམ་དང་སྨན་མདོ་སོགས་སྨན་གྱི་འདོན་ཆོག་སྐོར་ལ་རྒྱས་འབྲིང་བསྡུས་པ་མང་དག་ཡོད་པ་ལས་འདི་ནི་མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་ཆོ་ག་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། ལོ་རྒྱུས་སྐབས་སུ་འདི་ལྟར་སྔར་དུས་རྒྱལ་པོ་སྒྲ་གཅན་འོད་སྲུང་གི་བུ་རྒྱལ་བུ་སྒྲ་གཅན་འཁོར་ལོ་གཙོ་འཁོར་རྣམས་ལོགས་པའི་ཕྱོགས་སུ་ཞུགས་ཏེ། ལས་ངན་བསམ་གྱིས་མི་ཁྱབ་པར་བྱས་པའི་རྣམ་སྨིན་ནད་ཀྱིས་མནར་བ་བྱང་ཞིང་ཉེས་སྒྲིབ་སེལ་བའི་ཆེད་དང་། སྒོས་སུ་གྲོང་ཁྱེར་ཁྲི་བན་སེང་ཐང་གི་སྐྱེ་འགྲོའི་ནད་ངན་གྱི་བསྐལ་པ་ཞི་བའི་ཆེད་དུ་རྒྱལ་བུ་ཁྲི་བརྟན་འཁོར་ལོ་གཙོ་འཁོར་གྱིས་སྟོན་པ་གཤེན་རབ་མི་བོ་གྲོང་ཁྱེར་ཁྲི་བན་སེང་ཐང་གི་རྒྱལ་ས་རུ་གདན་དྲངས་པ་ལྟར་སྟོན་པས་ཞིང་ཁམས་བདེ་ལེགས་སུ་མཛད་པ་དང་། རྒྱལ་པོ་ནད་ངན་ལས་གྲོལ་བ། སྣང་སྲིད་ཞི་བདེར་བཅོས་པའི་མཆོད་སྦྱིན་གྱི་ཆོ་ག་ཞིག་ཡིན། ཚུལ་ནི། སྟོན་པ་སངས་རྒྱས་ཏེ་རྒྱལ་བ་གཤེན་རབ་མི་བོས་སངས་རྒྱས་སྨན་ལྷའི་སྐུ་རུ་བཞེངས་ནས་འཁོར་སྨན་ལྷའི་རྒྱལ་པོ་མཆེད་བརྒྱད་དང་། སྨན་གྱི་སེམས་དཔའ་སེམས་མ་བཅུ་དྲུག སྒོ་བཞིའི་ལྷ་མོ་བཞི། ཕྱོགས་སྐྱོང་བ་བཅུ། རྒྱལ་པོ་ཆེན་པོ་བཞི་བཅས་གཙོ་འཁོར་དང་བཅས་པའི་སྨན་གྱི་ཞིང་ཁམས་རྣམ་པར་དག་པར་མཛད་དེ་ཐུགས་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། སྟོན་པའི་སྐུ་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་སྟོན་པའི་བཀའ་ཡི་ཕྱག་ལེན་ཞིབ་པར་བགྱིས་ཏེ། སྔོན་དངོས་རྗེས་གསུམ་གྱི་རིམ་པ་མ་ནོར་བར་མཆོད་སྦྱིན་གྱི་ལས་རིམ་མཐར་ཕྱིན་པར་གནང་བས་སྐབས་ཀྱི་གདུལ་བྱ་རྒྱལ་བུ་སྒྲ་གཅན་འཁོར་ལོ་གཙོས་གྲོང་ཁྱེར་ཁྲི་བན་སེང་ཐང་གི་མི་རྣམས་སྡུག་བསྔལ་གྱི་ནད་ལས་གྲོལ་བ་དང་། དབུལ་འཕོང་སེལ་བ། ཞིང་ཁམས་བདེ་ལེགས་སུ་མཛད་པ་བཅས་བསོད་ནམས་ཀྱི་དགེ་ཚོགས་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ཡོད་པ་ལྟར་རོ། །

ཕྱི་ལོ་ ༢༠༢༤ ཟླ་ ༠༩ ཚེས་ ༡༨ ཉིན་གཙོ་སྒྲུབ་པས་འཕྲལ་དུ་བྲིས།

(སྤྱིའི་གཟིགས་གྲངས། 898 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཟླ་འདིའི་༡…
error: རྩོམ་འདི་བདག་དབང་ཅན་ཡིན།