ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་ཉིན་དང་པོ།

གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་ནི་༧སྐྱབས་རྗེ་སྨན་རིའི་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༡༩༨༧ ལོར་བལ་ཡུལ་རྒྱལ་ས་(Kathmandu)ཉེ་འཁྲིས་སུ་ཕྱག་བཏབ། དགོན་དེའི་གནས་ཡུལ་ནི་གནས་མཆོག་འཕགས་པ་ཤིང་ཀུན་གྱི་བྱང་ངོས་རི་བོ་གླང་རི་ལུང་བསྟན་གྱི་རི་འདེབས་སུ་གནས་ཡོད་པ་དང་། བལ་ཡུལ་རྒྱལ་སའི་ཁུལ་ནས་བོན་གྱི་དགོན་པ་དེ་གཅིག་པུ་ཡིན་པ་མ་ཟད་བལ་ཡུལ་ནང་གི་བཤད་སྒྲུབ་བསྟན་པ་གཉིས་ཆ་ཡོད་སའི་དགོན་པའང་དེ་གཅིག་པུ་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༩༤ ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་བ་དང་། དེ་ནས་ད་བར་ལོ་ངོ་བཅུ་ཕྲག་གསུམ་ལ་ཟིན་ཉེ་བའི་ནང་བཤད་སྒྲུབ་སློབ་ཐོན་པ་གྲངས་བརྒྱ་ཕྲག་ལས་བརྒལ་ཡོད་པ་དང་། བསླབ་པ་སློབ་གཉེར་གནང་མཁན་ལ་བོད་དང་། རྒྱ་གར། འབྲུག་པ། བལ་ཡུལ་ཧི་མ་ལ་ཡའི་རི་རྒྱུད་བཅས་ས་གནས་མང་པོ་ཞིག་ནས་ཕེབས་ཀྱི་ཡོད་ལ། དགེ་བཤེས་དང་སྒྲུབ་ཐོན་པ་རྣམས་ཀྱིས་ད་ལྟ་བོད་དང་། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་བསྟན་དོན་དུ་མཛད་འཕྲིན་སྐྱོང་མུས་ཡིན་པ་མ་ཟད། དགོན་འདི་ནས་ཐོན་པའི་དགེ་བཤེས་མང་པོ་ཞིག་བོད་ནང་གི་བོན་གྱི་བཤད་གྲྭ་ཆེ་ཁག་དུ་མའི་དགེ་རྒན་གནང་མུས་ཡིན་པ་རེད།

དགོན་འདི་ནས་བོད་ཀྱི་རིག་གནས་ལྔ་ཀར་སློབ་གཉེར་གནང་གི་ཡོད་ནའང་། རྩོམ་རིག་དང་བརྡ་དག་ནི་རིག་གནས་ཀྱི་མ་རྩ་ཡིན་སྟབས། ཕྱི་ལོ་ ༢༠༠༡ ལོར་༧སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་དགོངས་གཞིར་བཟུང་གིས་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཚོགས་པ་གསར་འཛུགས་གནང་བ་དང་། དེ་ནས་ད་བར་ལོ་དེབ་འདོན་ཐེངས་ཉེར་གཉིས་འདོན་སྤེལ་གནང་ཟིན་པ་དང་། བྱེས་འབྱོར་ནང་གི་ལོ་དེབ་སྔ་གྲས་ཤིག་ཡིན་ལ། འགོ་བཙུག་ནས་ད་བར་རྩོམ་སྒྲིག་ཚོགས་མི་རིམ་པས་སྐུལ་འདེད་འོག་རྒྱུན་ཆད་མ་མྱོང་བ་ཞིག་ཡིན། ལྷག་དོན་དུ་ ༢༠༢༠ ལོར་རྩོམ་སྒྲིག་ཁང་གི་ལོ་དེབ་འདོན་ཐེངས་ཉི་ཤུ་ཟིན་པ་དང་སྟབས་བསྟུན་ཏེ།བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས་ ༽ཞེས་པའི་དེབ་ཕྲེང་ལྔ་ཡི་བདག་ཉིད་ཅན་ཞིག་ཕྱོགས་བསྒྲིགས་ཞུས་ཏེ་འགྲེམས་སྤེལ་གནང་ཡོད།

ཕྱི་ལོ་ ༢༠༠༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་ལམ་སྟོན་འོག་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་བདུན་ཕྲག་རེར་བགྲོ་གླེང་རེ་འཚོགས་རྒྱུ་གཏན་འབེབས་གནང་བ་དང་། དེ་ནས་ད་བར་བདུན་ཕྲག་བགྲོ་གླེང་རྒྱུན་ཆད་མ་མྱོང་ལ། ད་ལྟའི་བར་བགྲོ་གླེང་གྲངས་བརྒྱ་ཕྲག་དུ་མ་འཚོགས་ཟིན་པ་ཡིན། བདུན་རེའི་བགྲོ་གླེང་དེ་ས་བོན་བྱས་ཐོག ཕྱི་ལོ་ ༢༠༢༠ ལོར་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༼ བོན་རིག་པའི་བགྲོ་གླེང་ ༽ཐེངས་དང་པོ་དེ་འགོ་འཛུགས་ཞུས་ཤིང་འདི་ལོར་བགྲོ་གླེང་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། ཟླ་འདིའི་སྤྱི་ཚེས་ ༡༣ ཉིན་བགྲོ་གླེང་ཐེངས་གསུམ་པ་དེ་ཁྲི་བརྟན་ནོར་བུ་རྩེར་དངོས་སུ་དབུ་འཛུགས་ཞུས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གདན་ཞུས་གནང་ཞིང་། དེ་བཞིན་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ། བཤད་སྒྲུབ་སློབ་དཔོན་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ་བཅས་ཚོགས་མགོན་དུ་ཕེབས་ཡོད། ད་ལན་བགྲོ་གླེང་འདིར་མཉམ་ཞུགས་གནང་མཁན་ལ། སྨན་རིའི་གླིང་དང་། ཁྲི་བརྟན་ནོར་བུ་རྩེ། སྨན་རིའི་བཙུན་དགོན། ཝཱ་ཎ་གཙུག་ལག་མཐོ་སློབ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཚོགས་སྡེ་མང་པོ་ནས་མཉམ་ཞུགས་གནང་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཕྱག་ཚོད་ ༧ དང་སྐར་ ༤༥ ཐོག་མཁན་སློབ་རྣམ་པ་དབུས་པའི་ཚོགས་བཅར་བ་ཡོངས་གཙུག་ལག་ཁང་དུ་འདུ་འཛོམས་གནང་སྟེ་གཙོ་སྐྱོང་བ་བཀའ་རམས་པ་ཁྲོམ་ཡེ་ཤེས་རབ་གསལ་ནས་བགྲོ་གླེང་གི་མཛད་རིམ་ངོ་སྤྲོད་དང་སྦྲགས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་། དེ་རྗེས་བགྲེས་པོའི་འབེལ་གཏམ་གཙོ་སྒྲིག་པ་བཀའ་རམས་པ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཐོག་མར་བྱོན་པ་ལེགས་གསོལ་གྱི་གཏམ་བཤད་གནང་། དེ་རྗེས་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བོན་རིག་པའི་བགྲོ་གླེང་གི་རྩ་དོན་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་། དེ་ནས་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་ཏེ་བགྲོ་གླེང་གི་སྔོན་འགྲོའི་རིམ་པ་མཇུག་གྲུབ་རྗེས།

སྨན་པ་བཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་གྱིས་གཙོ་སྐྱོང་གནང་སྟེ་ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་སྨན་རིའི་དགེ་བཤེས་ཕུན་ཚོགས་ཉི་མ་མཆོག་ནས་༼ མཁན་སློབ་ཆོས་གསུམ་སྐབས་ངམ་སྟག་ར་ཀླུ་གོང་ཤི་བར་བཤད་པ་ལ་དཔྱད་པ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། དེ་རྗེས་དགེ་བཤེས་སྐལ་བཟང་བློ་གསལ་ལགས་ནས་༼ དངོས་བསྐྱེད་པའི་བསྐྱེད་རིམ་གྱི་དོན་ལ་དཔྱད་པ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལེན་གནང་། དེ་རྗེས་སྨན་རིའི་བཙུན་དགོན་རདྣ་སྨན་གླིང་གི་དགེ་བཤེས་བཙུན་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་༼ དགེ་སློབ་བར་གྱི་འབྲེལ་ལམ་སྐོར་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་རྗེས་གསོལ་ཇའི་བར་གསེང་སྐར་མ་ ༣༠ གནང་།

དེ་རྗེས་ཕྱག་ཚོད་༡༠།༣༠ ཐོག་ཚོགས་ཐུན་གཉིས་པའི་བགྲོ་གླེང་གི་གཙོ་སྐྱོང་དགེ་བཤེས་ཕུན་ཚོགས་ཉི་མ་མཆོག་གིས་གནང་སྟེ། སྨན་དགེ་གནམ་གསས་གྲགས་པ་མཆོག་ནས་༼ རང་འབྱུང་ཆུ་ཚན་གྱི་སྐོར་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། དེ་རྗེས་བཀའ་རམས་པ་ཚུལ་ཁྲིམས་ཡེ་ཤེས་ནས་༼ མན་ངག་ལེའུ་བརྒྱད་པའི་གལ་གནད་ལ་དཔྱད་པ་ ༽ཞེས་པའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་མཇུག་གྲུབ་རྗེས་ཉིན་གུང་གི་ཞལ་ལག་བར་གསེང་གནང་། ཕྱག་ཚོད་གཉིས་པའི་ཐོག་དགེ་བཤེས་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། བཀའ་རམས་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་༼ བོན་གྱི་དཔེ་གཞུང་ལས་གསལ་བའི་རྗེ་རི་ཁྲོད་པའི་སྐོར་གྱི་ཐོག་མའི་དཔྱད་གླེང་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། དེ་རྗེས་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་༼ མ་རྒྱུད་ནང་གི་ཆེ་བཞི་མཆོག་ལྔ་ངོས་འཛིན་ཚུལ་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལེན་མཇུག་གྲུབ་རྗེས་ཕྱི་དྲོའི་གསོལ་ཇའི་བར་གསེང་སྐར་མ་༣༠གནང་། ཕྱག་ཚོད་ ༣།༣༠ ཐོག་ཚོགས་ཐུན་བཞི་པའི་བགྲོ་གླེང་གི་གཙོ་སྐྱོང་རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་ལགས་ཀྱིས་གནང་སྟེ། སློབ་གཉེར་བ་མཐུ་སྟོབས་དབང་ཕྱུག་ལགས་ནས་༼ བོད་ཀྱི་ཁ་བཏགས་རིག་གནས་ལ་དཔྱད་གླེང་ ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལེན་མཇུག་གྲུས་རྗེས་བགྲོ་གླེང་ཉིན་དང་པོའི་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་སོ།། །།

ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༡༣ ཉིན་ཞང་ཚུལ་མི་ནས། 

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,870 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་ནི་…
error: རྩོམ་འདི་བདག་དབང་ཅན་ཡིན།