ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཁན་པོ་བསམ་འགྲུབ་ཉི་མ་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་འབྲུ་ཞིག་དགེ་བཤེས་བསམ་འགྲུབ་ཉི་མ་རིན་པོ་ཆེ་མཆོག་ནི་དོལ་པོ་སྨད་ས་གནས་སྤུངས་མོ་རུ་ཕྱི་ལོ་ ༡༩༥༦ ལོའི་བོད་མེ་བྱ་ཧོར་ཟླ་ལྔ་པའི་ཚེས་བཅུ་བཞིའི་ཉིན་འཁྲུངས། དགུང་ལོ་དྲུག་ནས་ཡབ་ཀྱི་མདུན་དུ་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་ཀློག་འདོན་རྣམས་མཐར་ཕྱིན་པར་སྦྱངས། དགུང་ལོ་བཅོ་བརྒྱད་ལ་ཁུ་བོ་གེ་ཁོད་རིན་ཆེན་རྒྱལ་མཚན་ནམ་དོལ་ཕྱོགས་སུ་སྤུངས་མོ་གྲུབ་ཐོབ་རིན་པོ་ཆེ་ཞེས་མཚན་ཡོངས་སུ་གྲགས་པའི་བླ་མ་དེ་ཡི་མདུན་ནས་དཀར་རུ་གྲུབ་དབང་རིན་པོ་ཆེའི་སྙན་རྒྱུད་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་སྔོན་འགྲོའི་བསགས་སྦྱོང་དང་དངོས་གཞི་རྣམས་རྒྱས་པར་གྲུབ་པར་མཛད་ཅིང་སྤུངས་མོ་ཐེག་ཆེན་རབ་རྒྱས་གླིང་དགོན་དུ་སྒྲིག་ཞུགས་གནང་ཞིང་སྐྲ་ཕུད་ཕུལ། 

དེ་རྗེས་ཡ་ངལ་༧སྐྱབས་རྗེ་དམ་པ་བླ་མ་རྣམ་རྒྱལ་དབང་འདུས་རིན་པོ་ཆེ་མཆོག་གསེར་ཞལ་མཇལ་ཞིང་ཁོང་གི་དྲུང་ནས་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་སྔོན་འགྲོའི་བཤགས་པ་དང་། ཚོགས་བསགས་ཀྱི་རྩ་བ་མཎྜལ་བཅས་འབུམ་རེ་གྲུབ་པར་མཛད་པ་མ་ཟད་དམ་པ་དེའི་དྲུང་དུ་འཕོ་ཁྲིད་ཀྱང་སྦྱངས་གནང་། དེ་རྗེས་ཕྱི་ལོ་༡༩༧༨ལོར་རྒྱ་གར་དུ་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་དགོན་དུ་ཕེབས་ནས། དེར་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་གསེར་ཞལ་མཇལ། དེ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་འཛུལ་ཞུགས་གནང་སྟེ་ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་། ཐུན་མོང་རིག་པའི་གནས་ཆེན་ཁག་ལ་གོ་ལོ་ཐོས་ལོ་ཙམ་མིན་པ་སྦྱོང་པ་མཐར་ཕྱིན་གནང་བ་མ་ཟད་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དྲུང་དུ་མདོ་སྔགས་སེམས་གསུམ་གྱི་དབང་ལུང་གི་རྒྱུད་པ་ཕལ་ཆེ་བ་གསན་བཞེས་གནང་། ཕྱི་ལོ་ ༡༩༩༡ ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་སྡེ་ཆེན་པོའི་དབུས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། ལོ་དེར་ཕ་ཡུལ་དུ་ཕེབས་པ་དང་དབྱར་ཐོག་ཅིག་ལ་དཔལ་གཤེན་བསྟན་མཐའ་སྲུང་མཚོ་གླིང་དགོན་དུ་ཟླ་བ་ཁ་ཤས་རིང་བཞུགས་ཤིང་ཕྲུ་གུ་ཁ་ཤས་རུག་རུག་མཛད་ནས་བོད་ཡིག་འདོན་ཀློག་སོགས་བསླབ་གནང་བས་ཕྲུ་གུ་མང་ཆེ་བས་བོད་ཡིག་ཀློག་འདོན་ཐུབ་པ་བྱུང་། དུས་དེར་ཡུལ་མི་རྣམས་ནས་ཁོང་ལ་དགོན་འདིའི་བླ་མ་གནང་རྒྱུའི་རེ་བསྐུལ་ཡང་ཡང་ཞུས་ནའང་སྐབས་དེར་ཁོང་ཉིད་ནས་རྩ་བའི་བླ་མ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་དགོངས་ཁྲོལ་མ་བྱུང་བར་དགོན་འདིའི་བླ་མ་བྱ་རྒྱུ་ཁས་མ་བླངས།

ལོ་དེའི་རྗེས་མ་ཕྱི་ལོ་ ༡༩༩༢ ལོར་ཁོང་ཉིད་རྒྱ་གར་དུ་ཕྱིར་ཕེབས་སྐབས། མཚོ་ཡུལ་གྱི་མི་དཔོན་ཏྲེ་སྟོན་པ་སངས་ཚེ་རིང་ཁོང་གི་ལྷན་དུ་རྒྱ་གར་སྨན་རིའི་དགོན་དུ་ཆེད་གཉེར་གྱིས་བཅར་ཏེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཇལ་ཞིང།མཁན་པོ་ཁོང་མཚོ་ཡུལ་མཐའ་སྲུང་དགོན་གྱི་བླ་མར་མངག་གཏོང་དགོས་ཚུལ་སོགས་ཀྱི་ཞུ་བ་ཡང་ཡང་ཕུལ་བ་ལྟར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེས་ཀྱང་ཡུལ་སྡེའི་རེ་འདུན་བཞིན་ཞལ་བཞེས་གནང། དེ་ནས་བཟུང་ཁོང་གིས་མཐའ་སྲུང་མཚོ་གླིང་དགོན་གྱི་བླ་མའི་འགན་བཞེས་གནང་། སྟོད་ཕྱོགས་དོལ་པོའི་དགོན་སྡེའི་རང་རང་ལུགས་ལ་དམིགས་བསལ་ལོ་གསུམ་ཟླ་གསུམ་ཞེས་སྒྲུབ་པ་ཉམས་ལེན་གྱི་ཐུན་མཚམས་སྐྱེལ་ཚུལ་ཡོད་པར་ལྟར། ཁོང་ནས་ཀྱང་མཚོ་ཡུལ་གྱི་སྔགས་འཆང་བ་གསར་པ་རྣམས་ལ་སློབ་ཁྲིད་ལམ་སྟོན་དང་སྦྲགས་ལོ་གསུམ་སྒྲུབ་པ་དབུ་བཙུགས་གནང་བ་མ་ཟད་སྒྲུབ་པ་ཐེངས་གཉིས་ཙམ་ལ་ཁོང་རང་གིས་ལམ་སྟོན་དང་། སློབ་ཁྲིད་གཟིགས་སྐྱོང་འོག་འདོན་ཀློག་དང་བསགས་སྦྱོང་། བསྙེན་སྒྲུབ་ཉམས་ལེན་ཐུན་སྒོམ་སོགས་ཚུལ་བཞིན་བསྐྱངས་གནང་མཛད་ཡོད།

དེ་བཞིན་ཁོང་གིས་དཀའ་བ་དང་ལེན་གྱིས་ཐབས་ཤེས་གནང་སྟེ་དགོན་གྱི་གསས་ཁང་སྔར་གྱི་རྙིང་པ་དེ་རང་སར་བཞག་ནས་དེའི་འགྲམ་དུ་གསས་ཁང་ངམ་མཆོད་ཁང་གསར་བ་ཐོག་བརྩེགས་གཉིས་ཅན་ཞིག་ཀྱང་བཞེངས་བསྐྲུན་མཛད་པ་དང་ནང་རྟེན་རྣམས་གང་ལ་གང་འཚམས་ཀྱི་བཀོད་པ་ལེགས་པར་གྲུབ་ཐུབ་པ་གནང་ཡོད། ད་དུང་ཡང་དགོན་པ་འདིའི་སྔགས་བཙུན་ཕོ་མོ་ཁྱད་མེད་ལ་སྔོན་འགྲོ་དངོས་གཞི་དང་། མཚམས་བསྙེན་སྒྲུབ་བཞུག་མཁན་རྣམས་ལ་ཁྲིད་གདམས་དང་། དབང་ལུང་སོགས་བོན་འབྲེལ་ཟབ་མོ་གནང་དང་གནང་མུས་མ་ཟད་མཚོ་ཡུལ་དང་སྤུངས་མོ་ཡུལ་དེའི་ཉེ་འཁོར་གྱི་ལྷ་སྡེ་རྣམས་ལ་ཞབས་རིམ་སོགས་ཕན་བདེ་ཟབ་མོས་མཛད་འཕྲིན་སྐྱོང་བཞིན་ཡོད་པ་བཅས་མཁན་པོ་བསམ་འགྲུབ་ཉི་མ་རིན་པོ་ཆེ་ཡི་ལོ་རྒྱུས་སྙིང་བསྡུས་འདི། དགེ་བཤེས་བློ་གྲོས་མཆོག་ལེགས་ནས་མཐུན་འགྱུར་གནང་།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 178 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བོན་སྡེ་ལྷ…
error: རྩོམ་འདི་བདག་དབང་ཅན་ཡིན།