ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་གཤེན་བསྭོ་སྒྲའི་ཐུགས་སྨོན་འཚམས་འཕྲིན།

མེ་ལོང་ཡེ་ཤེས་དྲ་བ་ཨེ་མ་ཧོ།

མི་ཡུལ་འདི་ཡི་མཐོ་ཤོས་སྒང་པའི་རྩེར།།
མི་བོ་ཆེ་ཞེས་འཇིག་རྟེན་མཐོང་སྐྱོང་དང་།།
དེ་ལས་འདས་པ་མ་བཅོས་ལྟ་བའི་ཕུལ།།
སྟོན་མཛད་ལུགས་གཉིས་གཟིགས་པ་གཤེན་རབ་མཆོག།

       དེ་ཡང་སྔོན་ཞང་ཞུང་གི་ཡུལ་ཨི་ཤོ་ད་ན་ལ། ཤིང་ཨ་པར་ལྗོན་པའི་ཚལ་གསེབ་ཡོད་དུས་འོམ་པོ་སྒོ་བཞིའི་རྩེ་མོའི་བྱ་རུ་མཁའ་དབྱིངས་སུ་རྔམ་ཡོད་ལ། ཡེ་ཡོད་ནམ་མཁའི་བ་མོ་ཆེ་ལས་ལུས་སྲོག་གསོ་བའི་རིག་པ་བྱུང་དུས་འདོད་འཇོའི་བ་ཡི་འོ་དྲི་གངས་ཁྲོད་ནས་མྱོང་ཡོད་ཅིང་། ས་བདག་གསེར་གྱི་རུ་སྦལ་ལས་གབ་རྩེ་འཕྲུལ་གྱི་མེ་ལོང་བྱུང་དུས་བསྐལ་སྲིད་ཆགས་པའི་བརྡ་གླུ་རི་རྩེ་ནས་བླངས་ཡོད། ད་དུང་ཡང་སྤྱི་རྒྱ་རླབས་གཅོད་ཀྱི་ལྟ་བ་ཡེ་རིག་གིས་མཇལ་དུས་སྲིད་པའི་ཁྱུང་ཆེན་གྱི་ནམ་འཕང་དགུང་སྔོན་དུ་བཀྱགས་བཞིན།  བ་སྦལ་ཁྱུང་གསུམ་གྱི་ཆོ་རབས་མི་ཡུལ་ནས་བསྒྲགས་ཏེ་རྒྱུ་འབྲས་ལ་ཆེན་སྡེ་གསུམ་བོན་ལུགས་སུ་བྱུང་བས་མ་ཟད། གནའ་རབས་འདི་ནི། རི་བོ་གངས་ཆེན་ཏི་སེའི་རྔམ་ཟིལ་འཛམ་གླིང་དུ་མངོན་པའི་འགོ་ཚུགས་པ་ནས་ཡེ་སྲིད་གཡུང་དྲུང་གི་བྱིན་རླབས་ཀྱི་རྒྱུན་ལྡན་དུ་སྒྲུང་རབས་ཙམ་དུ་མ་ཡིན་པར་གཤིས་ཀྱི་བདེན་དོན་ལས་རང་བཞིན་གྱིས་བརྡོལ་ཡོད་པ་ནི་སྲིད་པ་རྒས་པོའི་སྙིང་གསང་དུ་ལྷང་ངེར་གསལ་བ་ལགས་སོ།། དེ་ལྟ་ནའང་། བྱས་པ་ཅན་གྱི་གཉའ་ལ་མི་འགྲོ  ཆག་སྒོ་ཅན་གྱི་གཉའ་ལ་འགྲོ་ཞེས་པའི་དཔེ་ལྟར་དུ། སྲིད་པའི་རང་ཚུགས་སམ་རིགས་ཀྱི་བླ་རྟགས་ཨ་གསར་དང་བྱད་འགོང་གིས་རྨང་ནས་འཕྲོག་ཅིང་རྩ་ནས་བསྐམས་ཟིན་པའི་རྒྱལ་བློན་གདུག་པ་ཅན་རེ་འགའི་ས་འོག་བྲིང་རྐྱོང་གི་བློ་ངན་གྱིས་ཞང་ཞུང་འོམ་པོའི་མཁར་གྱི་བྱ་རུ་ས་ལ་ཕབ་ཅིང་། ཡེ་ཡོད་བ་མོའི་རྩི་འོ་མངར་མོ་རྫས་སྦྱོར་གྱིས་བསླད་དེ། སྤྱི་རྒྱ་རླབས་གཅོད་ལྟ་བའི་ཁྱུང་ཆེན་དགག་སྟོང་གིས་བཀབ་ནས། ཨ་པར་ལྗོན་པའི་ནེ་ཐང་ཡང་འབག་བཙོག་གི་སྙིགས་རོས་མིང་ཡང་མེད་པར་བཟོས་པ་ནི་གསབ་ཏུ་མེད་པའི་གྱོང་གུད་ཅིག་གམ་གསོབ་ཏུ་མེད་པའི་འགྱུ་རོང་ཞིག་ཏུ་གྱུར་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་གི་ནག་མདངས་ཆེ་ཤོས་དེ་ཡིན་པར་གསལ་ཐིང་ཐིང་དུ་ཡོད། འོན་ཀྱང་དགའ་འོས་པ་ཞིག་ནི། ནམ་ལང་ཁའི་སྐྱ་རེངས་ཤིག་གམ། མར་མེ་ནུབ་ཁའི་འོད་ཆེན་གཉིས་གང་ཡིན་ཆ་མི་འཚལ་པའི་དེང་གི་དུས་འདིར་འཛམ་གླིང་བོན་གྱི་ཉི་དང་ཟླ་བའི་འོད་མདངས་རིང་མོ་ཕྱོགས་ནས་ཕྱོགས་སམ་རྒྱལ་ཁབ་ནས་རྒྱལ་ཁབ་ཏུ་འཕྲོས་པའི་ཉེར་ལེན་ལས། བོན་བཤད་པོ་ཏི་སྔོན་པོའི་དཔར་རླབས་བྱེ་མའི་གྲངས་ལས་བརྒལ་ཅིང་། འཆད་ངག་འདབ་ཐིག་མགྲིན་གླུ་ལྷོ་རྒྱུད་ནས་བྱང་ཕྱོགས་སུ་ལྡང་པའི་རྒྱུན་གྱི་གསོས་ལས། བཤེས་གཉེན་སྲིད་པའི་མིག་ཅན་དུ་མ་སྤང་གི་མེ་ཏོག་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་འཕྲིན་ལས་དག་ནི་འཛམ་གླིང་གི་ཉི་འོད་གཉིས་པའམ། ཆར་རྒྱུན་གྱི་སྣུམ་བག་ཅན་ཞིག་ཅིས་ཀྱང་ཡིན་པས། འདི་སྟེ། བྱང་རྒྱུད་བྲག་དམར་མེ་རིའི་རྫོང་ཆེན་ནས་གྲགས་པའི་བསྭོ་སྒྲ་དེའི་རྒྱུན་གྱི་མཆེད་ཁུངས་ཚང་<<བོན་གཤེན་བསྭོ་སྒྲའི་རྩོམ་སྒྲིག་ཁང>>གིས་དགའ་བའི་སྐད་དམ་མགུ་བའི་དབྱངས་སུ་གྱེར་ཏེ་ཐོལ་གྱིས་ཕུལ་བ་ནི། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་སུ་བཞུགས་ཏེ། དུས་ཀྱི་སྟོན་པ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་རིས་མེད་ཀུན་སྙོམ་ནོར་བུའི་གཤིས་ཀྱི་རླབས་ཆེན་འཕྲིན་ལས་ཕྲག་བརྒྱ་བླ་ནས་བླ་རུ་བཀུར་ཏེ་ཕྱོགས་ནས་ཕྱོགས་སུ་སྤེལ་བའི་རབ་འབྱམས་གཤེན་ཚོགས་རྣམ་པས་ཡེ་སྲིད་བོན་གྱི་བདེན་བདར་དུ་གཉེར་བའི་<<མེ་ལོང་ཡེ་ཤེས་དྲ་བའི>>འཆར་མཐོངས་རབ་ཏུ་གསལ་ཏེ། ཕ་བོན་དྲུང་མུ་གྱེར་རམ་སྲིད་པ་ཧོས་ཀྱི་རིག་གཞུང་འདི་ཡི་བོན་ཉིད་བདེན་པ་ཆེན་པོ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཕྱི་གསལ་ནང་གསལ་དུ་མཆེད་པའི་རྟེན་འབྲེལ་དུ་གྱུར་ཅིག

བོན་གཤེན་བསྭོ་སྒྲའི་རྩོམ་སྒྲིག་ཁང་ནས་ཕུལ།༢༠༡༥/༩/༢༥

(སྤྱིའི་གཟིགས་གྲངས། 123 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།