ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་གཤེན་བསྟན་པའི་གསལ་བྱེད་སེམས་དཔའ་སྨན་རི་བ།

རྒྱལ་གཤེན་བསྟན་པའི་གསལ་བྱེད་སེམས་དཔའ་སྨན་རི་བ།

 

ཞང་ཞུང་བ་དུས་སྨྱུག

 

ལྷ་ཡི་རྫིང་རིང་མར་ཞབས་རབ་དྭངས་སྣ་ཚོགས་འཛིན་མའི་ཡང་སྟེང་ན། །

འཛམ་བུ་གླིང་སོགས་ཁྱད་པར་རང་རེ་བསིལ་ལྡན་ཁ་བ་གངས་ཅན་ཡུལ། །

མེས་པོ་གཤེན་རབ་ཚང་གི་ཕ་ནོར་བོན་བསྟན་འཛིན་པའི་གཙུག་གི་རྒྱན། །

ཐེག་དགུའི་བང་མཛོད་སྨན་རི་ཚང་གི་ཡོངས་འཛིན་སྨྲ་བའི་སེང་གེར་འདུད། །

 

རང་བཞིན་རྣམ་དག་ངོ་བོ་སྤྲོས་བྲལ་བོན་གྱི་སྐུ་ལས་མ་གཡོས་ཀྱང་། །

སེམས་དཔའི་སྣང་ངོར་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །

གང་ལ་གང་འདུལ་མ་ངེས་ལྔ་ལྡན་ཅིར་ཡང་སྤྲུལ་པའི་སྐུ་མཆོག་མཚན། །

གསང་གསུམ་བོན་གྱི་མཛོད་འཛིན་ཁྱེད་ནི་དུས་ཀྱི་སྟོན་པ་ཐོད་དཀར་སྲས། །

 

གཡས་རུ་རྒྱུད་དུ་གཡག་ཆེན་ཕུག་ཅེས་བཀྲ་ཤིས་སྨན་གྱི་རི་བོ་རུ། །

འདུས་སྡེ་སེམས་དཔའ་སྐར་ཚོགས་དབུས་སུ་དགྱེས་བརྩེའི་འཛུམ་དཀར་འབུམ་གཡོ་ཞིང་། །

ཐེག་དགུའི་ཁྲི་འཕང་བརྩེ་བས་བསྐྱངས་ཏེ་འགྲོ་མུན་སེལ་བའི་འོད་དཀར་ཅན། །

ལུང་དང་རིགས་པའི་མངའ་བདག་ཁྱེད་ནི་ལྷག་པའི་ལྷ་མཆོག་སྨྲ་བའི་སེང་། །

 

གཙང་མ་གཙུག་ཕུད་སྡོམ་ཁྲིམས་བཞེས་ནས་ཇི་སྲིད་འཚོ་བ་དེ་ཡི་བར། །

བསྲུང་བའི་ཁྲིམས་རྣམས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་འཛིན་ཞིང་། །

གངས་གླིང་གཤེན་གྱི་འདུ་རྭར་རྣམ་དག་འདུལ་འཛིན་བྱེ་བ་གྲངས་མང་ཡང་། །

བསྲུང་ཁྲིམས་རྣམ་དག་སེམས་དཔའ་ཁྱེད་ནི་གཡུང་དྲུང་གཙུག་གཤེན་རྒྱལ་བའི་མཚན། །

 

དོན་དམ་བོན་ཉིད་བོན་ཉིད་སྟོང་བར་རྟོགས་པའི་ཇི་ལྟ་བ་ཡི་མཁྱེན་པ་རྒྱས། །

ཀུན་རྫོབ་བོན་ཀུན་གསལ་བར་མཁྱེན་པའི་ཇི་སྙེད་པ་ཡི་ཡེ་ཤེས་ལྡན། །

རྒྱུད་གསུམ་བསྟན་པའི་འདུས་སོ་བསླབ་གསུམ་བསྟན་པའི་བདག་པོ་སྲིད་པའི་མགོན། །

སེར་པོ་གསེར་གྱི་ཉི་མ་ཁྱེད་ནི་རྒྱན་དྲུག་ཞལ་ཚབ་མཉམ་མེད་པ། །

 

ཐོས་བསམ་སྒོམ་གསུམ་སྒྲུབ་པའི་རྒྱལ་མཚན་འཆི་མེད་ལམ་གྱི་དབྱིངས་ལ་ཕྱར། །

འཆད་རྩོད་རྩོམ་གསུམ་གནས་ལྔའི་འཁོར་ལོ་ས་ཆེན་གོ་ལའི་ལྗོངས་སུ་བསྐོར། །

དབང་ལུང་ཁྲིད་གསུམ་བསྟན་པའི་ཆུ་བཞི་མདོ་དབུས་མཐོ་སྒང་ཕྱོགས་སུ་བཞུར། །

སྐྱབས་གནས་མཆོག་གསུམ་ཀུན་འདུས་ཁྱེད་ནི་སྨྲ་དབང་ཀུན་མཁྱེན་ཉི་མ་དངོས། །

 

འཛམ་གླིང་ཤར་ནུབ་མཁས་པའི་དབུས་སུ་མཁྱེན་རྩལ་རྫོགས་པའི་བློ་གྲོས་ཀྱིས། །

རིགས་གཞུང་སྤྱི་དང་དྲུང་མུ་གྱེར་གྱི་སྡེ་སྣོད་གཞུང་བརྒྱ་ལྟ་གྲུབ་སྐོར། །

འཆད་དེ་རིགས་སྨྲ་དཔྱོད་ལྡན་དག་ལ་ཐུགས་མཆོག་རྒྱས་པའི་མཆོད་སྤྲིན་ཕུལ། །

ཐམས་ཅད་མཁྱེན་པའི་དཔོན་གསས་ཁྱེད་ནི་གངས་རིའི་ཚིག་མཛོད་ཆེན་མོ་ཡིན། །

 

གཞིས་ཁྱིམ་དབུལ་བའི་ཡུལ་གྱར་བུ་ལ་ཚད་མེད་བརྩེ་བས་ཁྱིམ་གཞིས་བསྐྲུན། །

བླ་མེད་སྙིང་རྗེས་རྒྱུ་མེད་བུ་ལ་མདོ་སྔགས་རྫོགས་ཀྱི་དངོས་གྲུབ་བསྩལ། །

ཐེག་ཆེན་སེམས་ཀྱིས་རྟག་ཏུ་འགྲོ་བ་ཀུན་ལ་བྱམས་དང་བརྩེ་བས་གཟིགས། །

རྒྱལ་གཤེན་བསྟན་པའི་ཀ་ཆེན་ཁྱེད་ནི་བོན་འབངས་ཡོངས་ཀྱི་ཕ་མ་ཡིན། །

 

ཀྱེ་མ་ཀྱེ་ཧུད་བོན་གྱི་སྐྱབས་མགོན་འཛུམ་ཞལ་རྟ་བདུན་དབང་པོའི་མདངས། །

མི་རྟག་ཚུལ་བསྟན་རེ་ཞིག་ཆུ་འཛིན་དཀར་པོའི་ཕག་ཏུ་ཡིབ་ན་ཡང་། །

སྐུ་གསུམ་སྤྲུལ་བའི་ཡང་སྤྲུལ་ཉི་མ་གཞོན་ནུ་སླར་ཡང་ཏི་སེའི་རྩེར། །

འཆར་བའི་སྐྱོ་གདུང་དྲག་པོས་སོར་བཅུ་ཐུགས་ཀར་གཏད་དེ་གསོལ་འདེབས་ཞུ། །

 

2025/6/25ཉིན་གདན་ས་བཀྲ་ཤིས་སྨན་རི་ནས།

(སྤྱིའི་གཟིགས་གྲངས། 118 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སངས་ར…
error: རྩོམ་འདི་བདག་དབང་ཅན་ཡིན།