རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གདུང་སེམས་མཚོན་པའི་འཚམས་འཕྲིན།
༄༅། །སྙིགས་དུས་འགྲོ་བའི་མགོན་སྐྱབས་ཞྭ་དཀར་བསྟན་པའི་སྒྲོན་མེ་བརྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ནི། ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ཉེར་དྲུག་ལོར་ཞང་ཞུང་སྒོ་པ་ཁྱུང་ཡུལ་དུ་སྐུ་འཁྲུངས་པ་ནས་བཟུང་ཕྱི་ལོ་ཉིས་སྟོང་ཉེར་ལྔའི་བར་བགྲང་བྱ་བརྒྱ་ཡི་རིང་ཁ་བ་གངས་ཅན་པའི་བསྟན་པ་སྤྱི་དང་། ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་སྒོ་ཀུན་ནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་ཕྲིན་བླ་མེད་བསྩལ་མཛད་ཡོད་པ་དང་། བོད་རབ་གནས་ཤིང་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་བཅུ་དྲུག་ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་འཛིན་ལ་སུན་ཕྱུང་བའི་ཕྱིར་དུ་གནས་མཆོག་བྱེ་མ་རི་ཁྲོད་དུ་རེ་ཞིག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།
དེ་ཡང་དུས་ངན་སྙིགས་མ་ལྔ་བདོ་བའི་དུས་འདིར་རང་ཅག་ཁ་བ་རི་པའི་དྲི་མ་མེད་པའི་བསྟན་སྲིད་ལ། ནག་ཕྱོགས་ཀྱི་འཚེ་བས་ཕྱོགས་ཀུན་ནས་དྲག་ཏུ་མནར་ནས་ཆེས་ཉེན་ཚབ་ཆེ་བའི་དུས་འདིར། རང་རེའི་ཆོས་རྒྱུད་ཕན་ཚུན་སྐྱིད་ན་སྐྱིད་མཉམ། སྡུག་ན་སྡུག་མཉམ། ལེགས་ཉེས་ཅི་བྱུང་གི་ཁུར་པོ་མཉམ་ཁུར་ཡིན་པས། བསྟན་པའི་ཀ་ཆེན་ཞིག་འདི་ལྟར་འགྱེལ་ནས་ཡིད་སྐྱོ་བའི་གནས་ཚུལ་བྱུང་བ་འདི་ལ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ངོས་ནས་གཞིས་བྱེས་ཇོ་ནང་ཆོས་རྒྱུད་འཛིན་པ་ཡོངས་ཀྱི་ཚབ་བྱས་ནས་མྱ་ངན་གུས་འདུད་ཞུ།
དམ་པ་གང་ཉིད་ཀྱི་ཤུལ་ལུས་འཁོར་ཚོགས་ཡོངས་ལ་ཐུགས་གསོ་གྲངས་མེད་ཞུ་བ་དང་།༧མགོན་པོ་གང་ཉིད་ཐུགས་དགོངས་ཡོངས་སུ་རྫོགས་ཤིང་།ཡང་སྤྲུལ་མྱུར་དུ་བྱོན་ནས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་གྲངས་མེད་ཞུ།
རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༢༥ལོའི་ཟླ་བ་༦པའི་ཚེཟ་༡༥གུས་པས་ཕུལ་བ་ལགས།