ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྫོགས་པ་ཆེན་པོའི་དཔེ་དོན་རྟགས་གསུམ་གྱི་ཚུལ་བཤད་པ།

རྫོགས་པ་ཆེན་པོའི་དཔེ་དོན་རྟགས་གསུམ་གྱི་ཚུལ་བཤད་པ་ཉུང་ངུ་རྣམ་གསལ།

རྩོམ་པ་པོ། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན།

༧ སྣང་སྲིད་རྟེན་གཡོའི་ཆོ་འཕྲུལ་ཇི་སྙེད་པ།
ཐམས་ཅད་ཡེ་རིག་ཆེན་པོའི་ཤར་ལུགས་ཞེས།
ཚུལ་བཞིན་འདོམས་པའི་བླ་མ་ལྷག་པའི་ལྷས།
ཡིན་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས།

དེ་ཡང་ཞང་ཞུང་སྙན་རྒྱུད་རྒྱུད་བུ་ཆུང་བཅུ་གཉིས་ལས། ཇ༽ སེམས་ཀྱི་དཔེ་ནི་ནམ་མཁའ་འདྲ། ཉ༽ སེམས་ཀྱི་རྟགས་ནི་སེམས་ཉིད་ཡིན། ཏ༽ སེམས་ཀྱི་དོན་ནི་བོན་ཉིད་དོ། ཞེས་པས་དཔེ་དོན་རྟགས་གསུམ་གྱི་དོན་མདོར་བསྟན། ཡང་དེ་ཉིད་ལས། ཇ༽ བྱང་ཆུབ་སེམས་ནི་དཔེའི་མཚོན། དཔེའི་ནམ་མཁའ་འདུ་མ་བྱས། ནམ་མཁའ་སྟོང་པའི་ངང་ཉིད་ལས། གཞའ་སྤྲིན་ཁུ་རླངས་སྣ་ཚོགས་དང་། ཅི་ཡང་འཆར་ཅིང་ཅིར་ཡང་སྣང་། ནམ་མཁའི་ངང་དུ་གནས་ཤིང་ཐིམ། མཐའ་དབུས་མདོག་དབྱིབས་ཕྱོགས་རིས་བྲལ། ཡང་དག་དོན་ལ་མཚོན་དུ་མེད། མཚོན་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཉ༽ བྱང་ཆུབ་སེམས་ཀྱི་གཏན་ཚིགས་ནི། དམན་པའི་སེམས་ཀྱིས་མི་ཤེས་ཏེ། གཏན་ཚིགས་གསུམ་གྱིས་ཤེས་པར་བྱའོ། ངང་དང་རང་བཞིན་བདག་ཉིད་གསུམ། ངང་ནི་རིག་པ་ཅིར་ཡང་གསལ། རང་བཞིན་རིག་པ་ཅི་ཡང་སྟོང་། བདག་ཉིད་གསལ་སྟོང་གཉིས་སུ་མེད། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། སེམས་ཉིད་སྟོང་པ་རྩ་བྲལ་ལ། སེམས་དང་སེམས་འབྱུང་ཅི་ཤར་ཡང་། སེམས་ཉིད་ངང་དུ་གནས་ཤིང་ཐིམ། སེམས་ཉིད་གཟུང་འཛིན་མཐའ་དང་བྲལ། མཁའ་ལ་ཉི་མ་ཤར་བ་འདྲ། གསལ་སྟོང་ཟུང་འཇུག་དབྱེ་རུ་མེད། དབྱེར་མེད་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཏ༽ དོན་དམ་བོན་ཉིད་སྐྱེ་བ་མེད། སྐྱེ་བ་མེད་པའི་བོན་དབྱིངས་ནས། བོན་དང་བོན་ཅན་ཐམས་ཅད་ཀྱང་། ཅི་ཡང་འཆར་ཞིང་ཅིར་ཡང་སྣང་། བོན་ཉིད་ངང་དུ་གནས་ཤིང་ཐིམ། བོན་ཉིད་དོན་ལ་སྐྱེ་འགག་མེད། བོན་ཉིད་དོན་ལ་ཕྱོགས་རིས་མེད། བོན་ཉིད་དོན་ལ་བརྗོད་དུ་མེད། བརྗོད་བྲལ་ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཞེས་པས་དཔེ་དོན་རྟགས་གསུམ་གྱི་དོན་རྒྱས་པར་བསྟན་པ་ཡིན་ནོ། དེའི་དོན་ཅུང་ཟད་བཤད་ན། དེ་ཡང་ནམ་མཁའ་བྱང་ཆུབ་སེམས་ཀྱི་དཔེ་དང་། སེམས་ཉིད་དེའི་རྟགས། བོན་ཉིད་དེའི་དོན་བཞག་པར་དེའི་དོན་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་ནི། སྟོང་པ་མཐའ་དང་དབུས་མེད་པ་ཕྱོགས་མཚམས་མེད་པ་སྣང་སྲིད་ཀུན་ལ་ཁྱབ་བདལ་དུ་གནས་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་ཀྱི་རྩོམ་གཞི་མེ་ཆུ་ས་རླུང་སོགས་སྣང་ཞིང་སྲིད་པའི་བོན་ཐམས་ཅད་དང་པོར་དེའི་ཀློང་ནས་བྱུང་ཞིང་། བར་དུ་དེར་གནས། ཐ་མར་དེའི་ཀློང་དུ་ཐིམ་པ་དང་། དེར་མ་ཟད་རང་རེ་སོ་སོ་སྐྱེ་བོའི་དབང་པོ་མངོན་སུམ་གྱི་ཡུལ་དུ་གྱུར་པ་ནི། གཞའ་དང་སྤྲིན། ཁུ་རླངས་དང་ཁ་ཆར། ཐོག་སེར་དང་བུ་ཡུག །གློག་དང་འབྲུག་སྐད་སོགས་ནམ་མཁའི་ཆོ་འཕྲུལ་ཐམས་ཅད་སུས་ཀྱང་འགོག་མི་ཐུབ་པར་ནམ་མཁའ་སྟོང་པའི་ཀློང་ནས་རང་ཤུགས་ཀྱིས་རྡོལ་ཞིང་དེར་གནས་དེར་ཐིམ་པ་ནི་དཔེར་བཞག་པ་ཡིན། དེ་བཞིན་དུ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་ཉིད་ཕྱི་ནང་ཡུལ་ཤེས་ཀྱིས་བསྡུས་པའི་བོན་ཀུན་དང་པོར་བྱུང་ཡང་གཞི་དེ་ལས་བྱུང། བར་དུ་གནས་ཀྱང་གཞི་དེ་ལ་གནས། ཐ་མར་ཐིམ་ཡང་གཞི་དེ་ལ་ཐིམ་པའོ། དེའི་ཕྱིར་དེ་ལ་བོན་ཐམས་ཅད་ཀྱི་འབྱུང་གནས་ཐིམ་གཞི་དང་། བོན་ཐམས་ཅད་རང་འབྱུང་ཡེ་ཤེས་གྱི་ཤར་ལུགས་དང་། དེའི་ཆོ་འཕྲུལ། དེའི་རོལ་པ། དེའི་རྩལ་སོགས་འདོད་དོ། རྩལ་ཞེས་པའི་གོ་དོན་ནི། དཔེར་ན་ཆུ་ནང་དུ་ཤར་བའི་གཟུགས་བརྙན་ཐམས་ཅད་སྣང་ཚུལ་མི་འདྲ་བ་སྣ་ཚོགས་སུ་སྣང་ནའང་གང་སྣང་ཐམས་ཅད་ཆུ་ལས་གཞན་དུ་མ་གྱུར་བ་བཞིན་དུ། སྣང་སྲིད་འཁོར་འདས་ཀྱི་བོན་ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི་ཤར་ལུགས་ཡིན་པས་དེ་ལས་གཞན་དུ་གྱུར་པ་ནི་གང་ཡང་མེད་པའི་དོན་ནོ། དེ་ཡང་རང་འབྱུང་ཡེ་ཤེས་དེ་ཕྱིའི་ཡུལ་གྱི་བསྡུས་པའི་བོན་མེ་ཆུ་ས་རླུང་སོགས་འབྱུང་བ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་བོན་དང་དྲུག་སོགས་བོན་ཅན་མཚན་མར་སྣང་བ་ཐམས་ཅད་ལ་ཁྱབ་པའི་ཆ་ནས་བོན་ཉིད་དང་། ནང་གི་སེམས་ཀྱིས་བསྡུས་པའི་བོན་གཙོ་སེམས་བརྒྱད་དང་། སེམས་འབྱུང་ལྔ་བཅུ་རྩ་གཅིག །ཀུན་རྟོག་བརྒྱད་ཅུ་གྱ་ལྔ། རྟོགས་ཚོགས་བརྒྱད་ཁྲི་བཞི་སྟོང་སོགས་སེམས་ཀྱི་རྣམ་གྲངས་ཇི་སྙེད་ཐམས་ཅད་ལ་ཁྱབ་པའི་ཆ་ནས་སེམས་ཉིད་ཅེས་བྱ། འོ་ན་རང་འབྱུང་ཡེ་ཤེས་སམ་རང་རིག་ཡེ་ཤེས་ཞེས་པ་དེ་གང་འདྲ་ཞིག་ཡོད་ཅེ་ན། སྟོང་པ་ཡུལ་མེད་རང་གསལ་གྱི་སྙིང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་ཀྱི་འབྱུང་གཞིར་གྱུར་པའི་གསལ་སྟོང་གཉིས་སུ་མེད་པའི་རིག་པ་དེའོ། དེ་ནི་གསལ་བ་སྟོང་པའི་རང་བཞིན་དང་། སྟོང་པ་གསལ་བའི་རང་བཞིན། གསལ་སྟོང་གཉིས་མེད་དུ་གནས་པ། ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ་དང་ལྡན་པའོ། གཞི་དེ་སྟོང་པ་ཡིན་ཡང་གསལ་བྱེད་དམ་འཇལ་བྱེད་གཞན་ལ་མི་ལྟོས་པ་སྟོང་པས་སྟོང་པ་འཇལ་བའི་ངང་ཚུལ་ཅན་དེ་ལ་སྟོང་པ་འོད་གསལ་བའི་སྙིང་པོ་ཅན་དང་། སྟོང་པ་རང་གསལ་གྱི་སྙིང་པོ་ཅན་དང་། སྟོང་པ་འོད་མཐའ་མེད་པའི་སྙིང་པོ་ཅན་སོགས་མཚན་གྱི་རྣམ་གྲངས་མང་ངོ། སྤྱིར་རྫོགས་པ་ཆེན་པོའི་གཞུང་ལུགས་རྣམས་སུ་ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ་གྱི་འགྲེལ་ཚུལ་ཕྲན་ཙམ་མི་འདྲ་བར་སྣང་ཡང་། གཞུང་འདིའི་བཞེད་ཚུལ་ནི། གཞི་དེའི་གསལ་ཆ་ལ་ངང་དང་། སྟོང་ཆ་ལ་རང་བཞིན། གསལ་སྟོང་གཉིས་སུ་མེད་པའི་ཆ་ལ་བདག་ཉིད་ཅེས་བྱའོ། སྣང་ཞིང་སྲིད་པའི་བོན་ཐམས་ཅད་སེམས་ཉིད་གསལ་སྟོང་གཉིས་སུ་མེད་པ་ལས་གཞན་དུ་གྱུར་པ་གང་ཡང་མེད་ནའང་། ད་ལྟ་རང་རེ་ལས་དང་པོ་བས་གནས་ལུགས་དེ་ཕྱི་དངོས་པོའི་ཐོག་ནས་བཙལ་ན་རྙེད་མི་སྲིད་པ་དང་མཐོང་མི་སྲིད་པ་ཡིན། འོ་ན་ཇི་ལྟར་བྱས་ནས་གནས་ལུགས་དེ་འཐོང་བར་འགྱུར་ཞེ་ན། ཁ་ནང་དུ་བསྐོར་ནས་གློ་བུར་དུ་སྐྱེས་པའི་དྲན་རྟོག་ལ་བལྟས་ཙམ་བྱས་པས་བལྟ་བྱ་དང་བལྟ་བྱེད། བལྟ་ཡུལ་དང་སྤྱོད་ཡུལ་ཐམས་ཅད་རང་ཡལ་དུ་ཡལ། རང་བརླག་ཏུ་བརླགས། རང་གྲོལ་དུ་གྲོལ་ཏེ་ཅི་ཡང་སྨྲ་མ་ཤེས་པ། བསམ་མ་ཤེས་པར་ཧ་ཕྱོད་དེ་དྭངས་སང་ངེ་སྟོང་ཧར་རེར་ལུས་པ་དེ་ལ་གནས་ལུགས་མཐོང་བའམ་སེམས་ཉིད་མཐོང་ཞེས་བྱ་སྟེ། རྫོགས་ཆེན་ལུང་དྲུག་ལས། དེ་ཡིན་དེ་ལ་ཆོར་ཏེ་ལྟོས། བལྟས་པས་མཐོང་བ་ཅི་ཡང་མེད། དེ་ཡིས་དེ་ཉིད་མཐོང་བ་ཡིན། ཞེས་སོ། དེ་ལ་རྫོགས་པ་ཆེན་པོའི་གཞུང་རྣམས་སུ་ད་ལྟའི་རིག་པ་རང་གསལ་འཛིན་མེད་ས་ལེ་བ་སྤྲོ་དགའ་དང་བཅས་པ་དྭངས་སེང་ངེ་བ་དཔེར་ན་དིག་མས་བུ་རམ་ཟོས་པའམ། ན་ཆུང་མས་བདེ་བ་མྱོང་བ་ལྟ་བུའོ་ཞེས་བཤད་དོ། དེ་ལ་རྟགས་སེམས་ཉིད་ཅེས་བརྗོད། དེ་ལྟའི་གཞི་ལ་ཐར་པའི་ལམ་ལྔ་དང་། ཕ་རོལ་ཕྱིན་པ་བཅུ། བསྐྱེད་རྫོགས་སོགས་མདོ་སྔགས་ཀྱི་ཉམས་ལེན་ཐམས་ཅད་ལྷུན་གྲུབ་དུ་རྫོགས་པའི་ཚུལ་ནི། དཔེར་ན་ཏིལ་ལ་སྣུམ་ལྷུན་གྲུབ་ཏུ་ཡོད་པ་དང་། འོ་མ་ལ་མར་རང་བཞིན་གྱིས་ཡོད་པ་ལྟ་བུའོ། རྫོགས་ཆེན་ལུགས་ལ་སྒྲིབ་པ་སྤོང་ཚུལ་ནི། སྤང་གཉེན་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་སོང་བའི་ཚུལ་མ་ཡིན་པར་གོང་གི་རིག་པའི་ཡེ་ཤེས་ལ་གོམས་འདྲིས་སོང་རིམ་བཞིན་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཞི་མེད་རྩ་བྲལ་དུ་གྲོལ་བ་ཡིན་ནོ། མདོར་བསྡུས་ན། ནམ་མཁའ་སྟོང་པས་སྣང་སྲིད་ཐམས་ཅད་ཀྱི་གཞི་བྱེད་པ་དེ་དཔེ་ཡིན། དེ་བཞིན་དུ་བོན་ཉིད་ཀྱིས་ཤེས་བྱས་བསྡུས་པའི་བོན་ཐམས་ཅད་ཀྱི་གཞི་བྱེད་ཅིང་ཤེས་བྱས་བསྡུས་པའི་བོན་ཐམས་ཅད་བོན་ཉིད་སྟོང་པ་ཆེན་པོའི་རང་བཞིན་ལས་འདའ་བ་མེད་པ་དེ་དོན་ཡིན། དེའི་ཚུལ་ད་ལྟ་ཁ་ཐུག་ཏུ་གོ་བརྡ་འཕྲོད་ཐུབ་པ་རྫོགས་པ་ཆེན་པོ་གཅིག་ཆར་བ་འགའ་ཞིག་མ་གཏོགས་མེད་པས། ལས་དང་པོ་བ་རང་རེ་ལྟ་བུས་རྟོག་པའི་ངོ་ལ་བལྟ་ནས་དེ་གྲོལ་ཤུལ་དུ་བཅོས་བསྒྱུར་སྤུ་ཙམ་མི་བྱེད་པར་རིག་པ་ངར་དང་ཆས་པ་འཛིན་མེད་དྭངས་སང་ངེར་གསལ་ཝལ་ལེར་གནས་པ་དེ་རྟགས་ཡིན། དེ་ལ་གོམས་འདྲིས་སོང་རིམ་བཞིན་དུ་དེའི་བརྒྱུད་ནས་ཕྱིའི་ཡུལ་སྟོང་པའི་གཟུགས་སུ་ཇེ་གསལ་དང་ཇེ་དག་ཏུ་འགྲོ་བས་མཐར་ལྷག་མ་མ་ལུས་པར་ཕྱིའི་སྣང་ཚུལ་ཐམས་ཅད་གསེར་གླིང་དུ་ཕྱིན་ལྟ་བུ་བོན་ཉིད་སྟོང་པ་ཆེན་པོའི་རང་གཟུགས་སུ་ཡིད་དཔྱོད་ལ་རག་མ་ལས་པར་མངོན་སུམ་དུ་གོ་བརྡ་འཕྲོད་པར་འགྱུར་བས་དེ་ལ་རྟགས་སེམས་ཉིད་ཅེས་བརྗོད་པའི་རྒྱུ་མཚན་དུ་གོའོ།

 ༧ དེའི་ཚུལ་ཡུན་རིང་གོམས་པའི་མཐུས།
དམར་རྗེན་ཚིག་གི་འཕྲེང་བས་དྲངས།
འོན་ཀྱང་རབ་རིབ་བློ་ཡི་རྡུལ།
ཀུན་བཟང་དགོངས་པའི་ཆུ་བོ་ཉིད།
༧ སྙོགས་པར་སྲིད་ན་སྟོབས་བཞིའི་ཀེ་ཏ་ཀས།
དྭངས་སྙིགས་རྣམ་པར་ཕྱེ་བ་དངོས་པོའི་གཤིས།
ཇི་ལྟར་བྱས་ཀྱང་དགེ་བའི་ཚོགས་སུ་འགྲོ།
དགེ་ཚོགས་ཕན་བདེའི་གཞི་རྩ་ཉིད་དུ་འགྱུར།

ཞེས་གཤེན་གྱི་རྣལ་འབྱོར་བ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་རྫོགས་པ་ཆེན་པོའི་དཔེ་དོན་རྟགས་ཀྱི་ཚུལ་གསལ་བར་བྲིས་ཞེས་བསྐུལ་མ་མཛད་པར་བརྟེན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་གྱིས་འཚོ་བའི་སྒོམ་གྲྭའི་མཁན་མིང་འཛིན་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་འབྱུང་ལྡན་པའི་ཟླ་ཐིག་རྩེ་མོའི་ཆུ་འབྲུག་ལོ་ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ཉིན་བྲིས་པས་བསྟན་འགྲོའི་དོན་དུ་འགྱུར་བར་གྱུར་ཅིག ། (མ་རྩོམ་ཡོང་ཁུངས། དྲང་སྲོང་ཟིན་བྲིས།)

(སྤྱིའི་གཟིགས་གྲངས། 695 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།