ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤིས་དབྱངས་མེ་ཏོག་ཚོམ་བུ།

རྩོམ་པ་པོ། ཏི་སེའི་བུ།

འཕྲུལ་གྱི་ལྷ་མོ་ཡིད་བཞིན་ཀུན་གྲུབ་མས།།
ཡོད་ཁམས་འཆིང་གྲོལ་བྱེད་པའི་དུས་རབས་འདིར།།
ནུབ་གླིང་ཚན་རྩལ་རིག་པའི་ཁྱིམ་རྒྱུད་ནས།།
ཤེས་བྱའི་མེ་ལོང་ཕྱར་བའི་བུ་དེ་རྒོད།།

གནམ་སའི་དཀྱིལ་འཁོར་བཟླུམས་པའི་འཇིག་རྟེན་དུ།།
དྲ་བའི་མུ་ཁྱུད་སྦྲེལ་བའི་བར་གསེང་ནས།།
ལམ་ལམ་མངོན་པའི་འཆར་སྣང་གསར་པ་འདི།།
རང་ངོ་རང་གིས་མཐོང་བའི་མེ་ལོང་ཡིན།།

ཉན་ན་གོ་བ་སྟེར་བའི་ཟབ་གདམས་མོད།།
མཐོང་ན་མིག་རྒྱ་བསྐྱེད་པའི་ལྟད་མོ་ཡག།
བསམ་ན་བློ་རིག་བཀྲ་བའི་མེ་ལོང་འདིས།།
དུས་ཀྱི་ཤེས་ཡོན་སེམས་ལ་འགྱེད་པར་ཤོག།

རི་མཐོ་ས་གཙང་གངས་རིའི་ཕ་ས་ནས།།
ས་སྐྱེས་རྡོ་སྐྱེས་དར་བའི་ཡུལ་གོམས་གཤིས།།
མཐོང་ཐོས་མྱོང་བའི་ཡི་ག་བྱེ་ཡོད་ན།།
བདེན་པའི་མེ་ལོང་འདི་ཉིད་མཐོང་བར་ཤོག།

རླབས་ཆེན་ཞང་ཞུང་རྒྱལ་པོའི་ཡིག་ཚང་དང་།།
བཙན་པོའི་ཞབས་རྗེས་དཔར་བའི་མེ་ལོང་འདིས།།
རིགས་དང་སྣང་བ་མཐུན་པའི་བརྩེ་གྲོགས་རྣམས།
དགྱེས་དང་དགྱེས་པ་ཆེན་པོ་བསྐྱེད་པར་ཤོག།

ལས་དབང་ཁ་ཕྱོགས་གཅིག་ཏུ་སྤྲེལ་བ་ཡི།།
ཕྱོགས་བཞུགས་གཡུང་དྲུང་ལྷ་ཡི་སྤུན་གྲོགས་ཚོ།།
འབྲེལ་ལམ་གསེར་ཟམ་བཙུགས་པའི་དྲ་ངོས་ནས།།
ལྷག་བསམ་འོད་ཀྱི་མེ་ལོང་ངོམ་པར་ཤོག།

ཤེས་བྱའི་ཕ་འབབ་གྱ་ནོམ་སྦྱིན་པ་ཡི།།
ཉེར་མཁོའི་མེ་ལོང་གསར་པའི་རང་མདང་ཉིད།།
ལྟ་བ་མིག་གི་དབང་པོའི་ཉེར་འཚོ་རུ།།
དུས་ནས་དུས་སུ་གཉུག་མར་གནས་པར་ཤོག།

      ཅེས་པ་འདི་ཉིད་གཡུང་དྲུང་བོན་གྱི་དྲ་བ་གསར་པ་༼མེ་ལོང་ཡེ་ཤེས༽ཀྱི་སྒོ་འབྱེད་སྐབས་སུ་བདག་ཏི་སེའི་བུ་ཡིས་བཀྲ་ཤིས་སྨོན་ལམ་དང་བཅས་ཏེ་ཕུལ་བ་ཐ་ཚན་མུ་ཙུག་སྨར་རོ།།

(སྤྱིའི་གཟིགས་གྲངས། 151 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།