ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤེས་རིག་ཕུན་ཚོགས་གླིང་དུ་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་དབུ་འབྱེད་མཛད་སྒོ་སྤེལ་བའི་གནས་བསྡུས།

 ཤེས་རིག་ཕུན་ཚོགས་གླིང་ནི་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་དགོངས་དང་མགོན་སྐྱབས་འོག་བཙུགས་པའི་རྒྱ་གར་ནུབ་སྦེང་གལ་མངའ་སྡེའི་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་།

དེ་ཡང་<<གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ>>དབུ་འཛུགས་ཞུས་པའི་བརྒྱུད་རིམ་ནང་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་བྱམས་བརྩེ་དང་གཞན་ཕན། བཟོད་པ་དང་ཐུགས་སྟོབས་ཀྱི་ཉམས་ལེན་གཞི་རུ་གནང་ནས་སྐུ་ཚེགས་འོ་བརྒྱལ་གྱི་རྔུལ་ཆུ་བཏོན་ཞིང་ཤེས་འཇོན་ནུས་གསུམ་གྱི་འབད་པ་ཁུར་དུ་བཞེས་པ་དང་། དེར་མཚུངས་ཤེས་རིག་ཕུན་ཚོགས་གླིང་གི་ལས་སྣེ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་ཞུས་པའི་ཕྱག་རྗེས་ལས་གཞི་རིམ་སློབ་གྲྭའི་ཁང་བརྩེགས་དང་། ནང་ཆས་རྣམས་ལེགས་གྲུབ་བྱུང་ཡོད། སློབ་གྲྭའི་ནང་བཅུད་དུ་བལ་བོད་དབྱིན་གསུམ་གྱི་སྐད་ཡིག་དང་རིག་གནས། ཚན་རྩལ་སོགས་དེང་དུས་ཀྱི་དགོས་སོ་ལྕོག་གི་སློབ་ཚན་རྣམས་ཀྱིས་གཙོས་གནའ་དེང་གི་ཤེས་བྱ་རིག་གནས་ཕུན་སུམ་ཚོགས་པ་ཞིག་སློབ་གཞི་གནང་བ་ལྟར་དེ་དག་གཞོན་སྐྱེས་སློབ་མ་རྣམས་ཀྱི་རྒྱུད་ཐོག་ཏུ་འབྱོར་ནས་རི་བོ་ཧི་མ་ལ་ཡི་གདགས་སྲིབ་ཀུན་ཏུ་ཤེས་རིག་གི་འོད་མདངས་ཀྱིས་ཕྱུག་པ་དང་། སྤྱི་ཚོགས་དང་མི་རིགས་ལ་ཕན་ཐོགས་པའི་མི་སྣ་གསོ་སྐྱོང་ཡོང་རྒྱུའི་ཐུགས་རེ་དང་སྨོན་འདུན་གནང་བཞིན་མཆིས།

ཉེ་བའི་ཆར་སློབ་མ་གསར་པ་དང་། དགེ་རྒན། ལས་མི་རྣམས་གནས་ཚད་དང་མཐུན་པར་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་བསྡུ་བསྐང་གནང་ནས་གྲྭ་སྒྲིག་འཐུས་ཚང་བྱུང་བ་དང་སྦྲགས་ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༢༩ རེས་གཟའ་ཕུར་བུ་ཉིན་སློབ་གྲྭ་དངོས་སུ་སྒོ་འབྱེད་མཛད་སྒོ་སྤེལ་གནང་ཡོད།

མཛད་རིམ་ལྟར་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འཐུས་ཚབ་རྣམ་པ། ཞུ་གཡུང་དྲུང་ཀུན་གྲགས་གླིང་གི་མཁན་པོ། སོག་གཡུང་དྲུང་གླིང་གི་མཁན་པོ། ཝར་ཎ་མཐོ་སློབ་ཀྱི་དགེ་རྒན་དགེ་བཤེས་ཕུན་ཚོགས་ཉི་མ་བཅས་ཀྱི་གཙོས་བླ་གྲྭ་རྣམས་ཀྱིས་བསང་གསོལ་འཕྲིན་བཅོལ་ཞུས་པ་དང་། དེ་མུས་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སློབ་ཕྲུག་རྣམས་ལ་ཁྲུས་གསོལ་གནང་། ཕྱག་ཚོད་ ༡༠ དང་སྐར་ ༣༠ ཐོག་དགེ་རྒན་དང་། ལས་མི་རྣམ་པ། ས་གནས་ཀྱི་སྐུ་མགྲོན་བཅས་ཕེབས་འབྱོར་བྱུང་རྗེས་སློབ་གྲྭའི་མདུན་ཐང་དུ་ལྷན་རྒྱས་འདུ་འཛོམས་གནང་། སློབ་ཕྲུག་རྣམས་ཀྱིས་རུ་བསྟར་བསྒྲིགས་ནས་ཐོག་མར་རྒྱལ་གླུ་བཏང་བ་དང་སྦྲགས་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་ལྕམ་སི་མོ་ནེ་Simone Beuerle ས་གནས་སྐུ་མགྲོན་གཙོ་བོ་ལྕམ་ཏཱ་རཱ་པ་དྷན་Tara Pradhanལགས་དང་། དད་སྦྱིན་Eric Beuerleབཅས་རྣམ་པ་བཞིས་ས་གནས་རྒྱལ་ཁབ་ཀྱི་དར་ཆ་དང་བོན་དར་གཉིས་ཕྱོགས་གཉིས་ནས་མཉམ་གཅིག་ཏུ་སྒྲོན་ཏེ་མེ་ཏོག་གི་སིལ་མ་གཏོར་བ་དང་། བླ་གྲྭ་རྣམས་དང་སློབ་ཕྲུག་ཐུན་མོང་ནས་བསྟན་རྒྱས་སྨོན་ལམ་དབྱངས་གཅིག་ཏུ་གྱེར་བཞིན་རྟེན་འབྲེལ་ཤིས་སྨོན་གནང་།

དེ་རྗེས་སྐུ་མགྲོན་གཙོ་བོ་རྣམས་ཀྱིས་རིམ་བཞིན་ལས་ཁང་དང་། སློབ་ཁང་ཁག་སོ་སོར་སྒོ་འབྱེད་གནང་ཞིང་མཉམ་མེད་བླ་མའི་གསོལ་འདེབས་རྗེ་མ་རིག་མུན་སེལ་ངག་ནས་སྐྱོར་བཞིན་སྒྲོན་མེ་སྤར་ཏེ་ཐུགས་སྨོན་གནང་།དེ་ནས་སྐུ་མགྲོན་རྣམས་མཛད་སྒོ་བསྐྱང་སའི་གསོལ་ཚིགས་ཁང་ཆེན་དུ་བཞུགས་གྲལ་ལ་འཁོད་པ་དང་། གཙོ་སྐྱོང་པ་སྐུ་ངོ་འཇིགས་གྲགས་ལགས་ཀྱིས་བྱོན་པ་ལེགས་གསོལ་དང་། མི་སྣ་ངོ་སྤྲོད་ཞུས་ནས་མཛད་རིམ་ལྟར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་། སྐུ་མགྲོན་གཙོ་བོ་ལྕམ་ཏཱ་རཱ་པ་དྷཱན་ Tara Pradhan དད་སྦྱིན་དབྱིས་རིག་ཨིརིག་བྷེའུ་རལ་ Eric Beuerle བཅས་རྣམ་པ་གསུམ་གྱིས་དབྱིན་སྐད་དང་། བལ་སྐད་སོ་སོའི་ལམ་ནས་གསུང་བཤད་གནད་བསྡུས་རེ་གནང་། དེ་རྗེས་སློབ་ཕྲུག་ཚོས་གཞས་དང་ཞབས་བྲོ་གཟིགས་མོ་ཕུལ། མཇུག་ཏུ་གཙོ་སྐྱོང་བས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཕུལ་རྗེས་སྐུ་མགྲོན་རྣམས་སློབ་གྲྭའི་འཛིན་ཁང་དང་ཕྱི་ནང་ཁོར་ཡུག་ལ་འཚམས་གཟིགས་ཕེབས། ཉིན་གུང་ཕྱག་ཚོད་ ༡༢ ༣༠ ཐོག་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། དགྱེས་བརྩེའི་གསུང་གླེང་དང་བཅས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་བ་དང་། ཕྱི་ཚེས་ ༣༡ ཉིན་དངོས་གཞི་སློབ་གྲྭའི་འཛིན་གྲྭ་དངོས་སུ་དབུ་ཚུགས་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་༢༠༡༨ ཟླ་༠༣ ཚེས་༣༠ ཉིན།

 

(སྤྱིའི་གཟིགས་གྲངས། 149 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།