ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གིས་༸བཀའ་ལུང་གསན་ཞུ་གནང་བའི་སྐོར་གྱི་གནས་བསྡུས།

ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༢༡ ཉིན་༸སྐྱབས་རྗེ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གིས་གཙོས་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་དང་། སྨན་རིའི་འདུས་སྡེའི་ལས་སྣེ་རྣམས་ཀྱིས་ཞོགས་པ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་མཇལ་ཕྱག་དང་བཅས་བཀའ་ལུང་ཁྲིད་གདམས་བཀའ་དྲིན་ཆེ་སྐྱོང་ཞུས་པ་དང་། ༸ཡོངས་འཛིན་མཆོག་གིས་སྔ་ཕྱི་ད་འབྱུང་གི་གནས་སྟངས་དང་འབྲེལ་བར་བསྟན་པ་འཛིན་སྐྱོང་སྤེལ་བའི་ཉམས་མྱོང་གི་བཀའ་སློབ་གནད་བསྡུས་གནང་། དེ་རྗེས་༸ཁྲི་འཛིན་སོ་བཞི་པ་གཙོས་སྟོན་འཁོར་རྣམས་དགོན་པའི་དཔེ་མཛོད་ཀྱི་སྡེ་ཚན་ཁག་དང་། གཙུག་ལག་ཁང་། ཐབ་ཚང་། འབུམ་བཞི་སློབ་གྲྭའི་སྨན་གྱི་སྡེ་ཚན་ཁག་གཙོས་དགོན་པའི་ཕྱི་ནང་ཁོར་ཡུག་ལ་འཚམས་གཟིགས་སུ་ཕེབས།

ཕྱི་ཚེས་ ༢༢ ཉིན༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་༸སྨན་རིའི་ཁྲི་འཛིན་མཁན་སློབ་སྟོན་འཁོར་རྣམས་དང་། ༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པ་གཙོས་འདུས་སྡེའི་གྲྭ་མང་བྱིངས་ལ་འདུལ་བའི་གསོ་སྦྱོང་དང་། འདུལ་བའི་ལས་ཆོག བསྙེན་རྫོགས་མའི་སྡོམ་པ་ལེན་ཐབས་བཅས་ཀྱི་ལྗགས་ལུང་དང་སྦྲགས་བཀའ་སློབ་ལམ་སྟོན་གནད་བསྡུས་བཀའ་དྲིན་བསྐྱངས། ཕྱི་ཚེས་ ༢༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་ནས་༸སྨན་རིའི་ཁྲི་འཛིན་གཙོས་འདུས་སྡེ་བྱིངས་ལ་སྒྲིབ་སྦྱོང་མུན་སེལ་སྒྲོན་མ་བྱང་ཆོག་དང་བཅས་པའི་ལྗགས་ལུང་དང་སྦྲགས་འཕོ་ཁྲིད་ཀྱི་གདམས་པ་གནད་བསྡུས་བཀའ་དྲིན་བསྐྱངས།

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་སྤྱན་རྒྱ་སྤོས་མེ་དང་བཅས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ནས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱིས་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་མཛད་པའི་འཕྲིན་ལས་དར་ཞིང་རྒྱས་ལ་བརྟན་པའི་ཆེད་དུ་མནྜལ་སྐུ་གསུང་ཐུགས་རྟེན་དང་། ན་བཟའ་གོས་དྲུག་སོགས་རྟེན་འབྲེལ་ཁྲི་འབུལ་གྱི་མཛད་རིམ་དང་སྦྲགས་ལྷ་སྡེ་མི་མང་བྱིངས་ཀྱིས་མཇལ་དར་མཆོད་རྫས་རྣམས་འདེགས་འབུལ་ཞུས། ཕྱི་ཚེས་ ༢༥ ཉིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་༸སྐྱབས་རྗེ་སྨན་རིའི་་ཁྲི་འཛིན་མཆོག་དང་དཔོན་སློབ་སྟོན་འཁོར་རྣམས་མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་ཚན་ཨ་སུ་ར་ཡི་མཁའ་འགྲོ་སྟག་གདོང་གཙོས་སྔ་ཕྱིར་བལ་ཡུལ་གྱི་གནས་ཆེན་འགའ་ལ་མཇལ་སྐོར་དུ་གདན་འདྲེན་ཞུས།

ཕྱི་ཚེས་ ༢༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་མཆོག་ནས་༧ཁྲི་འཛིན་གཙོ་འཁོར་རྣམས་ཀྱི་གཙོས་འདུས་མང་བྱིངས་ལ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་ལས་འབྲས་བུའི་རྒྱུད་དང་། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་ཀྱི་ཁྲིད་ལུང་དང་ངོ་སྤྲོད་གནད་བསྡུས་བཀའ་དྲིན་བསྐྱངས།

ཕྱི་ཚེས་ ༢༧ ཉིན་༸སྐྱབས་རྗེ་སྨན་རིའི་མཁན་སློབ་སྟོན་འཁོར་རྣམས་ཀྱིས་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེར་གྱེས་ཕྱག་ཞུས་ཤིང་། སྒྲུབ་ཁང་དུ་གསོལ་སྨོན་འཕྲིན་བཅོལ་དང་བཅས་འདུས་མང་ནས་ཕེབས་སྐྱེལ་ཞུས་པ་དང་། བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་བརྒྱུད་རྒྱ་གར་དུ་ཕེབས་ནས་༼གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་༽ལ་གཟིགས་སྐོར་ཕེབས་བསུ་ཞུས་པ་བཅས་མདོར་ན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་གཙོས་༸གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༸ཁྲི་འཛིན་སྟོན་འཁོར་རྣམས་ཀྱི་ཐུགས་དགོངས་ཇི་བཞིན་ཞབས་ཏོག་ལེགས་སྒྲུབ་ཞུས་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༢༧ ཉིན།

(སྤྱིའི་གཟིགས་གྲངས། 83 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
པར་པ། ཁྱུང…
error: རྩོམ་འདི་བདག་དབང་ཅན་ཡིན།