ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་དྲིན་རྗེས་དྲན།

རྩོམ་པ་པོ། དགེ་བཤེས་ལུང་རིག་ཉི་མ།

སུམ་ལྡན་དྲིན་ཅན་བླ་མ་ཡོངས་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་སྐབས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ།

དུས་རབས་ཉི་ཤུའི་མཇུག།
འཆད་རྩོད་རྩོམ་པའི་མཐུས།།
རྒྱལ་གཤེན་བསྟན་པའི་འོད།།
རྒྱལ་ཁམས་ཡོངས་ལ་འཕྲོས།།

ཡོངས་འཛིན་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན།

 བདག་ལ་བཀའ་དྲིན་སུམ་ལྡན་དྲིན་ཅན་རྩ་བའི་བླ་མ་ཡོངས་འཛིན་རིན་པོ་ཆེ་ནི་བསམ་བཞིན་དུ་རིག་འཛིན་རྣམ་སྤྲུལ་བསྟན་དང་འགྲོ་བའི་དོན་དུ་སྐུ་དངོས་སུ་བཞེངས་པར་ངེས་ཏེ། Lop.Sangye Tenzinརྨ་མེད་འདུལ་ཁྲིམས་གཙང་མའི་ཁྲིམས་སྒོར་བཞུགས་ཅིང་རྒྱལ་བ་གཤེན་གྱི་རྒྱལ་བསྟན་སྲིད་པའི་ཉི་མ་སྲིད་པའི་ཁམས་ན་གསལ་བར་མཛད་ཕྱིར། ངན་ངོན་འཚོ་བ་སྐྱ་མོའི་འཕྲང་ལས་མཉེས་པ་གསུམ་གྱི་སྒོ་ནས་བཤེས་གཉེན་ཆེན་མོ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེ་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཞབས་རྡུལ་སྤྱི་བོར་བླངས་ཏེ་མདོ་སྔགས་སེམས་གསུམ་གཙོས་ཐུན་མོང་རིག་གནས་དང་བཅས་པ་འབད་པ་ལྷུར་བཞེས་ཀྱི་འབྲས་བཟང་རྒྱལ་བ་སྨན་རི་བའི་དཔོན་སློབ་གྱི་ཐུགས་ཁུར་བཞེས་པ་དང་། དེ་ནས་བཟུང་སློབ་ཚོགས་ལ་སློབ་ཁྲིད་དང་། དགེ་སྦྱོར་ཉམས་ལེན།  དམིགས་བསལ་གང་གི་སློབ་མ་ཤེས་རབ་བློ་གྲོས་རིན་པོ་ཆེ་གཙང་བཀྲ་ཤིས་སྨན་རིའི་ཁྲི་འཛིན་སོ་གཉིས་གྱི་ཟན་རྟགས་བབས་པ་ནས་བཟུང་དགོན་གྱི་ཐུགས་འགན་ཡང་བཞེས་ནས་བསྟན་དོན་ཁོ་ནར་མཛད་འཕྲིན་བླ་མེད་བསྐྱངས་སོ།།

བཀྲ་ཤིས་སྨན་དགོན་དུས་འགྱུར་ལྟོ་བར་ཐིམ།།
བྱིན་ཅན་ཐུགས་རྟེན་མ་འོངས་བསྟན་འགྲོའི་སླད།།
ལུས་སྲོག་འབེན་བཙུགས་གསང་བའི་གཏེར་དུ་སྦས།།
རི་ལུང་ཆུ་འགྲིམས་མི་ཡུལ་ས་མཐར་ཕེབས།།

མཁན་ཆེན་ཤེས་རབ་བློ་གྲོས་དང་ཡོངས་འཛིན་བསྟན་འཛིན་རྣམ་དག་ཟུང་།༡༩༥༩ ལོར་བལ་ཡུལ་དུ་བཙན་བྱོལ་དུ་ཕེབས་ནས་ཐོག་མར་དབྱིན་ལན་མཐོ་སློབ་དཔོན་རིན་པོ་ཆེ།༢སློབ་དུ་བོན་གྱི་སྐོར་སློབ་ཁྲིད་མཛད་དེ་གཡུང་དྲུང་བོན་གྱི་ཆོས་རིག་གཞན་གྱི་སྐད་ཡིག་ཐོག་འཆད་ཁྲིད་དང་བསྒྱུར་བ་ཐོག་མར་རེད་ཅེས་སྨྲས་ཀྱང་སྤོབས།  དེང་སྐབས་བླ་མ་རེ་འགས་མཚན་སྙན་ལ་རེ་སྟེ་གོ་གནས་མཐོ་དམན་སླད་བང་རྩལ་འགྲན་པ་དང་། རྒྱུ་དངོས་ཁོ་ནར་རྗེས་སྙེགས་པ་ལྟ་བུ་མིན་པར། ཕྱི་རྒྱལ་དུ་རང་དོན་ལྟོ་གོས་གཏམ་གསུམ་མམ་མཚན་སྙན་སྐྱིད་འདོད་རིང་དུ་དོར་ནས་སེམས་དཔའི་མཛད་བཟང་བདག་གིར་བཞེས་ཏེ། ཕྱིར་རྒྱ་གར་དུ་ཕེབས་པ་དང་། བསྟན་འགྲོ་སྤྱི་ཡི་དོན་དུ་སྐུ་ངལ་ཚད་མེད་ཐུགས་འགན་བཞེས་ནས། གཡུང་དྲུང་བོན་ལུགས་འཛིན་མཁན་གནས་སྡོད་བགྱི་ས་རྒྱ་གར་ཧི་མ་ཅལ་མངའ་ཁོངས། གཞིས་ཆགས་གསར་བསྐྲུན་གནང་བ་དེ་ནི་རང་གི་རིང་ལུགས་འཛིན་པའི་ལྷ་སྡེ་མང་སྣེ་ཉུང་གིས་གཞན་དབང་དུ་མ་སོང་བར་ཕན་ཚུན་མཉམ་རུག་ཐོག་འཚོ་གནས་ཐུབ་ཅིང་། ལྟ་སྤྱོད་གོམས་སྲོལ་གཅིག་སྒྲིལ་མི་ཉམས་རྒྱུན་གནས་ཐུབ་པའི་ཐབས་ལམ་ཁྱད་པར་ཅན་དང་། རང་གི་ཆོས་རིག་བདག་དབང་ལོངས་སུ་སྤྱོད་པའི་གོ་སྐབས་སྐྱབས་འཇུག་དབུ་འདྲེན་བཀའ་དྲིན་ཚད་མེད་གནང་བའི་ཐུགས་རྗེས་ད་ཆ་བོན་གཞིས་ཐོབ་རྒྱལ་གསར་པའམ་ཡོངས་གྲགས་བོན་པོའི་གཞིས་ཆགས་ཟེར་བའི་གངས་ཅན་མེས་པོའི་ཆོས་རིག་མི་ཉམས་རྒྱུན་སྐྱོང་གནང་སའི་རྟེན་གཞི་ཞིག་སྟེ་རྗེས་སྐྱེས་གདོང་དམར་ཚོའི་སྐལ་བར་རྨང་གཞི་སྲ་བརྟན་བཙུགས་གནང་བ་འདི་བྱུང་། མ་ཚད་གཡུང་དྲུང་བོན་གྱི་གདན་ས་རྒྱལ་བ་སྨན་རིའི་རིང་ལུགས་དྲི་མེད་རྣམ་དག་མི་ཉམས་འགྲོ་བའི་བདེ་རྩར་ཡུན་གནས་ཆེད་དཔལ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཟན་བརྟག་བསྒྲིལ་ནས། ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་༧ རྒྱལ་བ་སྨན་རིའི་ཁྲི་འཛིན་དུ་མངའ་གསོལ་ནས་བཟུང་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་གཉིས་ཞེས་ཞྭ་དཀར་བོན་བསྟན་ཕྱི་ཕྱོགས་སུ་སྐྱར་གསོའི་མཛད་ཕྲིན་བླ་མེད་དུ་བསྐྱངས་པས། ད་ཆ་གཡུང་དྲུང་བོན་ཞེས་གངས་ཅན་ཕ་མྱེས་ཀྱི་ཆོས་རིག་འདིའི་བྱུང་རབས་ལོ་རྒྱུས་རྣམས་སྤྱིར་དྲྭ་ལམ་སོགས་སུ་གསལ་སྟབས། འོན་པ་མིན་ན་ནང་དོན་ཇི་ཡིན་གསན་ཐུབ་པ་ཞིག་དང་། ལོང་བ་མིན་ན་སྤྱོད་ཚུལ་ཇི་ཞིག་ཡིན་མིན་གཟིགས་ཐུབ་པ་ཞིག་འཛམ་གླིང་ཤེས་རིག་གི་གླེང་སྟེགས་སུ་གདོང་དམར་ཚོའི་ཕ་མྱེས་ཆོས་རིག་གོམས་སྲོལ་བཀའ་དྲིན་རྗེས་བཞག་མཛད་ཡོད་ལ། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་དང་། དེའི་རིང་ལུགས་འཛིན་མཁན་རྣམས་ལ་དེ་བས་ཀྱང་བཀའ་དྲིན་ཚད་མེད་གནང་སྟབས་རང་ཅག་སྐྱབས་འོག་པ་ཚོས་དགའ་ཞིང་སྤྲོ་དགོས་པ་ཞིག་ལོ་རྒྱུས་ཐོག་གལ་ཆེན་ཏུ་གྱུར་ཡོད།

དགུང་གཞོན་དུས་ནས་སྔོན་སྦྱང་ལས་འཕྲོ་སད།།
ངན་ངོན་འཚོ་བ་སྐྱ་མོའི་ལམ་འཕྲང་བརྒལ།།
གྲྭ་སར་འགྲིམས་ནས་མཉེས་གསུམ་བླ་མར་བསྟེན།།
བཅུ་ཕྲག་གནད་ལ་དཔྱད་གསུམ་རིག་པས་བསྒྲིམས།།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཞབས་ལ་གུ་དུན་ཧྲུན།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཞབས་ལ་གུ་དུན་ཧྲུན།

  སྐབས་དེ་ནས་བཟུང་སྐྱར་དུ་དཔོན་སློབ་ཀྱི་ཐུགས་འགན་བཞེས་ནས་བགྲང་བྱ་བཅུ་ཕྲག་ལྷག་ལ་གྲྭ་རྐྱང་གི་ཚུལ་དུ་འཚོ་བ་སྐྱ་མོའི་ལམ་ནས་བསྐྱལ་མཛད་དེ།  ཉིན་ལྟར་མཚན་ཉིད་དང་རིག་གནས་གཙོས་བཀའ་ཡི་འཁོར་ལོས་སློབ་ཚོགས་བཀའ་དྲིན་བླ་མེད་དུ་བསྐྱངས་ནས་སློབ་གཉེར་བ་དང་ལྷན་མཛད་ཕྲིན་དུས་འདས་པར་མཛད། གང་གི་སློབ་མའི་གྲས་སུ་དགེ་བའི་བཤེས་གཉེན་གྱི་མཚན་གནས་བཞེས་པའི་རྒྱལ་ཕྱི་ནང་གཉིས་ལ་རང་བསྟན་ཞབས་འདེགས་ཞུ་མཁན་མང་ཞིག་དག་པ་ཡོད་ལ།  ལྷག་པར་དུ་ངོས་ཀྱི་བསམ་པར་༧སྐྱབས་རྗེ་ཁོང་གི་དངོས་འབྲེལ་དགྱེས་པའི་མཆོད་སྤྲིན་དེ་བྱེས་འབྱོར་དངོས་སློབ་ཐོག་མ་དགེ་བའི་བཤེས་གཉེན་དྲང་སྲོང་གཡུང་དྲུང་ངམ་ཡོངས་གྲགས་ལུང་དཀར་དགེ་སློང་གི་མཛད་འཕྲིན་མིན་ནམ་སྙམ། ཅི་སྟེ་དམ་པ་ཁོང་གིས་བསྟན་དོན་སྙིང་པོ་ལ་དགོངས་ཏེ་ལྷག་བསམ་དཀར་པོས་རང་མོས་ངང་ཧོར་ཡེ་སྟོད་ལུང་དཀར་དགོན་གཤེན་བསྟན་རིན་ཆེན་གླིང་དུ་འཆད་ཉན་གྱི་སྡེ་བཙུགས་ནས་ཁོང་གི་སློབ་མར་གྱུར་པ་དཔལ་གཤེན་བསྟན་སྨན་རི་དང་། ཁྲི་བརྟན་ནོར་བུ་རྩེར་རབ་འབྱམས་དགེ་བའི་བཤེས་གཉེན་སྤུས་ཚད་ལྡན་པ་རྒྱལ་ཕྱི་ནང་གཉིས་སུ་བསྟན་ལ་སྨན་པའི་འཆད་རྩོད་བོན་གྱི་འཁོར་ལོ་བསྐོར་མཁན་མང་པོ་ཐོན་ཡོད།  དེའང་ངེས་པ་དོན་གྱི་བདག་པོ་བཀའ་དྲིན་སུམ་ལྡན་དྲིན་ཅན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་གི་བདུད་རྩི་སྐལ་བཟང་བགོ་སྐལ་དུ་ཐོབ་པ་དང་། མ་ཟད་མཚུངས་མེད་དགེ་རྒན་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་ལམ་བརྩོན་གྲུས་གོང་འཕེལ་རྣམ་པའི་ཐུགས་རྗེའི་བཀའ་དྲིན་ཡིན་པ་མཁྱེན་གསལ་ལྟར། དཔལ་གཤེན་བསྟན་སྨན་རི་དགོན་དུ་འཆད་ཁྲིད་བར་གསེང་ཞིག་ལ་བལ་ཡུལ་དུ་བོན་པོའི་དགོན་པ་ཞིག་ཡོད་ན་ལེགས་པའི་བཀའ་སློབ་གསུངས་པ་ཕྲན་གྱིས་ཐོས་མྱོང་བྱུང་བ་ལྟར། ད་ཆ་དགོན་པ་ཙམ་དུ་མ་ཟད་སློབ་གཉེར་དང་། དགེ་བའི་བཤེས་གཉེན་ལྔ་བཅུའི་གྲངས་ལས་བརྒལ་བ་མ་ཟད་སྒྲུབ་ཐོན་པའང་གང་མང་ཞིག་བྱུང་ཡོད། དེ་ལྟ་བུས་རང་རེའི་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་མཛད་ཕྲིན་སྐྱོང་མཁན་ནི། ད་ལྟའི་བར་དུས་རབས་ཉི་ཤུའི་སྨད་དུ་ཁོང་ལས་ལྷག་པ་མེད་ཅེས་ཚིག་ཐག་ཆོད་པོས་ཞུས་ན་མ་འགྲིགས་པ་མེད།  གང་ལ་ཞུས་ན་ཐོག་མར་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། དེའི་རྗེས་དཔལ་ཁྲི་བརྟན་ནོར་རྩེར་སློབ་ཚོགས་བསྐྱངས་བའི་ནང་ནས་དཔོན་སློབ་ཁྲི་ཐོག་ཕྲིན་ལས་ཉི་མ་རིན་པོ་ཆེ་གཙོས་དངོས་རྒྱུད་སློབ་མ་གང་མང་ཞིག་ད་ཆ་རྒྱལ་ཕྱི་ནང་ཁག་ཏུ་བསྟན་པའི་ཞབས་འདེགས་ཞུས་དང་ཞུ་བཞིན་པ་དེའང་སྐྱབས་རྗེ་ཁོང་གི་ཐུགས་རྗེ་བཀའ་དྲིན་གྱིས་འཚོ་བ་ཡིན།    དགུང་ལོ་དགུ་བཅུར་ཕེབས་ཀྱང་སྐུ་ངལ་འཛེམ་མེད་ཐོག་དུས་ཀུན་རྣམ་དཀར་དགེ་ཕྱོགས་ཁོ་ནའི་མཛད་འཕྲིན་ཏེ། སྔ་དགོང་ཐུན་སྒོམ་ཉམས་ལེན། ཞལ་འདོན་དང་། ཉིན་ལ་འཆད་ཁྲིད།  བར་གསེང་དུས་ཁོམ་གང་ཡིན་ལ་དཔེ་གཟིགས་དང་།  གསུང་རྩོམ་གྱིས་དུས་འདའ་བར་མཛད། དུས་ཀུན་བསྟན་ལ་སྲི་ཞུ་དང་། ཚུལ་ལྡན་དགེ་ལ་སྤྱོད་མཁན་ལ་དགྱེས་ཚོར་དང་། སློབ་ཁྲིད་གང་གི་སྐབས་ལའང་ཐོས་དོན་རྒྱུད་ལ་སྦྱར་ནས་རང་རྒྱུད་བོན་དང་འདྲེས་པ་དང་། མི་ཚེ་དོན་དང་ལྡན་པ་ཐུན་སྒོམ་ཉམས་ལེན་ལ་འཇུག་རྒྱུ། རྣམ་དཀར་དགེ་སྦྱོར་ལ་འབད་དགོས་རྒྱུ་སོགས་གལ་ཆེན་ཡིན་པའི་ཞལ་གདམས་ཡང་ཡང་གསུངས།

རྒྱལ་སྲས་རྣམ་རོལ་གཞན་ཕན་ཉི་མའི་འོད། །
མ་རིག་མུན་སེལ་ཀུན་བཟང་དགོངས་པ་ཤར།།
དུས་རྣམ་ཀུན་ཏུ་འཆད་རྩོད་རྩོམ་ལ་སོགས།།
བཀའ་ཡི་འཁོར་ལོས་གཞན་རྒྱུད་སྨིན་པར་མཛད།།

༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་སྨྲ་བའི་སེང་གེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ།

 དེང་སྐབས་སྙིགས་མའི་དུས་འདིར་རེ་འགས་བསྟན་པ་ལ་ཁ་གཡར་ནས་བཤད་རྒྱུ་སྤྱི་དོན་དང་། དོན་དམ་རང་གི་ལས་དོན་གྱི་ཆེད་དུ་སྤྱོད་མཁན་ལ་བསམ་ཚེ།༧སྐྱབས་རྗེ་ཁོང་གི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་སྤྱི་དོན་དང་བསྟན་པའི་དོན་ཁོ་ནར་བསྐྱངས་ནས་དུས་འདའ་བར་མཛད་པ་ནི་ཨེ་མ་ཧོ། འུ་ཅག་བསམ་ཤེས་ན་སྟོང་གསུམ་གསེར་གྱིས་བཀང་སྟེ་འབུལ་ཡང་བཀའ་དྲིན་གསབ་པར་དཀའོ།། མ་འོངས་བསྟན་འགྲོའི་རྗེས་བཞག་ཏུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་སྙིང་བཅུད་གསལ་བར་བཀྲལ་བའི་གསུང་པོད་བཅོ་ལྔ་ལས་མང་བ་བརྩམས་མཛད་གནང་བ་ལས་རྒྱལ་བསྟན་གསལ་བྱེད་ཀྱི་མཛད་ཕྲིན་ཇི་ཙམ་གནང་མིན་མཁྱེན་ནུས། དེང་གི་དུས་སུ་བསིལ་ལྡན་གངས་རིའི་ཞིང་གི་ཆོས་རིག་གི་ཡང་མེས། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གནད་ཀྱི་མཛོད་ཆེན།  ཐུན་མིན་བོན་གྱི་དཀའ་གནད་མཛོད་ཕུགས་སམ། བོན་གྱི་འཇུག་སྒོ་ཕྱི་ནང་གསལ་བར་བྱེད་པའི་སྙིགས་དུས་གཡུང་དྲུང་བོན་གྱི་བསྟན་པའི་སྒྲོན་མེ་ཡང་ཁོང་ཡིན། ༧གདན་ས་གཙང་བཀྲ་ཤིས་སྨན་རི་དགོན་ནི་གཡུང་དྲུང་བོན་གྱི་གདན་ས་གཙོ་བོ་ཞིག་ཡིན་ལ། དེ་ཉིད་དུས་འགྱུར་གྱི་དབང་གིས་རྩ་གཏོར་དུ་སོང་ཡང་དེའི་སྲོལ་རྒྱུན་དྲི་མེད་རྡོ་ལག་བརྒྱུད་ལྟར་རྒྱུས་མངའ་བྱིན་རླབས་ངོ་བོ་གཅིག་བསྡུས་ལྟར་ཚང་མཁན་ཡང་ད་ལྟ་བཙན་བྱོལ་དུ་༧སྐྱབས་རྗེ་ཁོང་ཡིན། གལ་སྲིད༧སྐྱབས་རྗེ་ཁོང་ལྟ་བུ་བྱེས་སུ་ཞབས་བཅགས་མེད་ཚེ་ད་ཆ་ཕྱི་ཕྱོགས་སུ་གཡུང་དྲུང་བོན་དང་།  དེའི་རིང་ལུགས་པ་ག་འདྲ་ཞིག་གི་གནས་སྟངས་འོག་ལ་ཡོད་མེད་བསྟན་ལ་བཅོས་མིན་གྱི་ལྷག་བསམ་དཀར་པོ་འཆང་མཁན་ཞིག་ཡིན་ན་མཁྱེན་ནུས་།  གངས་ཅན་སྟོད་སྨད་བར་གསུམ་དུ་བཤད་སྒྲུབ་བསྟན་པའི་སྒྲོན་མེ་གང་འཚམས་ཤིག་གསར་དུ་བཙུགས་ཡོད་པ་དེའང་སྐྱབས་རྗེ་རིན་པོ་ཆེའི་ཐུགས་རྗེ་གྲིབ་བསིལ་གྱིས་འཚོ་བཞིན་ཡོད།

བཀའ་དྲིན་འཁོར་ཐབས་མེད་པའི་དྲིན་ཅན་གྱི་བླ་མར།།
ཇི་སྙེད་བརྟན་གཡོ་ཚོགས་རྣམ་གསེར་བཙོ་རུ་འགྱུར་ནས།།
མནྜལ་དག་པའི་ཞིང་དམིགས་མཆོད་པ་རུ་འབུལ་ཡང་།།
ནམ་ཡང་དྲིན་ལན་འཇལ་དཀའ་དྲིན་ཅན་ཁྱེད་དྲན་ནོ།།

     གང་ལྟར་༧སྐྱབས་རྗེ་ཁོང་ལྟ་བུའི་ཤེས་འཇོན་གྱི་ནུས་རྩལ་བསྟན་དོན་ཁོ་ནར་སྐུ་ངལ་བསྐྱོན་ནས་སྐུ་ཚེ་གེགས་མེད་དགུ་བཅུར་ཕེབས་པ་ནི་རང་ཅག་སྐྱབས་འོག་པ་རྣམས་ཀྱིས་བསོད་ནམས་མི་དམན་པ་བསགས་པ་ཡིན། སླད་ནའང་བསྟན་དང་འགྲོ་བའི་དཔལ་དུ་སྐུ་ཚེ་གེགས་མེད་གཡུང་དྲུང་གི་ཁམས་སུ་ཡུན་གནས་ཆེད་བོན་འབངས་ཡོངས་ཀྱིས་དམ་ཚིག་འོ་ཆུ་གཅིག་འདྲེས་དང་སྐུ་ཚེ་ཚེ་སྒྲུབ་འབད་རྒྱུ་སྐྱབས་འོག་པ་བདག་ཚོས་མ་བསྐུལ་འགན་འཁྲི་ཞིག་ཡིན་པ་ནི་ཞུས་མ་དགོས་པ་ཡིན།

ཀུན་ཏུ་འབྲལ་མེད་ཀུན་གྱི་སྐྱབས་གཅིག་པུ། །
འགྲུབ་ལ་མ་བཅོས་ཁྱབ་བདལ་དགོངས་པའི་མཛོད། །
རྒྱལ་བའི་རྣམ་རོལ་ལྔ་བརྒྱའི་བསྟན་པའི་གཙུག།
སྲས་ཁྱེད་ཞབས་པད་ཡུན་དུ་གནས་འགྱུར་ཅིག།

ཉེར་གཅིག་དུས་རབས་གཤེན་བསྟན་སྲིད་པའི་སྒྲོན།།
དུས་རྣམ་ཀུན་དུ་མཁའ་ཡངས་དག་པའི་ཀློང་།།
མི་ནུབ་གསལ་བྱེད་ཡོངས་འཛིན་སྨྲ་བའི་དབང་།།
མི་གཤིགས་གཡུང་དྲུང་ཁྲི་ལ་བརྟན་དུ་གསོལ།།

བདག་ཀྱང་འདི་ནས་བྱང་ཆེན་མ་ཐོབ་བར།།
རྒྱལ་ཀུན་ངོ་བོ་དྲིན་ཅན་བླ་མ་ཡི།།
སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཅི་མངའ་བ།།
མ་ལུས་མྱུར་ཐོབ་ཉིད་དངདབྱེར་མེད་ཤོག།

     ཅེས་ངོས་རང་ཡང་དྲིན་ཅན་བླ་མ་གང་གི་ཐུགས་རྗེའི་གྲིབ་བསིལ་འོག་ལས་དངོས་སུ་གདམས་ངག་ཟབ་མོ་མྱངས་བའི་བགོ་སྐལ་བཟང་པོ་ཐོབ་པ་ནི་བསོད་ནམས་བཟང་པོ་སྔོན་གྱི་ལས་འཕྲོ་མི་དམན་ཙམ་བསགས་པར་ཡིད་ཆེས་རྙེད་པའི་དགའ་བ་དང་བཅས།  སློབ་མའི་གྲལ་མཐར་འཛིན་པ། ཞང་ཞུང་གི་ས་ཡི་ཆར་ལ་དྭགས་སུ་ཁྱུང་གི་རིགས་ལས་ལུས་རྟེན་རྙེད་པ། དགེ་མིང་ཙམ་འཛིན་པ་གྱི་ན་བ་ལུང་རིག་ཉི་མ་ནས་དྲིན་ཅན་བླ་མས་སྤྱིར་བསྟན་དོན་དང་། བྱེ་བྲག་ཏུ་ཕྲན་རྨོངས་ལ་ཤིན་ཏུ་སྐུ་དྲིན་བསྐྱངས་བས་དམིགས་བསལ་གྱི་བརྗོད་མེད་མི་ཤེས་པའི་བཀའ་དྲིན་ཚོར་སྣང་རྒྱུད་ལ་ཤར་སྐབས་རྗེས་དྲན་གྱི་ཚུལ་དུ་༢༠༡༥/༡/༢༥ཉིན་བྲིས།

(སྤྱིའི་གཟིགས་གྲངས། 618 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །ཉིན་འ…
error: རྩོམ་འདི་བདག་དབང་ཅན་ཡིན།